དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་གྱི་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-27

    ཚེས་24ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་གྱིས་སྔ་རྗེས་སུ་འབྲས་སྤུངས་དགོན་དང་། སེ་ར་དགོན། ར་ས་འཁྲུལ་སྣང་གཙུག་ལག་ཁང་བཅས་སུ་ཕེབས་ནས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཀྱི་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་གནང་བ་དང་འབྲེལ། འཐབ་ས་མདུན་མར་ལས་གནས་བརྟན་སྲུང་བྱེད་མཁན་ཚོར་གཟིགས་པ་རེད།

    འབྲས་སྤུངས་དགོན་དང་། སེ་ར་དགོན། ར་ས་འཁྲུལ་སྣང་གཙུག་ལག་ཁང་བཅས་སུ་དད་ལྡན་མང་ཚོགས་དང་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད་པ་དང་སྒྲིག་ལམ་ཡག་པོ་ཡོད་པ་དང་། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་གྱིས་ཡ་རབས་ཚུལ་ལྡན་ངང་ལས་སྒྲུབ་དང་ཞབས་འདེགས་ཡག་པོ་ཞུ་བཞིན་ཡོད་པ། འགན་ལེན་གྱི་བྱ་ཐབས་ཁག་ཆ་ཚང་ནུས་ལྡན་ཡིན་པའི་ཁར་དོན་ཐོག་ཏུ་འཁྱོལ་བ་བཅས་གཟིགས་རྗེས་ཀྲོང་ཡན་ཐུགས་ཡིད་འཚིམ་པོ་བྱུང་བ་རེད། ཁོང་གིས་དུས་ཡུན་རིང་པོའི་ནང་ཚང་མས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཆོས་ལུགས་ཁྱབ་ཁོངས་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཀྱི་རྒྱུན་གཏན་གྱི་སྒྲིག་ལམ་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པས་ཆོས་ཌ་འཆམ་མན་དང་། བན་ན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་འགན་ལེན་ཐུབ་ཡོད། ཁྱེད་ཚོས་མུ་མཐུད་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། དར་ཆ་གསལ་སྟོན་གྱིས་ཁྲིམས་བཞིན་ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རྒྱ་ཆེའི་གྲྭ་བཙུན་ཚོས་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་དང་། མང་ཚོགས་ཚོས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་ནས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་ཕེབས་ཀྱིན་དུ་གཟིགས་པ་དང་གསན་ཞོར་བཀའ་འདྲི་གནང་སྟེ་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་དང་རིག་དངོས་སྲུང་སྐྱོབ་སོགས་ཀྱི་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་རྒྱ་ཆེའི་དགེ་འདུན་པ་ཚོ་དང་ལྷག་པར་དུ་བླ་མ་སྐྱེས་ཆེན་ཚོས་རང་རྟོགས་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། ལྗོངས་ཡོངས་ཀྱི་དགོན་སྡེ་དོ་དམ་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོའི་ཐོག་ནས་ཏཱ་ལའི་རུ་ཚོགས་ཚབ་མཚོན་དུ་བྱས་པའི་ཁ་ཕྲལ་སྟོབས་ཤུགས་ཀྱི་སིམ་འཛུལ་དང་གཏོར་བཤིག་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་རང་རྟོགས་ངང་རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་དང་། ཁ་བཤད་ལག་བསྟར་དང་། ཤེས་སྦྱོར་གཅིག་མཐུན། ཁ་ཞེ་གཉིས་མེད་བཅས་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཆོས་ལུགས་ཀྱི་བསྟན་དོན་གསལ་འགྲེལ་བྱེད་རྒྱུར་སྣེ་ཁྲིད་པ་དང་།  དད་ལྡན་མང་ཚོགས་ཚོར་ལུགས་རྙིང་སྲོལ་ངན་དོར་ནས་སྐྱོན་བྲལ་དང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ། བོད་བརྒྱུད་ནང་བསྟན་རྒྱུན་ཆད་མེད་པར་དུས་བསྟུན་མདུན་སྐྱོད་ཀྱིས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་དེ་བས་འཚམ་མཐུན་ཡག་པོ་ཡོང་བ་བྱེད་དགོས། རྒྱ་ཆེའི་དགོན་སྡོད་ལས་བྱེད་པ་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་གི་སྟོབས་ཤུགས་ཀྱིས་དགོན་སྡེ་དོ་དམ་ལ་སྔར་བས་ཤུགས་སྣོན་དང་གསར་གཏོད་དང་། དགོན་སྡེ་དོ་དམ་གྱི་འགོ་ཁྲིད་དབང་ཆ་སྟངས་འཛིན་ཡག་པོ། ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྔོན་དུ་འཇོག་རྒྱུ་མཐའ་འཁྱོངས། གཏན་ལ་ཕབ་པའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་ཁག་དོན་འཁྱོལ་ལ་དམ་འཛིན། དམ་འཛིན་ཏན་ཏིག་དང་། དམ་འཛིན་ཞིབ་ཕྲ། ཆུང་ཙག་ནས་དམ་འཛིན། དམ་འཛིན་གཏིང་ཟབ་བཅས་བྱས་ཏེ་དགོན་སྡེ་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། ཞབས་ཞུ་དང་དོ་དམ་གཉིས་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་དང་། བརྩེ་སེམས་འཆང་བཞིན་ལས་དོན་སྒྲུབ་པ། ཆབ་སྲིད་ཐོག་ནས་གྲྭ་བཙུན་དང་མཐུན་སྒྲིལ་དང་དད་སེམས་ཐོག་ནས་གྲྭ་བཙུན་ལ་བརྩི་འཇོག་བྱེད་རྒྱུ་མཐའ་འཁྱོངས། ཁོང་ཚོའི་གང་བསམ་གང་དྲན་ཤེས་རྟོགས། ཁོང་ཚོའི་དཀའ་ངལ་དངོས་ཐག་གཅོད། རྒྱ་ཆེའི་གྲྭ་བཙུན་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ། དུས་རབས་གསར་པའི་དགོན་སྡེ་དོ་དམ་གྱི་ནུས་པ་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་པའི་ནན་བཤད་གནང་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།