《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རྩལ་འབྲས་བུ་དངོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུའི་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།
དཀར་ཆག
ལེའུ་དང་པོ།
སྤྱིའི་རྩ་དོན།
ལེའུ་གཉིས་པ། སྒྲིག་འཛུགས་ལག་བསྟར།
ལེའུ་གསུམ་པ། འགན་སྲུང་བྱ་ཐབས།
ལེའུ་བཞི་པ། ལག་རྩལ་གྱི་ཁེ་དབང་།
ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
ལེའུ་དྲུག་པ། ཞར་བྱུང་།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། ཚན་རྩལ་གྱི་འབྲས་བུ་རྣམས་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་སྒྱུར་ཐུབ་རྒྱུར་སྐུལ་འདེད་བཏང་ནས་ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་ལས་སྒོ་ཚད་ལྡན་ཡོང་བ་བྱེད་རྒྱུ་དང་། ཚན་རྩལ་ཡར་ཐོན་ཡོང་ཚད་མགྱོགས་སུ་གཏོང་རྒྱུ། གསར་གཏོད་ཀྱིས་སྐུལ་སྤེལ་གཏོང་བའི་གོང་འཕེལ་འཕེལ་གྱི་འཐབ་ཇུས་ལག་བསྟར་གང་མགྱོགས་བྱེད་རྒྱུ། དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་སྐུལ་སྤེལ་གཏོང་རྒྱུ་བཅས་ཀྱི་ཆེད་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རྩལ་འབྲས་བུ་དངོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུའི་བཅའ་ཁྲིམས》གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱ་ཐབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། བྱ་ཐབས་འདིའི་ནང་བརྗོད་པའི་ཚན་རྩལ་འབྲས་བུ་ཞེས་པ་ནི་ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་སྤེལ་བྱས་ནས་བྱུང་བའི་བེད་སྤྱོད་བྱེད་རིན་ཡོད་པའི་འབྲས་བུར་ཟེར། ལས་ཐོག་ཚན་རྩལ་འབྲས་བུ་ཞེས་པ་ནི་ཞིབ་འཇུག་གསར་སྤེལ་ལས་ཁུངས་དང་། མཐོ་རིམ་སློབ་ཆེན། དེ་བཞིན་ཁེ་ལས་སོགས་ཚན་པའི་ལས་འགན་སྒྲུབ་པ་དང་། ཡང་ན་གཙོ་བོ་གོང་གསལ་ཚན་པའི་དངོས་པོའི་ལག་རྩལ་ཆ་རྐྱེན་ལ་བརྟེན་ནས་ལེགས་འགྲུབ་བྱས་པའི་ཚན་རྩལ་འབྲས་བུར་ཟེར། བྱ་ཐབས་འདིའི་ནང་བརྗོད་པའི་ཚན་རྩལ་འབྲས་བུ་དངོས་སྒྱུར་ཞེས་པ་ནི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཕྱིར་ཚན་རྩལ་འབྲས་བུར་རྗེས་མཐུད་ཀྱི་ཚོད་ལྟ་དང་། གསར་སྤེལ། བེད་སྤྱོད། ཁྱབ་སྤེལ་བཅས་བྱས་ནས་མཐར་ལག་རྩལ་གསར་པ་དང་། བཟོ་རྩལ་གསར་པ། རྒྱུ་ཆ་གསར་པ། ཐོན་རྫས་གསར་པ་བཅས་ཆགས་ཐུབ་པ་དང་ཐོན་ལས་གསར་པ་གོང་འཕེལ་གཏོང་ཐུབ་པ་སོགས་བྱེད་པའི་ལས་སྒོར་ཟེར།
