དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ནག་ཆུར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-08-27

    ཚེས་23ནས་25ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཉིན་མཚན་བལྟོས་མེད་ངང་རླངས་འཁོར་ལ་བཞུགས་ཏེ་སྤྱི་ལེ་2000སར་ཡོད་པའི་ནག་ཆུ་གྲོང་ཁྱེར་གྱི་ཉི་མ་རྫོང་དང་། མཚོ་གཉིས་རྫོང་། ཤན་རྩ་རྫོང་སོགས་ས་བབ་མཐོ་བའི་རྫོང་དང་ཆུས་སུ་དབུལ་སྒྲོལ་འགག་སྒྲོལ་གྱི་ཐོན་ལས་འཛུགས་སྐྱོང་དང་། ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས། འོས་འགན་སློབ་གསོ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བར་བསྐྱོད་པ་རེད།

    ནག་ཆུ་གྲོང་ཁྱེར་ནི་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོའི་གྲས་ཤིག་ཡིན་པ་དང་འདི་ལོ་རྫོང་5ཡི་དབུལ་ཞྭ་ཕུད་དེ་གྲོང་ཚོ་དང་གྲོང་ལྷན་369དང་མི་ཁྲི་3.92དབུལ་པོ་ལས་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན་པས་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལས་འགན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད་པ་རེད། ཉི་མ་རྫོང་གི་དབུལ་སྐྱོར་ཕྱོགས་བསྡུས་དངོས་ཚན་འཛུགས་སྐྲུན་དང་ཤན་རྩ་རྫོང་གི་ཐོན་ལས་མཉམ་སྡེབ་རྣམ་གྲངས་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་སྐབས་ཀྲོང་ཡན་གྱིས། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་ང་ཚོར་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་འདི་ལོའི་ལོ་མཇུག་ཏུ་དབུལ་པོ་དབུལ་རྐྱང་རྩ་བ་ནས་མེད་པར་བཟོ་རྒྱུ་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་རྔམ་བརྗིད་ལྡན་པའི་དམ་བཅའ་ཡིན་པས་ངེས་པར་དུ་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་དགོས། ཐོན་ལས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་། ཕན་འབྲས་ལེགས་པ་དང་སྣེ་ཁྲིད་ནུས་པ་ཆེ་བའི་དབུལ་སྐྱོར་ཐོན་ལས་སྐྱེད་སྲིང་བྱེད་པ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་པོའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཁག་ལེགས་གྲུབ་བྱ་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་ཀྱི་ཚོད་ལྟའི་ཁུལ་མཚོ་གཉིས་རྫོང་ཡག་ཆུ་ཤང་དབྱི་ནག་སྲུབ་གྲོང་ཚོ། འདི་ལོའི་ལོ་མཇུག་གོང་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་སྲིན་པོ་རི་གྲོང་ཚོར་སྤྱི་ཡོངས་གནས་སྤོས་བྱེད་རྒྱུ་ཡིན་ཞིང་། ཀྲོང་ཡན་གྱིས་དབྱི་ནག་སྲུབ་གྲོང་ཚོའི་གྲོང་མིའི་གཏམ་བཤད་ཉན་རྗེས། ཁོ་ཚོའི་གཏམ་བཤད་ཁྲོད་བཏོན་པའི་དོགས་གནད་མཐའ་དག་ལ་རེ་རེ་བཞིན་ལ་ལན་བསྐྱོན་པ་རེད། ཁོང་གིས་ས་བབ་མཐོ་བའི་གནས་སྤོས་ཚོད་ལྟའི་ལས་དོན་གྱིས་དོན་དངོས་ལ་གཞི་ཚུགས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དང་ཐག་ཉེ་ས་དང་སྟབས་བདེ་ས་དང་། ཕ་ཡུལ་ནས་འབྲལ་མི་དགོས་པ། བྱེད་ཤེས་པ་དང་འཇོན་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་མི་འབོར་གཞི་ཁྱོན་འོས་འཚམ་གྱི་གཅིག་སྡུད་ལ་སྐུལ་འདེད་ཧུར་ཐག་དང་བརྟན་པོ་གཏོང་དགོས་པ་དང་། ལས་རིགས་རྩལ་ནུས་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རྗེས་མཐུད་ཀྱི་འཕེལ་རྒྱས་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ལས་ཞུགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་འགན་ལེན་བྱེད་དགོས་པ། གནད་སྨིན་ལ་གཞོལ་ཏེ“མི་ལ་བསྟུན་ནས་སྲིད་ཇུས་བཟོ་བར”ནན་པོ་གཞིགས་ནས་ས་བབ་མཐོ་བའི་ས་ཁུལ་གྱི་མང་ཚོགས་གནས་སྤོས་རྗེས་ཀྱི་སྲིད་ཇུས་ལེ་ལག་དོན་འཁྱོལ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཁོ་ཚོར་སེམས་ཁྲལ་མེད་པའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།

    ཀྲོང་ཡན་གྱིས་ད་དུང་བྱང་རྩྭ་ཐང་དུ་སྲོག་ཆགས་དང་རྩི་ཤིང་གི་སྲུང་སྐྱོང་ལས་དོན་སྤེལ་ཚུལ་ལ་གཟིགས་ཞིབ་གནང་བར་ཕེབས་ཤིང་། བུ་རོགས་སྒང་འཁྱགས་རོམ་ནི་འཛམ་གླིང་གི་ལྷོ་སྣེ་དང་བྱང་སྣེ་ཕུད་པའི་སྐམ་སའི་འཁྱགས་རོམ་ཆེ་ཤོས་རེད། ཚེས་24ཉིན་གྱི་ཕྱི་དྲོར། ཀྲོང་ཡན་གྱིས་ཁ་བ་བུ་ཡུག་ལ་མ་འཛེམས་པར་ས་བབ་མཐོ་ཚད་སྨི་6000ལྷག་ཙམ་གྱི་འཁྱགས་རོམ་གྱི་ཟུར་ཞིག་ཏུ་འཛེགས་ནས་འཁྱགས་རོམ་གྱི་འགྱུར་ལྡོག་འགྲོ་ཚུལ་ལ་གཟིགས་པ་མ་ཟད། འཁྱགས་རོམ་སྲུང་སྐྱོང་ལས་དོན་གྱི་སྙན་སེང་ཡང་གསན་པ་རེད།

    ནག་ཆུར་བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་ད་དུང་དབུལ་སྒྲོལ་འགག་སྒྲོལ་སྐོར་གཟིགས་ཀྱི་ཚུར་ལན་གནད་དོན་དག་ཐེར་དང་། དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་། སློབ་གྲྭའི་བཟའ་བཅའི་བདེ་འཇགས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།