དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་མངའ་རིས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-08-28

    མངའ་རིས་ས་ཁུལ་གྱི་ཤར་རྒྱུད་དགེ་རྒྱས་དང་། སྒེར་རྩེ། མཚོ་ཆེན་བཅས་རྫོང་གསུམ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4600ཡན་ཟིན་པ་དང་། ཡུལ་གྲུ་དེ་དག་ནི་མངའ་རིས་ས་ཁུལ་གྱི་རང་བྱུང་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་དཀའ་ཚེགས་ཧ་ཅང་ཆེ་བའི་ས་ཁུལ་ཡིན་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལྕི་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཀྱང་ཡིན་པ་རེད། ཟླ་8ཚེས་21ནས་23ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གོང་གསལ་རྫོང་གསུམ་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ས་བབ་མཐོ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་ད་ལོར་དུས་བཀག་ལྟར་དབུལ་སྒྲོལ་ཞྭ་འབུད་ཐུབ་རྒྱུར་འགན་ལེན་ཡོང་བའི་ཐད་ལ་བརྟག་ཞིབ་ཀྱང་གནང་བ་རེད།

    དགེ་རྒྱས་རྫོང་འབྲི་གཡག་ཐོན་ལས་རྟེན་གཞིར་ཉེ་འཁོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང“གཉིས་ལུས་སློབ་མ”བསྡུས་ནས་རྟེན་གཞིར་ལས་ཞུགས་ཐུབ་པའི་མི་20ཡོད་པའི་སྐོར་གསན་རྗེས་ཀྲོང་ཡན་ཐུགས་ཧ་ཅང་མཉེས་པོ་བྱུང་། ཁོང་གིས། འབྲི་གཡག་ཐོན་ལས་ནི་རང་ལྗོངས་ཀྱིས་གོང་འཕེལ་ཤུགས་ཆེན་གཏོང་བའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཤིག་ཡིན། ལེགས་ཆ་འདོན་པ་དང་ཞན་ཆ་གསབ་པའི་དབར་གྱི་འབྲེལ་བ་ཐག་གཅོད་གང་ལེགས་བྱས་ཐོག་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་དོན་དངོས་དང་འཚམ་པའི་ཁྲོམ་ར་ཅན་གྱི་དབུལ་སྐྱོར་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་དང་། ཐོན་ལས་རྣམ་གྲངས་དང་ས་གནས་དེ་གའི་མང་ཚོགས་ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་ཐད་ཤུགས་སྣོན། ཐོན་ལས་ཀྱི་རྒྱུན་བསྲིང་འཕེལ་རྒྱས་ལ་སྐུལ་སྤེལ་བཅས་བྱས་ནས་ས་གནས་དེ་གའི་མང་ཚོགས་རྒྱུན་བསྲིང་འབབ་འཕར་ཡོང་བའི་ལམ་བུར་བསྐྱོད་ཐུབ་པར་བྱེད་དགོས་ཞེས་གསུངས།

    སྒེར་རྩེ་རྫོང་འོ་མ་ཤང་འཆམ་གུག་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཉི་མ་དོན་གྲུབ་ཀྱིས་གྲོང་ཚོའི་སྣེ་ཁྲིད་ནས“མ་རྐང་འཇོག་པ་བཞི”དང“གཅིག་གྱུར་དྲུག”ལ་བརྟེན་ཏེ་བོད་ཀྱི་འབྲོག་ཁུལ་སྒྱུར་བཅོས་ཀྱི་དཔེ་མཚོན་དུ་གྱུར། ཁོང་རང་ཉིད་ལའང་ན་ནིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“སྒྱུར་བཅོས་ཀྱི་གདོང་ལེན་པའི”མཚན་སྙན་གནང་ཡོད། བརྟག་ཞིབ་ཚོགས་ཆུང་དང་བཅས་པ་འཆམ་གུག་གྲོང་ཚོར་འབྱོར་སྐབས་མཚན་མོའི་ཆུ་ཚོད་10པ་ཟིན་པས་རླུང་བུ་ལྡང་བ་དང་གྲང་ཟུག་ཆེ། ཉི་མ་དོན་གྲུབ་ཀྱིས་གྲོང་ཚོའི་ནང་འཁྱག་མཛོད་བསྐྲུན་ནས་དབྱར་དུས་ཀྱི་ཚགས་ཤ་འཚོང་བའི་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་ཁར་རྣམ་གྲངས་བསྐྲུན་ཚར་ན་ཕན་འབྲས་དང་མདུན་ལམ་ཡག་ཙམ་ཡོད་པའི་སྐོར་ངོ་སྤྲོད་ཀྱང་ཞུས་པ་རེད།

