དབུ་ཤོག>སྲིད་དོན།
  • ​ བློ་མཐུན་ལི་ཕུང་སྐུ་གཤེགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-25

    645309_yis_1563943389197.jpg

    བློ་མཐུན་ལི་ཕུང་འདས་པོའི་སྐུ་པར།

    ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སྐྱོ་གདུང་ཆེན་པོས་ཁྱབ་བསྒྲགས་བྱ་རྒྱུ་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཕུལ་དུ་བྱུང་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་ཆབ་སྲིད་མཁས་ཅན། ཏང་དང་རྒྱལ་ཁབ་ཀྱི་གཟེངས་སུ་ཐོན་པའི་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་གཉིས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། སྐབས་བཅུ་གསུམ་པ་དང་། བཅུ་བཞི་པ། བཅོ་ལྔ་པ་བཅས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཟུར་པ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བཅས་ཡིན་པའི་བློ་མཐུན་ལི་ཕུང་སྙུན་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་2019ལོའི་ཟླ་7ཚེས་22ཉིན་གྱི་ཆུ་ཚོད་23དང་སྐར་མ་11ལ་པེ་ཅིང་དུ་སྐུ་གཤེགས་པ་དང་སྐུ་གཤེགས་དུས་དགུང་ལོ་91ཡིན་པ་རེད།

