དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ནག་ཆུར་དབུལ་སྒྲོལ་འགག་སྒྲོལ་གྱི་སྐོར་གཟིགས་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-08-03

    ཟླ་7ཚེས་31ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཀྲོང་ཡན་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་ཐོན་ལས་དབུལ་སྐྱོར་མཉམ་ལས་ཁང་དང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ཨར་ལས་བྱ་ཡུལ། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོའི་ཁྱིམ་བཅས་ལ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་སྐོར་གཟིགས་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་ལ་ས་ཆ་དངོས་སུ་གཟིགས་ཞིབ་གནང་བ་རེད།

    ཀྲོང་ཡན་ནག་ཆུ་གྲོང་རྡལ་གྱི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་བོད་བྱང་ཐང་གི་འབྲོག་པའི་ཞོ་ཁང་དུ་ཕེབས་ནས་དཀར་ཆུའི་ཐོན་ཁུངས་དང་། ཐོན་སྐྱེད་ལས་སྣོན། ཚོང་གཉེར་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། རྣམ་གྲངས་ནང་མཐོ་སློབ་ཐོན་པའི་སློབ་མ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མང་ཚོགས་ལས་ཞུགས་ཧུར་ཐག་ཐུབ་པ་མ་ཟད། ནག་ཆུ་གྲོང་རྡལ་གྱི་གྲོང་ཚོ་21གི་སྣེ་འཁྲིད་དེ“གྲོང་ཚོ་རེར་མཉམ་ལས་ཁང་རེ”ཡོད་པའི་ཐོག་ནས་མང་ཚོགས་དུད་ཚང་519ཡི་མི་གྲངས་1767ལས་ཞུགས་ཐུབ་པ་མཁྱེན་རྟོགས་བྱུང་སྐབས་ཀྲོང་ཡན་ཐུགས་ཧ་ཅང་མཉེས་པོ་བྱུང་ཞིང་། ཁོང་གིས་ནག་ཆུ་གྲོང་རྡལ་གྱིས“དབུལ་སྐྱོར་ཀུང་སི་དང་།

    མཉམ་ལས་ཁང་། དུད་ཚང་དབུལ་པོ”བཅས་ཟུང་དུ་འབྲེལ་བའི་ཐོན་ལས་དབུལ་སྐྱོར་གྱི་འཕེལ་རྒྱས་བྱ་ཐབས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ལག་ལེན་ཁྲོད་དུ་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་། ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས། ཕ་ཡུལ་དང་རང་ས་ནས་ཁ་མི་འབྲལ་བ། སྒྲུབ་ཤེས་པ་དང་སྒྲུབ་ཐུབ་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་གྱི་བྱེད་ཐབས་ལ་ཁས་ལེན་གང་ལེགས་གནང་བ་རེད།

    ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་ཀྱི་ཨར་ལས་བྱ་ཡུལ་དུ་ཀྲོང་ཡན་གྱིས་ལས་གྲྭའི་འཕེལ་རིམ་དང་། ལས་གྲྭའི་སྤུས་ཚད། དེ་བཞིན་ཡུལ་དངོས་ཀྱི་ཨར་ལས་དོ་དམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གལ་ཆེའི་ནང་གི་འགངས་ཆེ་ཡིན། དུས་ཚོད་དང་མཚམས་ཚིགས་གཞིར་བཟུང་ལས་དུས་ལུགས་མཐུན་བཀོད་སྒྲིག་དང་། ཨར་ལས་ཀྱི་འཕེལ་རིམ་མགྱོགས་སུ་གཏོང་བ། སྤུས་ཚད་མཐོ་བ་དང་ལས་ཕྱོད་ཆེ་བའི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་ནན་སྲུང་དང་། བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་ཚགས་ཚུད་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ་བཅས་བྱེད་དགོས། སྤུས་ཚད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ལས་གྲྭའི་ཚད་གཞི་ནན་དུ་བཏང་ནས། ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་པའི་ལས་གྲྭ་སྤུས་ལེགས་ཞིག་བསྐྲུན་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་དུས་རབས་གསར་པ་ནི་འབད་འཐབ་ཀྱི་དུས་རབས་ཤིག་ཡིན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཐོག ཧེ་བག་འཚོལ་བ་དང་དོན་འཁྱོལ་དམ་འཛིན་བྱས་ཏེ་སྐོར་གཟིགས་དག་ཐེར་དེ་ཉིད་གྲོང་གསེབ་དར་རྒྱས་དང་ཕན་ཚུན་ཟུང་འབྲེལ་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་དང་ཟུང་འབྲེལ་གྱིས། ཐབས་བརྒྱ་ཇུས་སྟོང་ངང་གནས་སྤོ་བྱས་པའི་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་། རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ལས་ཞུགས་བརྟན་པོ་ཐུབ་རྒྱུ་དང་། རྒྱུན་མཐུད་འབབ་འཕར་ཧུར་ཐག་ཡོང་བ། དེ་བཞིན་དབུལ་པོ་ངོ་མ་དབུལ་སྐྱོར་ཐུབ་པ་དང་། དངོས་སུ་དབུལ་སྐྱོར་ཐུབ་པ། དབུལ་སྒྲོལ་ངོ་མ་ཐུབ་པ་བཅས་བྱས་ཐོག མང་ཚོགས་དབུལ་པོའི་ས་ཞིང་དང་ཕྱུགས་རིགས་སོགས་ཐོན་སྐྱེད་རྒྱུ་ཆ་མཉམ་ལས་ཁང་གི་མ་རྐང་ནང་བཅུག་པ་དང་། ཐོན་ཁུངས་མ་རྩར་གྱུར་པ་དང་། མ་དངུལ་རྐང་དངུལ་དུ་གྱུར་པ། ཞིང་པ་རྐང་བདག་ལ་གྱུར་པ་བཅས་ཀྱི་ཁྲིད་སྟོན་བྱེད་པ་དང་། མཉམ་ལས་ཁང་གིས་གཅིག་གྱུར་གཉེར་སྐྱོང་དང་དོ་དམ་བྱས་ནས་མ་རྐང་ནང་ཞུགས་པའི་ཞིང་དུད་ལ་ཡོང་འབབ་བགོ་བཤའ་རྒྱག་པ་བརྒྱུད་ཡོང་འབབ་མུ་མཐུད་འཕར་སྣོན་ཡོང་བ་བྱས་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་དངོས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།