དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་བཅུ་གཉིས་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-31

    ཚེས་29ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཉིས་པ་ལྷ་སར་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། བསྟན་འཛིན་རྣམ་རྒྱལ། འོད་ཟེར་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།

    ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱུང་རྗེས། ཚོཌ་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་ཚོཌ་འདུའི་ཐོག་རང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོཌ་དང་དེའི་རྒྱུན་ལས་ཨུ་ལྷན་ལས་དོན་ལ་བཏོན་པའི་བཀོད་སྒྲིག་དང་བླང་བྱ་བརྒྱུད་བསྒྲཌ་བྱས་པ་རེད།

    ཚོགས་འདུའི་ཐོག་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་འཇོན་ནུས་ཆེ་ཤོས་ལ་བརྩི་བ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་བྱས་ཏེ། ཏང་གི་ལམ་ཕྱོགས་མཛད་ཕྱོགས་སྲིད་ཇུས་དང་འཐབ་ཇུས་བཀོད་སྒྲིག་རང་ལྗོངས་སུ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགན་ལེན་བྱེད་དགོས། རང་རྟོགས་ངང་རིམ་མཚུངས་ཏང་ཨུད་ཀྱི་འགོ་ཁྲིད་དང་ལེན་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དོན་ཆེན་གསུམ་ལ་དམ་པོར་དམིགས་ནས་ཁྲིམས་བཞིན་རང་འགན་གཙང་སྒྲུབ་ཀྱིས་ཏང་གི་འགོ་ཁྲིད་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཏན་ཏིག་ཁྱབ་པ་བྱེད་དགོས། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོ་ལངས་བ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁྲོད་མི་དམངས་ཀྱི་ཁེ་ཕན་དང་རེ་འདུན་དེ་བས་ལེགས་པའི་ངང་མཚོན་པར་བྱས་ཏེ་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་དགོས། འོག་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་འབྲེལ་བ་བྱེད་པ་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ལ་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྒྱུར་བཅོས་འགག་སྒྲོལ་གྱི་ལས་འགན་བསྒྲུབ་རྒྱུར་འདེགས་སྐྱོར་དེ་བས་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་མི་དོན་བསྐོ་འཐེན་དོན་གནད་སྐོར་ལ་གསལ་བཤད་བྱས་པ་དང་། ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཁྱབ་གདལ་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བཅོས་འཆར་ཟིན(མ་ཟིན)8སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གསལ་བཤད་གསན་པ་རེད།

    ཚོགས་འདུའི་ཐོག《ལྷོ་ཁ་གྲོང་ཁྱེར་ཡར་འབྲོག་གཡུ་མཚོའི་སྲུང་སྐྱོང་སྲོལ་ཡིག》དང《ལྷོ་ཁ་གྲོང་ཁྱེར་གྱི་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ལག་བསྟར་སྲོལ་ཡིག་》སྐོར་གྱི་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གསལ་བཤད་གསན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ལྷན་གྱིས་ཁྲིམས་སྲོལ་དེ་གཉིས་སྐོར་གྱི་ཞིབ་བཤེར་སྙན་ཞུ་བྱས་པ་དང་འབྲེལ། ད་ཐེངས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་བཤེར་བྱས་རྗེས་ཆོག་མཆན་སྤྲོད་རྒྱུར་འབུལ་རྒྱུའི་གྲོས་འགོ་བཏོན་པ་རེད།

    ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་2018ལོའི་ནོར་སྲིད་ངེས་རྩིས(འཆར་ཟིན)དང་། 2019ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་སྒྲོན་གསན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་ཨུ་ལྷན་གྱིས་སྙན་སྒྲོན་དེ་གཉིས་ལ་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ་བྱས་པ་དང་འབྲེལ་ད་ཐེངས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་བཤེར་བྱས་རྗེས་ཆོག་མཆན་སྤྲོད་རྒྱུར་འབུལ་རྒྱུའི་གྲོས་འགོ་བཏོན་པ་རེད།

    ཚོགས་འདུའི་ཐོག་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་སྒྲོན་གསན་པ་དང་། “ལག་བསྟར་དཀའ་བ་སྤྱིར་ན་ཐག་གཅོད་བྱེད་པའི”ལས་ཀའི་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྙན་སྒྲོན་གསན་པ་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་སྤྱི་ཕན་གཏུགས་བཤེར་ལས་དོན་སྤེལ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་སྙན་སྒྲོན་སོགས་གསན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།