དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་དུ་བཟའ་བཅའི་བདེ་འཇགས་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-31

    ཚེས་29ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་བཟའ་བཅའ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཀྲོང་ཡན་གྱིས“བརྡ་ཐོ་མི་གཏོང་བ་དང་། བརྡ་ལན་མི་སྤྲོད་པ། སྙན་སེང་མི་ཉན་པ། ཕེབས་རོགས་དང་སྣེ་ལེན་ཞུ་མཁན་མི་དགོས་པ། ཐད་ཀར་གཞི་རིམ་དུ་སྐྱོད་པ་དང་ཐད་ཀར་ཡུལ་དངོས་སུ་སྐྱོད་པའི”བྱ་ཐབས་སྤྱད་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་གི་བཟའ་བཏུང་ཁེ་ལས་ཁག་གཅིག་དང་། ཞིང་ཞོར་ཉོ་ཚོང་ཁྲོམ་ར། ཁྲེང་ཀོན་ཆུས་སྤྱི་ཚོགས་ཕན་བདེ་ཁང་གི་ཟ་ཁང་དང་བཟའ་བཅའ་ཐོན་སྐྱེད་ཁེ་ལས་སུ་བརྟག་ཞིབ་གནང་བར་ཕེབས་ཡོད།

    ཞོགས་པ་སྔ་པོ་ནས་ཀྲོང་ཡན་དང་བཅས་པ་རླངས་འཁོར་ལ་ཞུགས་ནས་ཚལ་གུང་ཐང་ཤང་གི་ཚོགས་ཆུང་གསུམ་པར་ཕེབས་ཏེ་ལམ་རྒྱུད་ཀྱི་ཚོང་ཁང་དང་། ཇ་ཁང་། མོག་མོག་ཚོང་ཁང་། ཞོར་ཟས་ཚོང་ཁང་སོགས་ཀྱི་བཟའ་བཅའ་བཟོ་སྟངས་ཚད་ལྡན་ཡོད་མེད་དང་།

    བཟོ་ཚོང་ཁུལ་གྱི་ཁོར་ཡུག་གཙང་སྦྲ། ཁྲོམ་རའི་ལྟ་འདོམས་སྡེ་ཚན་གྱི་ཟུར་འཐེན་ཞིབ་བཤེར་སོགས་ཀྱི་གནས་ཚུལ་ཐད་གཙོ་གནད་གཟིགས་ཞིབ་གནང་ཡོད། ཇ་ཁང་དང་མོག་མོག་ཚོང་ཁང་དུ་ཀྲོང་ཡན་ཐབ་ཚང་ནང་ཕེབས་ནས་རྒྱུ་ཆར་གཟིགས་པ་དང་། འཐེན་ཁུངས་བཀའ་འདྲི། དུས་ཚོད་ལ་གཟིགས་པ་སོགས་གནང་ཡོད། ཁོང་གིས་ཇ་མངར་མོ་དང་། བུལ་ཐུག མོག་མོག་སོགས་སྲོལ་རྒྱུན་གྱི་བཟའ་བཅར་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་ལ་དེ་དག་མི་སེར་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད། འབྲེལ་ཡོད་ཕྱོགས་ཁག་གིས་ངེས་པར་དུ་བཟའ་བཅའི་བདེ་འཇགས་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་བརྒྱུད་རིམ་ཧྲིལ་པོའི་བཟའ་བཅའི་བདེ་འཇགས་ལས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་། དོ་དམ། ཚོད་འཛིན་བཅས་ནན་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་ཐོབ་ཚོར་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    ཁྲེང་ཀོན་ཆུས་སྤྱི་ཚོགས་ཕན་བདེ་ཁང་གི་ཟ་ཁང་ནང་རྒན་རྒོན་འགའ་ཤས་མཉམ་དུ་ཇ་མངར་མོ་འཐུང་བཞིན་ཡོད་པ་དང་། ཀྲོང་ཡན་དེ་གར་ཕེབས་ནས་ཅི་འཕྲོས་མོལ་འཕྲོས་གནང་སྟེ“འདི་གར་གང་འདྲ་འདུག་གམ། ལྟོ་ཆས་ཞིམ་པོ་འདུག་གམ། གཙང་སྦྲ་གང་འདྲ་འདུག་གམ”ཞེས་བཀའ་འདྲི་གནང་སྐབས་ལོ་69ལ་སླེབས་པའི་རྒན་རྒོན་སྐྲ་བཟང་གིས“འདི་གར་བསྡད་ན་ལྟོ་ཞིམ་པའི་ཁར་གཉིད་ཀྱང་སྐྱིད་པོ་ཁུག་གི་འདུག ང་འདིར་བསྡད་ནས་ལོ་བརྒྱད་འགྲོ་གི་འདུག རྩ་བ་ནས་ན་མྱོང་མེད”ཅེས་ཞུས་པ་གསན་རྗེས་ཀྲོང་ཡན་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཟའ་བཅའི་བདེ་འཇགས་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་བ་མ་ཟད། ལྷག་པར་དུ་སློབ་གྲྭ་དང་། ཁེ་ལས། ལས་ཁུངས་སོགས་ཀྱི་གཅིག་སྡུད་ཟ་ཁང་གི་བཟའ་བཅའི་བདེ་འཇགས་འགན་ལེན་ཐད་བླང་བྱ་ཁ་གསལ་བཏོན་ཡོད། ཁྱེད་ཚོར་འདི་ནས་བདེ་ཐང་ལ་ཕན་པ་དང་བློ་བདེའི་ལྟོ་ཆས་ཟ་རྒྱུ་ཡོང་བའི་རེ་བ་ཡོད་ལ་ཁྱེད་རྣམས་ཚེ་རིང་ནད་མེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཀྲོང་ཡན་ད་དུང་བོད་ལྗོངས་ཧུའེ་ཆོན་ཁེ་ལས་ཚད་ཡོད་ཀུང་སི་དང་བོད་ལྗོངས་ས་གཙང་དཀར་ཆུ་ཚད་ཡོད་ཀུང་སིར་ཕེབས་ནས་ཡུལ་དངོས་སུ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།

    བརྟག་ཞིབ་གནང་རིང་ཀྲོང་ཡན་གྱིས་ཟས་ནི་མི་ཡི་འཚོ་རྟེན་ཡིན། བཟའ་བཅའི་བདེ་འཇགས་སྔོན་དུ་འཇོག བཟའ་བཅའི་བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་འབྲེལ་བ་ཡོད་པའི་དོན་ཆེན་ཨང་དང་པོ་རེད། ལྗོངས་ཡོངས་ཀྱི་རིམ་ཁག་བཟའ་བཅའི་བདེ་འཇགས་ལྟ་འདོམས་སྡེ་ཚན་གྱིས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་ནས་བཟའ་བཅའི་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་གཟུགས་པོའི་བདེ་ཐང་འགན་ལེན་ཏན་ཏིག་བྱ་རྒྱུ་དེ་ཐོག་མའི་བསམ་འདུན་དང་འགན་འཁྲི་སྒྲུབ་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཏུ་བརྩི་བ་དང་། བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་འཛིན་ལྟ་འདོམས་འདི་ཉིད་འགག་སྒྲོལ་དམག་འཐབ་དང་ཡུན་རིང་གི་དམག་འཐབ་ཏུ་བརྩིས་ནས་གཙོ་གནད་དམ་འཛིན་དང་། འགག་རྩ་དམ་འཛིན། ཉམས་ཞན་ལྷུ་ཚིགས་དམ་འཛིན་བཅས་ཀྱི་སྒོ་ནས་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།