དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་གཞུང་ལམ་ཅུས་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-25

     ཚེས་22ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་གཞུང་ལམ་ཅུས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་བརྟག་ཞིབ་གནང་བར་ཕེབས་ཏེ“ཡག་པོ་བཞིའི་གྲོང་གསེབ་ལམ་བུ”འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་ལས་བྱེད་ལས་བཟོ་ཚོ་དང་ངོ་འཕྲད་སྤེལ་རེས་གནང་བ་དང་། བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ། ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་དང་གནད་དོན་གྱི་འགག་རྩ་ཡང་དག་བཙལ་ཏེ་ས་གནས་ས་ཐོག་ཏུ་གཞུང་ལས་བསྒྲུབས་ནས་ཐག་གཅོད་བྱེད་ཐབས་ཞིབ་འཇུག་གནང་བ་རེད།

    རང་སྐྱོང་ལྗོངས་གཞུང་ལམ་ཅུས་སུ་འབྱོར་རྗེས་ཀྲོང་ཡན་གྱིས་སྐབས་བསྟུན་ངང་འགན་ནུས་ཁྲུའུ་ཁག་དང་ཁང་ཁག་ཏུ་ཕེབས་ཏེ་ལས་བྱེད་ལས་བཟོ་ཚོ་དང་སྤེལ་རེས་འབྲེལ་གཏུག་གནང་བ་རེད། ལམ་སྐྱོང་དོ་དམ་ཁྲུའུ་རུ་ཀྲོང་ཡན་གྱིས“ལྗོངས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་གྱི་བདག་སྐྱོང་གྲོན་དངུལ་ནི་ཚད་གཞི་གང་ཞིག་ལ་གཞིགས་ཏེ་སྤྲོད་ཀྱི་ཡོད་དམ”ཞེས་དྲིས། ཁྲུའུ་དེའི་ལས་བྱེད་པ་བསྟན་འཛིན་གྱིས“རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་ཚད་གཞིར་གཞི་འཛིན་གྱི་ཡོད་པ་སྟེ། རྫོང་རིམ་པའི་གཞུང་ལམ་ལ་སྤྱི་ལེ་རེར་ལོ་རེར་སྒོར་7000དང་། ཤང་རིམ་པའི་གཞུང་ལམ་ལ་སྤྱི་ལེ་རེར་ལོ་རེར་སྒོར་3500 གྲོང་ཚོ་རིམ་པའི་གཞུང་ལམ་ལ་སྤྱི་ལེ་རེར་ལོ་རེར་སྒོར་1000བཅས་ཡིན་པ་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་རོགས་དངུལ་སྤྲོད་ཀྱི་ཡོད”ཅེས་ཞུས། བསྟན་འཛིན་གྱིས་ལན་ཆུ་རྒྱུག་རྒྱུག་བརྒྱབ་པ་གསན་སྐབས་ཀྲོང་ཡན་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས“འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། སྲུང་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ”བཅས་བྱེད་པ་དེས་གྲོང་གསེབ་ཀྱི་གཞུང་ལམ་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ཁྱེད་ཚོས་ལམ་སྐྱོང་མ་དངུལ་ཚང་མ་འགག་རྩར་བེད་སྤྱད་ནས་ཞིང་འབྲོག་མང་ཚོགས་ཀྱི་ཕྱིར་སྐྱོད་འགྲོ་ལམ་བདག་སྐྱོང་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    དེ་རྗེས་ཀྲོང་ཡན་གྱིས་ད་དུང་རང་སྐྱོང་ལྗོངས་གཞུང་ལམ་ཅུས་ཀྱི་ལས་བྱེད་ལས་བཟོ་དང་བཞུགས་མོལ་སྤེལ་རེས་གནང་ཞིང་། ཁོང་གིས“ཡག་པོ་བཞིའི་གྲོང་གསེབ་ལམ་བུ”བཟོ་བ་ནི་ལམ་དང་། འབྲེལ་མཐུད་བྱེད་པ་ནི་ཏང་སེམས་དང་དམངས་སེམས། བརྟན་དུ་གཏོང་བ་ནི་ཏང་གི་གྲོང་གསེབ་ཀྱི་སྲིད་འཛིན་རྨང་གཞི་རེད། ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོས་ངོས་འཛིན་ཟབ་ཏུ་ཏན་ཏིག་གཏོང་བ་དང་། “ཡག་པོ་བཞིའི་གྲོང་གསེབ་ལམ་བུ”བསྐྲུན་རྒྱུ་དེ་གནས་བབ་གལ་ཆེན་ཐོག་འཇོག་པ། གྲོང་གསེབ་ཀྱི་གཞུང་ལམ“འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། སྲུང་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ”བཅས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་པ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་དམངས་འཚོའི་རྣམ་གྲངས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ་བཅས་བྱས་ནས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཕྱིར་སྐྱོད་པའི“མཐའ་མའི་འགག་གནད”མཐའ་གཅིག་ཏུ་ཤར་གཏོང་ཐུབ་པ་བྱེད་དགོས། ནུས་ཤུགས་གང་ཡོད་འདོན་རྒྱུ་མཐའ་འཁྱོངས་ཀྱིས་གནས་ཚུལ་གལ་ཆེ་ཆུང་དང་དལ་བྲེལ་གྱི་དབྱེ་བ་ཕྱེ་བ་དང་ལས་ཀའི་གཙོ་གནད་ཁོང་དུ་ཆུད་པ་བྱས་ཐོག གྲོང་གསེབ་ཀྱི་གཞུང་ལམ་ཚང་མ་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་དང་འཛུགས་སྐྲུན་ཡག་པོ་བྱེད་དགོས། འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་ནན་དུ་བཏང་ནས་དམིགས་ཚད་མི་འགྱུར་བ་དང་། གཙོ་གནད་དང་བྱ་ཐབས་མི་འགྱུར་བའི་འགན་ལེན་བྱེད་པ་དང་། “ཡག་པོ་བཞིའི་གྲོང་གསེབ་ལམ་བུ”སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ལག་བསྟར་དང་ལས་དོན་སྤེལ་ཤུགས་རྒྱུན་འཛིན་བྱས་ཏེ“ཡག་པོ་བཞིའི་གྲོང་གསེབ་ལམ་བུ”འཛུགས་སྐྲུན་གྱི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་མངོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།