ཚེས་23ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་33པ་གཙོ་སྐྱོང་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། ཞུས་ཞུའེ་ཀོང་། འཆི་མེད་རིག་འཛིན། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅི་གོ་ཀང་། ཝང་ཅུན་བཅས་དང་དེ་བཞིན་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཕེབས་ཡོད་པ་རེད།
ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་ལག་བསྟར་ཞིབ་བཤེར་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལག་བསྟར་ཞིབ་བཤེར་ཚོགས་ཆུང་གི་སྙན་ཞུ་དང2019ལོའི་ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་ཀྱི་བྱ་སྤྱོད——བོད་ཀྱི་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་སྙན་ཞུ་གསན་པ་རེད།
ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཀྱི་སྲོལ་ཡིག(འཆར་ཟིན)》གྱི་གྲོས་ཞིབ་བསམ་འཆར་སྐོར་གྱི་སྙན་ཞུ་དང་། བརྟག་ཞིབ་སྙན་ཞུ། 《བོད་རང་སྐྱོང་ལྗོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》གྱི་ཞིབ་བཤེར་བསམ་འཆར་སྐོར་གྱི་སྙན་ཞུ།《ལྷོ་ཁ་གྲོང་ཁྱེར་གྱི་ཡར་འབྲོག་གཡུ་མཚོ་སྲུང་སྐྱོང་སྐོར་གྱི་སྲོལ་ཡིག》དང《ལྷོ་ཁ་གྲོང་ཁྱེར་གྱི་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ལག་བསྟར་བྱེད་རྒྱུའི་སྐོར་གྱི་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། རང་སྐྱོང་ལྗོངས་ཀྱི་2018ལོའི་རིམ་པ་དེ་གའི་ནོར་སྲིད་ངེས་རྩིས(འཆར་ཟིན)ཀྱི་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ་དང་གྲོས་ཆོད(འཆར་ཟིན) རང་སྐྱོང་ལྗོངས་ཀྱི་2019ལོའི་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ་དང་གྲོས་ཆོད(འཆར་ཟིན) ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས“བཅའ་ཁྲིམས་ལག་བསྟར་དཀའ་བའི”ལས་དོན་དང་ཞིབ་དཔྱོད་ལས་ཁུངས་ཀྱི་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་ལས་དོན་གྱི་གནས་ཚུལ་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་བརྟག་ཞིབ་སྙན་ཞུ། དབུལ་སྒྲོལ་འགག་སྒྲོལ་དང་ཞིང་འབྲོག་པའི་འབབ་འཕར་གནས་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ་བཅས་གསན་པ་དང་། མི་དོན་བསྐོ་འཐེན་དོན་ཚན་ལ་ཞིབ་བཤེར་དང་། འཐུས་མི་རེ་གཉིས་ཀྱི་འཐུས་མིའི་ཐོབ་ཐང་སྙན་ཞུ་དང་སྤྱི་བསྒྲགས(མ་ཟིན)ལ་ཞིབ་འཇུག་བྱས་པ་རེད། གོང་གསལ་གྱི་ཁྲིམས་སྲོལ་འཆར་ཟིན་དང་སྙན་ཞུ་དང་མི་དོན་བསྐོ་འཐེན་ཇུས་གཞི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཅུ་གཉིས་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།