དོན་ཚན་གསུམ་པ། ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་ལས་སྒོ་སྤེལ་སྐབས་ངེས་པར་དུ་གཤམ་གསལ་གྱི་རྩ་དོན་གཞིར་འཛིན་དགོས་པ་སྟེ། (གཅིག)གསར་གཏོད་ཀྱིས་སྐུལ་སྤེལ་གཏོང་བའི་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་གང་མགྱོགས་བྱས་ནས་ཚན་རྩལ་དང་དཔལ་འབྱོར་ཟུང་འབྲེལ་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་པ་བྱེད་རྒྱུ་དང་། (གཉིས)དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཁོར་ཡུག་སྲུང་སྐྱོབ་དང་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱེད་པར་ཕན་ཐོགས་ཡོད་པ་བྱེད་རྒྱུ་དང་། དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་དང་དེ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པར་ཕན་ཐོགས་ཡོད་པ་བྱེད་རྒྱུ། (གསུམ)ཁྲོམ་རའི་ཆོས་ཉིད་ལ་བརྩི་འཇོག་དང་། ཁེ་ལས་ཀྱི་གཙོ་རྐང་ནུས་པ་འདོན་སྤེལ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཐོན་ལས་སྲིད་ཇུས་དང་ཚན་རྩལ་སྲིད་ཇུས་དང་མཐུན་པ་བཅས་བྱེད་རྒྱུ། (བཞི)རང་མོས་དང་། གཉིས་ཕན། དྲང་གཞག ཡིད་རྟོན་རུང་བ་བཅས་བྱེད་རྒྱུ། (ལྔ)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་། གན་རྒྱའི་ནང་ཁ་ཆད་བྱས་པ་གཞིར་བཟུང་ཁེ་ཕན་ལོངས་སྤྱོད་བྱེད་རྒྱུ་དང་ཉེན་ཁ་འཁུར་ལེན་བྱེད་རྒྱུ། (དྲུག)ཤེས་རིག་བདག་དབང་སྲུང་སྐྱོབ་བྱེད་རྒྱུ། (བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་དང་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་མཁན་ཕྱོགས་ཁག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་ལས་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་མི་གཞན་དག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག་པ་བཅས་སོ།
དོན་ཚན་བཞི་པ། རང་སྐྱོང་ལྗོངས་ཀྱིས་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་རྒྱུར་ནོར་སྲིད་ཀྱི་མ་དངུལ་གཏོང་ཆ་ལུགས་མཐུན་བཀོད་སྒྲིག་བྱེད་རྒྱུ་དང་། སྤྱི་ཚོགས་ཀྱི་མ་དངུལ་གཏོང་ཆར་ཁྲིད་སྟོན་བྱས་ཏེ་ཚན་རྩལ་འབྲས་བུ་དངོས་སྒྱུར་ཐད་ཀྱི་མ་དངུལ་གཏོང་ཆ་སྣ་མང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ།
དོན་ཚན་ལྔ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཚན་རྩལ་དང་། ནོར་སྲིད། མ་འཇོག ཁྲལ་བསྡུ། ཤེས་ལྡན་པ། ཐོན་ལས། དངུལ་རྩ། སྲིད་གཞུང་གི་ཉོ་སྒྲུབ། དམག་དམངས་མཉམ་འདྲེས་སོགས་ཐད་ཀྱི་སྲིད་ཇུས་གཅིག་མཐུན་ཡོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་འབྲས་བུ་དངོས་སྒྱུར་ཡོང་བར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་བྱ་ཐབས་འདིའི་ནང་གཏན་འབེབས་བྱས་པའི་རྩ་དོན་གཞིར་བཟུང་། ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་རྒྱུར་ཕན་ཐོགས་ཡོད་པའི་བྱ་ཐབས་སྤྱད་ཆོག
དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་པའི་ལས་དོན་ལ་དོ་དམ་དང་། མཛུབ་ཁྲིད། མཐུན་སྦྱོར་བཅས་བྱེད་འགན་འཁུར་རྒྱུ། ཚན་རིག་ལག་རྩལ་གཙོ་འགན་སྡེ་ཚན་དང་དེའི་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་སུ་སྲིད་འཛིན་ས་ཁོངས་དེ་གའི་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་པའི་ལས་དོན་ལ་དོ་དམ་དང་། མཛུབ་ཁྲིད། མཐུན་སྦྱོར་བཅས་བྱེད་རྒྱུ་དང་ཞབས་ཞུ་བསྒྲུབ་རྒྱུ། ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་གིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་པའི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།
ལེའུ་གཉིས་པ། སྒྲིག་འཛུགས་ལག་བསྟར།
དོན་ཚན་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་གཞིའི་ནང་འཇུག་དགོས་པ་མ་ཟད། འབྲེལ་ཡོད་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་རྒྱུར་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་ཏེ། གཙོ་གནད་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་པའི་རྣམ་གྲངས་རིགས་ལ་འཆར་གཞི་ལག་བསྟར་བྱེད་རྒྱུ་དང་། ཤེས་ལྡན་པ་གསོ་སྦྱོང་བྱེད་རྒྱུ། མ་དངུལ་གཏོང་རྒྱུ་སོགས་ཀྱི་ཐད་གཙོ་གནད་དུ་འདེགས་སྐྱོར་བྱེད་དགོས།
དོན་ཚན་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྒྲིག་འཛུགས་ལག་བསྟར་བྱས་པའི་གཙོ་གནད་ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་རྣམས་གྲངས་རིགས་ལ་འབྲེལ་ཡོད་སྡེ་ཚན་གྱིས་མངོན་གསལ་འོས་སྐུལ་བརྒྱབ་ནས་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་འགན་འཁུར་མཁན་གཏན་འཁེལ་བྱེད་ཆོག་པ་དང་། འོས་ཐོན་བྱུང་མཁན་ལ་འོས་སྐུལ་རྒྱག་སྐབས་གཏན་འཁེལ་བྱས་པའི་མ་དངུལ་རོགས་སྐྱོར་རམ་ཡང་ན་ཆ་རྐྱེན་གཞན་དག་མཁོ་འདོན་བྱེད་རྒྱུ།
དོན་ཚན་དགུ་པ། ནོར་སྲིད་ཀྱི་མ་དངུལ་ལ་བརྟེན་ནས་ཉེར་སྤྱོད་རིགས་ཀྱི་ཚན་རྩལ་རྣམ་གྲངས་དང་འབྲེལ་ཡོད་ཚན་རྩལ་རྣམ་གྲངས་གཞན་དག་འཛུགས་གཉེར་བྱེད་རིགས་འབྲེལ་ཡོད་སྲིད་འཛིན་སྡེ་ཚན་དང་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་ཚན་ཞིབ་ཀྱི་སྒྲིག་འཛུགས་དོ་དམ་བྱེད་སྟངས་ལེགས་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། འབྲེལ་ཡོད་ཚན་རྩལ་གྱི་འཆར་འགོད་དང་འཆར་གཞི་བཟོ་འབེབས་དང་རྣམ་གྲངས་ཀྱི་ཕྱོགས་སྟོན་བཟོ་སྐབས་ངེས་པར་དུ་འབྲེལ་ཡོད་ལས་རིགས་དང་ཁེ་ལས་ཀྱི་བསམ་འཆར་ཉན་དགོས། ཉེར་སྤྱོད་རིགས་ཀྱི་ཚན་རྩལ་རྣམ་གྲངས་སྒྲིག་འཛུགས་ལག་བསྟར་བྱེད་སྐབས་ངེས་པར་དུ་རྣམ་གྲངས་སྒྲུབ་འགན་འཁུར་མཁན་གྱི་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་པའི་འོས་འགན་ཁ་གསལ་བཟོས་ཐོག ཤེས་རིག་བདག་དབང་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་མ་ཟད། ཚན་རྩལ་འབྲས་བུ་དངོས་སྒྱུར་དང་། དེ་བཞིན་ཤེས་རིག་བདག་དབང་གསར་གཏོད་དང་བེད་སྤྱོད་བྱེད་རྒྱུ་དེ་རྣམ་གྲངས་འཛུགས་གཉེར་དང་ཞིབ་བཤེར་རྩིས་ལེན་བྱེད་པའི་གལ་ཆེའི་ནང་དོན་དང་གཞི་འཛིན་སར་བརྩི་དགོས།
