དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་འགའ་ཞིག་གི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2019-08-01

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཉིས་པ་འཚོགས་རིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་བཞུགས་གནང་བའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་འགའ་ཞིག་གི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་དགོས་པར་གཙོ་གནད་ཐོག་དམིགས་ཏེ། རང་ལྗོངས་ཀྱི་སློབ་གསོའི་འཐབ་ཕྱོགས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འགོ་ཡང་གསན་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་དབྱང་ཤིས་ཅུན་དང་། དབྱང་ཧྥ་ཅུས། ཐང་སུའུ་ཧྥང་། བསོད་དབང་། བསོད་ནམས་སྒྲོལ་དཀར། ཟླ་སྒྲོན། དཀོན་མཆོག་དབང་མོ། ཅེ་ཧྲེང་ཧུའུ། ཝང་མོང་ཡུན། མོའུ་ཅོན། བསོད་ཕུན་སོགས་འཐུས་མི་ཚོས་འགན་སྒྲུབ་ཀྱི་ལག་ལེན་དང་མང་ཚོགས་ཀྱི་རེ་སྒུག་དང་ཟུང་འབྲེལ་བྱས་ཏེ་བྱིས་པའི་སློབ་གསོ་དང་། ལས་རིགས་སློབ་གསོ། “འགན་ལེན་གསུམ”གྱི་སྲིད་ཇུས། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་གཏོང་། འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་སོགས་ལ་དམིགས་ནས་བསམ་འཆར་དང་གྲོས་འགོ་གཅིག་རྗེས་གཉིས་མཐུད་ངང་བཏོན་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་ནན་ཏན་ངང་གསན་ཞོར་དུ་ཁོང་ཚོ་དང་སྤེལ་རེས་གཏིང་ཟབ་ཀྱང་གནང་སྟེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ལྷན་དང་ལས་དོན་ཨུ་ལྷན་ལ་ཕྱོགས་སྡོམ་གནང་མཁན་འཐུས་མིས་བཏོན་པའི་གནས་ཚུལ་དང་གྲོས་འགོར་གསེད་བཀྲོལ་ནན་ཏན་བྱས་ཏེ།  རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་ལ་དུས་ཐོག་ཏུ་ཞིབ་འཇུག་གིས་བསྒྲུབ་རྒྱུར་རྩིས་སྤྲད་ནས་རྗེས་སྙེག་ལ་ཤུགས་སྣོན་དང་དོན་འཁྱོལ་ལ་ལྟ་སྐུལ་བྱས་ཏེ་འཐུས་མི་ཚོར་བློ་ཡིད་ཚིམ་པའི་བརྡ་ལན་ཞིག་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་དང་། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱས་ཏེ་ལག་ལེན་དངོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་ལྷག་བསམ་ཟོལ་མེད་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཐབས་འདོན་ཇུས་འདོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མང་ཚོགས་ཀྱི་བསམ་ཚུལ་རྒྱ་ཁྱབ་ཏུ་ཉན་པ། མང་ཚོགས་ཀྱི་བསམ་འཆར་དངོས་འབྲེལ་མཚོན་པར་བྱེད་པ། ལྷག་བསམ་རྣམ་དག་ངང་ཏང་གི་སེམས་ཁྲལ་སེལ་བ། བློ་དཀར་སེམས་དཀར་གྱིས་དམངས་ཀྱི་ཆེད་དུ་ལས་འགན་སྒྲུབ་པ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་མཐུན་སྒྲིལ་ཡར་ཐོན་གྱི་འཛད་མེད་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་རྐང་འཛིན་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་དང་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་མཐའ་འཁྱོངས་ཀྱིས་སློབ་མ་རྣམས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཞིག་ལ་དངོས་འབྲེལ་གསོ་སྐྱོང་བྱེད་པར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་བཤད་གནང་བ་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།