    བློ་མཐུན་ལི་ཕུང་1928ལོའི་ཟླ་10པར་འཁྲུངས་པ་དང་སི་ཁྲོན་ཁྲེང་ཏུའུ་བ་རེད། གསར་བརྗེའི་ཁྱིམ་ཚང་དུ་འཁྲུངས་པའི་ཁོང་ཆུང་བྱིས་པའི་དུས་སུ་ཡབ་ཀྱིས་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་གནང་བ་དང་། གཞོན་ནུའི་དུས་སུ་ཁྱིམ་ཚང་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་རང་འགུལ་ངང་གསར་བརྗེའི་བསམ་བློ་དང་ལེན་གནང་བ་མ་ཟད། བློ་སྟོབས་ཆེན་པོས་གསར་བརྗེའི་བྱ་གཞག་ནང་ཞུགས། 1941ལོའི་ཟླ་3པར་ཁོང་གིས་ཡན་ཨན་དུ་གསར་བརྗེའི་ལས་དོན་ནང་ཞུགས་ཏེ་གསར་བརྗེའི་རིགས་པའི་གཞུང་ལུགས་དང་ཚན་རིག་རིག་གནས་ཤེས་བྱའི་སློབ་གསོ་དང་ལེན་གནང་བ་དང་། 1945ལོའི་ཟླ་11པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། བཅིངས་འགྲོལ་དམག་འཁྲུག་སྐབས་སུ་ཁོང་གིས་ཏང་རྩ་འཛུགས་ཀྱི་འབོད་སྐུལ་དང་ལེན་ཞུས་ཏེ། འཐབ་ས་མདུན་མར་ཕེབས་ནས་ཅིན་ཁྲ་ཅིས་གློག་ལས་ཀུང་སིའི་ལག་རྩལ་པ་དང་ཧའར་པིན་སྣུམ་ཚིལ་བཟོ་གྲྭའི་ལས་རོགས་དང་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་བཞེས། 1948ལོའི་ཟླ་9པར་ཏང་རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར་སུའུ་ལན་དུ་སློབ་སྦྱོང་ལ་ཕེབས། 1955ལོར་རང་རྒྱལ་དུ་ལོག་ཕེབས་རྗེས་ཁོང་གིས་རང་འགུལ་ངང་གཞི་རིམ་དུ་ལས་ཀ་བྱེད་པར་བསྐྱོད་རྒྱུའི་རེ་འདུན་ཞུས་ནས་ཧྥུང་མན་གློག་གཏོང་བཟོ་གྲྭའི་ཁྲང་ཀྲང་གཞོན་པ་དང་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་དང་། བྱང་ཤར་གློག་ལས་དོ་དམ་ཅུས་ཀྱི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་གཞོན་པ་དང་བཀོད་གཏོང་ཅུས་ཀྱི་ཅུས་ཀྲང་། ཧྥུའུ་ཤིན་གློག་གཏོང་ཁང་གི་ཁྲང་ཀྲང་བཅས་ཀྱི་འགན་བཞེས། 1966ལོ་ནས་1979ལོ་བར་པེ་ཅིང་གློག་གཏོང་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅིའི་ལས་ཚབ་དང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། པེ་ཅིང་གློག་ལས་དོ་དམ་ཅུས་ཀྱི་ཅུས་ཀྲང་དང་ཏང་ཙུའི་ཧྲུའུ་ཅིའི་འགན་བཞེས། “རིག་གནས་གསར་བརྗེ་ཆེན་པོའི”དུས་སུ་རྡུང་རྡེག་ཕོག་རུང་ཁོང་གིས་སྔར་བཞིན་ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་གནང་སྟེ་དངོས་ཐོག་བདེན་འཚོལ་གྱིས་འཐབ་རྩོད་གནང་། 1979ལོའི་ཟླ་4པ་ནས་བཟུང་། གློག་ཤུགས་བཟོ་ལས་པུའི་པུའུ་ཀྲང་གཞོན་པ་དང་ཏང་ཙུའི་ཁོངས་མི་དང་ཧྭ་བྱང་གློག་ལས་དོ་དམ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཅིག་ལྕོགས་དང་། གློག་ཤུགས་བཟོ་ལས་པུའི་པུའུ་ཀྲང་དང་ཏང་ཙུའི་ཧྲུའུ་ཅི། ཆུ་བེད་གློག་ཤུགས་པུའི་པུའུ་ཀྲང་གཞོན་པ་དང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས། ཁོང་གིས་གསར་གཏོད་རང་བཞིན་གྱི་སྒོ་ནས“གློག་ཤུགས་སྔོན་ལ་འཛུགས་སྐྲུན”གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་ལག་ལེན་བསྟར་བ་དང་གློག་ཤུགས་འཕེལ་རྒྱས་འཚམ་པོ་གཏོང་དགོས་ཚུལ་བཏོན་གནང་ནས་གློག་ཁང་འཛུགས་སྐྲུན་དང་། གློག་ཤུགས་ཐོན་སྐྱེད། གློག་དྲ་དོ་དམ་སོགས་རང་རྒྱལ་དུ་ཡར་རྒྱས་མྱུར་པོ་ཡོང་རྒྱུར་སྐུལ་འདེད་བཏང་བར་བརྟེན། ཁོང་ནི་རང་རྒྱལ་གྱི་གློག་ཤུགས་བཟོ་ལས་ཀྱི་ཕུལ་བྱུང་འགོ་ཁྲིད་པ་དང་ཉིང་རྡུལ་གློག་གཏོང་བྱ་གཞག་གི་གསར་གཏོད་པ་གལ་ཆེན་ཞིག་རེད། 1983ལོའི་ཟླ་6པར་བློ་མཐུན་ལི་ཕུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པའི་འགན་བཞེས། 1985ལོའི་ཟླ་9པར་ཀྲུང་གུང་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅིར་གསབ་འདེམས་བྱས། ཁོང་གིས་ནུས་རྒྱུ་དང་། འགྲིམ་འགྲུལ། གཙོ་གནད་འཛུགས་སྐྲུན་རྣམ་གྲངས་སོགས་ཀྱི་ལས་དོན་ལ་ཁག་བགོས་དོ་དམ་དང་། “ལོ་ལྔ་ཚན་བདུན་པའི”འཆར་གཞིའི་ནུས་རྒྱུ་འགྲིམ་འགྲུལ་ཐད་ཀྱི་འཕེལ་རྒྱས་ཀྱི་མཛད་ཕྱོགས་ཞིབ་འཇུག་ལ་ཞུགས་པ། ཕྱོགས་བསྡུས་གཅིག་གྱུར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྱོང་དང་གཞི་རྩའི་འཛུགས་སྐྲུན་གྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ། ལག་རྩལ་གལ་ཆེན་གྱི་སྒྲིག་ཆས་ཞིབ་བཟོའི་གོམ་སྟབས་མགྱོགས་སུ་བཏང་ཡོད། 1987ལོའི་ཟླ་11པར་བློ་མཐུན་ལི་ཕུང་ཀྲུང་གུང་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་ལ་བདམས་ཐོན་བྱུང་བ་དང་། ཟླ་བ་དེ་གར་སྐབས་དྲུག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་ལས་ཚབ་ཏུ་བསྐོ་གཞག་བྱས། 1988ལོའི་ཟླ་4པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བདུན་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བསྐོ་གཞག་བྱས། ཁོང་གིས་བཅོས་སྒྲིག་དག་ཐེར་དང་སྒྱུར་བཅོས་ཟབ་ཏུ་གཏོང་བའི་མཛད་ཇུས་མཐའ་གཅིག་ཏུ་ལག་བསྟར་གནང་བའི་ཁར། རྒྱལ་དམངས་དཔལ་འབྱོར་ལ་སྤྱི་ཁོག་སྙོམས་སྒྲིག་བྱེད་ཐབས་གསར་པ་འཚོལ་ཞིབ་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་དཀའ་གནད་ལས་སྒྲོལ་བ་དང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། 1989ལོའི་དཔྱིད་དབྱར་མཚམས་ཀྱི་ཆབ་སྲིད་ཀྱི་རླུང་རླབས་ཁྲོད་བློ་མཐུན་ཏེང་ཞའོ་ཕིང་གིས་སྐུ་ཚབ་གནང་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་རྒན་རབས་པ་ཚོའི་རྒྱབ་སྐྱོར་མཐའ་གཅིག་ཏུ་ཐོབ་པའི་འོག བློ་མཐུན་ལི་ཕུང་གིས་དར་ཆ་གསལ་སྟོན་གྱིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཕལ་མོ་ཆེ་དང་ལྷན་དུ་འཕྲལ་ཐག་ཆོད་པོས་ཟིང་འཁྲུག་བཀག་འགོག་དང་གསར་བརྗེར་ངོ་རྒོལ་གྱི་གཏུམ་སྤྱོད་ཞོད་འཇགས་བཏང་བས་རྒྱལ་ནང་གི་དུས་བབ་བརྟན་ལྷིང་བྱུང་ཡོད། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པའི་ཐེངས་དེའི་འཐབ་རྩོད་གལ་ཆེན་ཁྲོད་ཁོང་གིས་ནུས་པ་གལ་ཆེན་བཏོན་གནང་མཛད། 1989ལོའི་ཟླ་6པར་ཀྲུང་གུང་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས་བློ་མཐུན་ཅང་ཙེ་མིན་གྱིས་སྲོག་ཤིང་གནང་བའི་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན་པའི་བློ་མཐུན་ལི་ཕུང་གིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་གཏིང་ཟབ་གནང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐུགས་ནུས་ཡོད་རྒུ་བཏོན་གནང་མཛད། 1992ལོའི་ཟླ་10པར་བློ་མཐུན་ལི་ཕུང་ཀྲུང་གུང་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་ལ་སླར་ཡང་བདམས་ཐོན་བྱུང་། 1993ལོའི་ཟླ་3པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བརྒྱད་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་སླར་ཡང་བསྐོ་གཞག་བྱས། བློ་མཐུན་ཏེང་ཞའོ་ཕིང་གིས་ལྷོ་ཕྱོགས་གསུང་བཤད་གནང་རྗེས་ཁོང་གིས་བློ་མཐུན་ཏེང་ཞའོ་ཕིང་གི་སྒྱུར་བཅོས་སྒོ་དབྱེའི་དགོངས་པ་དང་འདོད་ཚུལ་ལ་རྒྱབ་སྐྱོར་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཧུར་ཐག་དང་ཏང་གི་ཚོགས་ཆེན་བཅུ་བཞི་པའི་དགོངས་དོན་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་གོམ་སྟབས་མགྱོགས་སུ་བཏང་བ་དང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་ལ་ཤུགས་སྣོན་དང་ལེགས་སུ་བཅས་བཏང་གནང་ཡོད། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག“ལོ་ལྔ་ཚན་དགུ་པའི”འཆར་གཞི་གཙོ་སྐྱོང་གིས་བཀོད་པ་དང་རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་ཆེ་རིགས་ཁག་གཅིག་བཀོད་སྒྲིག་དང་འཛུགས་སྐྲུན་གྱིས་རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་དང་། མྱུར་པོ། སྐྱོན་བྲལ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་གནང་ཡོད། 1997ལོའི་ཟླ་9པར་བློ་མཐུན་ལི་ཕུང་ཀྲུང་གུང་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་ལ་སླར་ཡང་བདམས་ཐོན་བྱུང་བ་དང་། 1998ལོའི་ཟླ་3པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་ཐོན་བྱུང་ཡོད།