དོན་ཚན་བཅུ་པ། རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་གཞན་དག་དང་མཉམ་དུ་ཚན་རྩལ་གྱི་སྙན་ཞུའི་ལམ་ལུགས་དང་ཚན་རྩལ་འབྲས་བུའི་ཆ་འཕྲིན་རྒྱུད་ཁོངས་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྤྱི་ཚོགས་ཐོག་ཚན་རྩལ་རྣམ་གྲངས་ལག་བསྟར་བྱས་ཚུལ་དང་། དེ་བཞིན་ཚན་རྩལ་འབྲས་བུ་དང་འབྲེལ་ཡོད་ཤེས་རིག་བདག་དབང་གི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས་པ་དང་། ཚན་རྩལ་འབྲས་བུའི་ཆ་འཕྲིན་འདྲི་རྩད་དང་འདེམས་སྒྲུག་བྱེད་རྒྱུ་སོགས་ཀྱི་སྤྱི་ཕན་ཞབས་ཞུ་སྒྲུབ་དགོས། འབྲེལ་ཡོད་ཆ་འཕྲིན་ཁྱབ་བསྒྲགས་བྱེད་སྐབས་རྒྱལ་ཁབ་ཀྱི་གསང་བ་དང་ཚོང་ལས་ཀྱི་གསང་བ་ཕྱིར་བསྒྲག་མི་ཆོག ཁྱབ་བསྒྲགས་མི་བྱེད་རྒྱུའི་ཆ་འཕྲིན་རིགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་ཚན་རྩལ་རྣམ་གྲངས་སྒྲུབ་འགན་འཁུར་མཁན་ལ་དུས་ཐོག་ཏུ་ཤོད་དགོས། ནོར་སྲིད་ཀྱི་མ་དངུལ་ལ་བརྟེན་ནས་འཛུགས་གཉེར་བྱས་པའི་ཚན་རྩལ་རྣམ་གྲངས་ཀྱི་སྒྲུབ་འགན་འཁུར་མཁན་གྱིས་ངེས་པར་དུ་གཏན་འབེབས་གཞིར་བཟུང་། དུས་ཐོག་ཏུ་འབྲེལ་ཡོད་ཚན་རྩལ་སྙན་ཞུ་འབུལ་དགོས་པ་མ་ཟད། ཚན་རྩལ་འབྲས་བུ་དང་འབྲེལ་ཡོད་ཤེས་རིག་བདག་དབང་གི་ཆ་འཕྲིན་རིགས་ཚན་རྩལ་འབྲས་བུའི་ཆ་འཕྲིན་རྒྱུད་ཁོངས་སུ་ཕྱོགས་བསྡོམས་འབུལ་སྐྱེལ་བྱེད་དགོས། རང་སྐྱོང་ལྗོངས་ཀྱིས་ནོར་སྲིད་མིན་པའི་མ་དངུལ་སྤྱད་དེ་འཛུགས་གཉེར་བྱས་པའི་ཚན་རྩལ་རྣམ་གྲངས་ཀྱི་སྒྲུབ་འགན་འཁུར་མཁན་ནས་འབྲེལ་ཡོད་ཚན་རྩལ་སྙན་ཞུ་འབུལ་རྒྱུ་དང་། ཚན་རྩལ་འབྲས་བུ་དང་འབྲེལ་ཡོད་ཤེས་རིག་བདག་དབང་གི་ཆ་འཕྲིན་རིགས་ཚན་རྩལ་འབྲས་བུའི་ཆ་འཕྲིན་རྒྱུད་ཁོངས་སུ་ཕྱོགས་བསྡོམས་འབུལ་སྐྱེལ་བྱེད་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ཞིང་། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་ལས་ཀའི་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་དེར་སྟབས་བདེ་སྐྲུན་དགོས།
དོན་ཚན་བཅུ་གཅིག་པ། གཤམ་གསལ་གྱི་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་པའི་རྣམ་གྲངས་ལ་རང་སྐྱོང་ལྗོངས་ཀྱིས་སྲིད་གཞུང་ནས་ཉོ་སྒྲུབ་བྱེད་པ་དང་། ཞིབ་འཇུག་གསར་སྤེལ་དང་མ་དངུལ་རོགས་སྐྱོར་བྱེད་པ། ཐོན་ལས་ལག་རྩལ་གྱི་མཛུབ་ཁྲིད་དཀར་ཆག་འགྲེམས་བསྒྲགས་བྱེད་པ། དཔེ་སྟོན་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་རྒྱབ་སྐྱོར་བྱེད་རྒྱུ་སྟེ། (གཅིག)མངོན་གསལ་དོད་པོས་ཐོན་ལས་ཀྱི་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་ཐུབ་པ་དང་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་གཏོང་ཐུབ་པའམ་ཡང་ན་སྤྱི་ཚོགས་དང་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་སྤེལ་ཐེབས་པའི་ཐོན་ལས་གསར་པ་ཆགས་ཐུབ་རིགས་དང་། (གཉིས)མངོན་གསལ་དོད་པོས་རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པ་ཆེ་རུ་འགྲོ་ཐུབ་པ་དང་སྤྱི་པའི་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་འགྲོ་ཐུབ་རིགས། (གསུམ)ཐོན་ཁུངས་ལུགས་མཐུན་གསར་སྤེལ་བེད་སྤྱོད་དང་། ནུས་རྒྱུ་བསྲི་ཚགས། ཟད་གྲོན་ཆུང་གཏོང་བཅས་བྱེད་ཐུབ་པ་དང་། དེ་བཞིན་ཁོར་ཡུག་སྦགས་བཙོག་འགོག་བཅོས་དང་། སྐྱེ་ཁམས་སྲུང་སྐྱོབ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཐབས་དང་གནོད་འགོག་གེགས་སེལ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་ཐུབ་རིགས། (བཞི)དམངས་འཚོ་ལེགས་བཅོས་དང་སྤྱི་པའི་བདེ་ཐང་ཡོང་ཚད་མཐོ་རུ་གཏོང་ཐུབ་རིགས། (ལྔ)ས་མཐོའི་སྐྱེ་དངོས་ཐོན་ལས་དང་། ཁྱད་ལྡན་ཡུལ་སྐོར་རིག་གནས་ཐོན་ལས། འབྱུང་འཕྲོད་བཟོ་ལས། ནུས་རྒྱུ་གཙང་མའི་ཐོན་ལས། དེང་རབས་ཞབས་ཞུའི་ལས་རིགས། མཐོ་གསར་གྲངས་འཛིན་ཐོན་ལས། མཐའ་མཚམས་ཀྱི་ཉོ་ཚོང་དང་ཟོག་འགྲུལ་ཐོན་ལས་སོགས་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཐོན་ལས་དང་། ཡང་ན་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་ཐུབ་རིགས། (དྲུག)མི་འབོར་ཅུང་ཉུང་བའི་མི་རིགས་ས་ཁུལ་དང་། ས་ཁད་མཐོ་ལ་གྲང་ངར་ཆེ་བའི་ས་ཁུལ། ཐག་རིང་ལུང་ཁུག་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་པོའི་ས་ཁུལ་བཅས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཐུབ་རིགས་བཅས་སོ།
དོན་ཚན་བཅུ་གཉིས་པ། རང་སྐྱོང་ལྗོངས་ཀྱིས་སྲིད་ཇུས་བྱ་ཐབས་བཟོ་འབེབས་བྱས་པར་བརྟེན་ནས་སྔོན་ཐོན་གྱི་ལག་རྩལ་དང་། བཟོ་རྩལ། སྒྲིག་ཆས་བཅས་བེད་སྤྱོད་བྱེད་རྒྱུ་དང་། རྗེས་ལུས་ཐེབས་པའི་ལག་རྩལ་དང་། བཟོ་རྩལ། སྒྲིག་ཆས་བཅས་རྒྱུན་ཆད་མེད་པར་ལེགས་བཅོས་དང་བེད་སྤྱོད་ཚོད་འཛིན་བྱེད་པའམ་ཡང་ན་བེད་མེད་དུ་སྐྱུར་རྒྱུ་དར་སྤེལ་དང་སྐུལ་མ་གཏོང་རྒྱུ།
དོན་ཚན་བཅུ་གསུམ་པ། རང་སྐྱོང་ལྗོངས་ཀྱིས་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་ཚད་གཞི་བཟོ་རྒྱུའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། སྔོན་ཐོན་གོ་ཆོད་ཀྱི་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ།
དོན་ཚན་བཅུ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཞིབ་འཇུག་གསར་སྤེལ་ལས་ཁུངས་དང་། མཐོ་རིམ་སློབ་ཆེན། ཁེ་ལས་བཅས་ཀྱིས་དམག་དམངས་མཉམ་འདྲེས་ཀྱི་ཚན་རྩལ་གསར་གཏོད་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་མ་དང་རྒྱབ་སྐྱོར་བྱས་ཏེ་དམག་སྤྱོད་དང་དམངས་སྤྱོད་ཀྱི་ལག་རྩལ་རྣམ་གྲངས་ཕན་ཚུན་བརྗེ་སྒྱུར་དང་དངོས་སྒྱུར་ཇེ་མགྱོགས་སུ་གཏོང་དགོས།