    ཀྲོང་ཡན་གྱིས་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་བ་དང་ཁོང་གིས། གཞི་རིམ་གྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་འགག་རྩ་ནི་སྣེ་ཁྲིད་པར་རག་ལས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཏང་ཀྲི་པུའི་འཐབ་འཛིང་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་པ། མང་ཚོགས་དབུལ་པོ་སྔར་བས་མང་བའི་སྣེ་ཁྲིད་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བཅས་བྱེད་དགོས། ནོར་ལུག་གི་ཤའི་འཁྱག་མཛོད་ནི་མི་སེར་གྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་མ་གཏོང་ཐུབ་པའི་རྣམ་གྲངས་ཡག་པོ་ཡིན་པས་གནས་སྐབས་ལ་གཞི་འཛུགས་པ་དང་ཕུགས་ལ་དམིགས་ནས་གང་མྱུར་འཁྱག་མཛོད་བསྐྲུན་པ་དང་གང་མྱུར་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་དགོས་ཞེས་གསུངས།

    སྒེར་རྩེ་རྫོང་དབུལ་སྐྱོར་གནས་སྤོས་བྱ་ཡུལ་གྱི་སྡོད་ཁང་གསར་པར་མང་ཚོགས་དབུལ་པོས་རང་འགུལ་ངང་བཙུགས་པའི་ཁྱིམ་ལས་ཞབས་ཞུ་ཚོགས་པར་2017ལོར་མ་དངུལ་སྒོར་1000ཙམ་ལས་མེད་ཀྱང་2018ལོར་ཡོང་འབབ་སྒོར་ཁྲི་8ཟིན་པ་དང་བུད་མེད་12ལས་ཞུགས་ཐུབ་ཡོད། ཀྲོང་ཡན་གྱིས་གནས་ཚུལ་དེ་དག་མཁྱེན་རྗེས་དགྱེས་ཚོར་ཆེན་པོ་བྱུང་བ་དང་ཁོང་གིས། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་ཐག་ཉེ་ས་དང་སྟབས་བདེ་ས། དེ་བཞིན་རང་ས་རང་ཡུལ་ནས་འབྲལ་མི་དགོས་པ། སྒྲུབ་ཤེས་པ་དང་སྒྲུབ་ཐུབ་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། དོན་དངོས་ལ་གཞི་ཚུགས་ནས་ཐབས་བརྒྱ་ཇུས་སྟོང་ངང་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་ཀྱིས་མང་ཚོགས་སྤོ་ཐུབ་པ་དང་། གནས་ཐུབ་པ། ལས་ཞུགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།

    མཚོ་ཆེན་རྫོང་དུ་བརྟག་ཞིབ་གནང་སྐབས། ཀྲོང་ཡན་གྱིས་ཆེད་མངགས་རྫོང་གྲོང་གི་གློག་ཁང་ཆུང་གྲས་བསྐྲུན་ཚུལ་ལ་མཁྱེན་རྟོགས་གནང་བ་དང་། འབྲེལ་ཡོད་སྙན་སེང་གསན་རྗེས་ཀྲོང་ཡན་གྱིས། གྲོང་གསེབ་གློག་དྲ་འཛུགས་སྐྲུན་ནི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པས་ངེས་པར་དུ་འཆར་འགོད་ཞིབ་ཚགས་དང་དོན་འཁྱོལ་ལ་དམ་འཛིན་བྱས་ནས་མངའ་རིས་གློག་དྲ་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭ་གང་མགྱོགས་བསྐྲུན་ཏེ་སྔ་ཙམ་ནས་མི་སེར་ལ་གློག་རིན་ཁེ་པོ་དང་བློ་བདེ་པོའི་ངང་གློག་བརྟན་པོ་སྤྱོད་ཐུབ་པའི་བརྩོན་ལེན་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

    མངའ་རིས་སུ་བརྟག་ཞིབ་གནང་རིང་། ཀྲོང་ཡན་གྲོང་ལྷན་དུ་ཐེངས་མང་ཕེབས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་དམངས་ཕན་ཞབས་ཞུའི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་མ་ཟད། གཙོ་གནད་ལས་གྲྭ་འཛུགས་སྐྲུན་དང་སློབ་གྲྭའི་བཟའ་བཅའི་བདེ་འཇགས་དང་དེ་བཞིན་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་ཀྱང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།