    2003ལོའི་ཟླ་3པ་ནས་བཟུང་བློ་མཐུན་ལི་ཕུང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་འགན་བཞེས་མེད་པ་རེད།

    བློ་མཐུན་ལི་ཕུང་གི་སྐུ་ཚེ་ཧྲིལ་པོ་ནི་གསར་བརྗེའི་སྐུ་ཚེ་ཧྲིལ་པོ་དང་། དམག་འཐབ་ཀྱི་སྐུ་ཚེ་ཧྲིལ་པོ། འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་ལ་འབད་འཐབ་གནང་བའི་སྐུ་ཚེ་ཧྲིལ་པོ་བཅས་རེད། ཁོང་སྐུ་གཤེགས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་གྱོང་གུན་ཧ་ཅང་ཆེན་པོ་ཞིག་རེད། ང་ཚོས་ཁོང་གི་གསར་བརྗེའི་སྙིང་སྟོབས་དང་། བླ་ན་མེད་པའི་ཀུན་སྤྱོད། ཕུལ་དུ་བྱུང་བའི་སྤྱོད་བཟང་བཅས་ལ་སློབ་སྦྱོང་ཞུས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ཆབས་ཅིག ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་པ་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་དགོས།

    བློ་མཐུན་ལི་ཕུང་ཇི་སྲིད་བར་དུ་མི་ནུབ་པར་གྱུར་ཅིག

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།