དོན་ཚན་བཅོ་ལྔ་པ། ཚན་རྩལ་འབྲས་བུ་བདག་འཛིན་པས་གཤམ་གསལ་བྱ་ཐབས་སྤྱད་དེ་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་ཆོག་པ་སྟེ། (གཅིག)རང་སོ་སོས་མ་རྩ་བཏང་སྟེ་དངོས་སྒྱུར་བྱེད་པ་དང་། (གཉིས)ཚན་རྩལ་འབྲས་བུ་དེ་མི་གཞན་ལ་ནང་བཤུག་གཏོང་བ། (གསུམ)ཚན་རྩལ་འབྲས་བུ་དེ་མི་གཞན་ལ་སྤྱོད་དུ་འཇུག་པ། (བཞི)ཚན་རྩལ་འབྲས་བུ་དེ་མཉམ་ལས་ཀྱི་ཆ་རྐྱེན་དུ་བྱས་ནས་མི་གཞན་དང་མཉམ་དུ་དངོས་སྒྱུར་བྱེད་པ། (ལྔ)ཚན་རྩལ་འབྲས་བུ་དེ་རིན་ཕབ་མ་འཇོག་བྱས་པར་བརྟེན་ནས། མ་རྐང་ངམ་ཡང་ན་མ་དངུལ་འདོན་པའི་བསྡུར་ཚད་ཕབ་རྩིས་བྱེད་པ། (དྲུག)གྲོས་མོལ་ཐོག་གཏན་འཁེལ་བྱས་པའི་བྱ་ཐབས་གཞན་དག་བཅས་སོ།
དོན་ཚན་བཅུ་དྲུག་པ། རང་སྐྱོང་ལྗོངས་ཀྱིས་ཞིབ་འཇུག་གསར་སྤེལ་ལས་ཁུངས་དང་མཐོ་རིམ་སློབ་ཆེན་ནས་ནང་བཤུག་གཏོང་བ་དང་། ཆོག་འཐུས་སམ་ཡང་ན་རིན་ཕབ་མ་འཇོག་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁེ་ལས་སམ་ཡང་ན་རྩ་འཛུགས་གཞན་དག་ལ་ཚན་རྩལ་འབྲས་བུ་བརྗེ་སྒྱུར་བྱེད་རྒྱུར་སྐུལ་མ་གཏོང་རྒྱུ། ནོར་སྲིད་ཀྱི་མ་དངུལ་ལ་བརྟེན་ནས་བཙུགས་པའི་ཞིབ་འཇུག་གསར་སྤེལ་ལས་ཁུངས་དང་མཐོ་རིམ་སློབ་ཆེན་གྱིས་ངེས་པར་དུ་ཚན་རྩལ་འབྲས་བུ་དངོས་སྒྱུར་ལ་དོ་དམ་དང་། སྒྲིག་འཛུགས། མཐུན་སྦྱོར་བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་འབྲས་བུ་དངོས་སྒྱུར་ཐད་ཀྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་དང་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་པའི་ལས་རིམ་ལེགས་བསྒྱུར་བྱས་ཐོག ཚན་པ་དེ་གའི་ལག་རྩལ་བརྗེ་སྒྱུར་གྱི་ལས་ཀའི་འགན་འཁུར་མཁན་ལས་ཁུངས་སམ་ཡང་ན་རང་ཚུགས་ཀྱི་ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་ཞབས་ཞུའི་ལས་ཁུངས་མངགས་ནས་ལག་རྩལ་བརྗེ་སྒྱུར་བྱེད་དགོས།
དོན་ཚན་བཅུ་བདུན་པ། ནོར་སྲིད་ཀྱི་མ་དངུལ་ལ་བརྟེན་ནས་བཙུགས་པའི་ཞིབ་འཇུག་གསར་སྤེལ་ལས་ཁུངས་དང་མཐོ་རིམ་སློབ་ཆེན་ནས་རང་ལ་བདག་པའི་ཚན་རྩལ་འབྲས་བུ་དེ། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ལོགས་སུ་གཏན་འབེབས་ཡོད་པ་ཕུད། ནང་བཤུག་གཏོང་རྒྱུ་དང་། ཆོག་འཐུས་སམ་ཡང་ན་རིན་ཕབ་མ་འཇོག་བྱེད་རྒྱུའི་ཐད་རང་སོ་སོས་ཐག་བཅད་ན་འགྲིག་མོད། ཡིན་ཡང་ངེས་པར་དུ་གྲོས་མོལ་ཐོག་གོང་ཚད་གཏན་འཁེལ་བྱེད་པ་དང་། ལག་རྩལ་ཉོ་འཚོང་ཁྲོམ་རའི་ཐོག་མིང་སྦྱར་ཉོ་འཚོང་བྱེད་པ། ཧབ་འཚོང་སྐུལ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གོང་ཚད་གཏན་འཁེལ་བྱེད་དགོས། གྲོས་མོལ་ཐོག་གོང་ཚད་གཏན་འཁེལ་བྱས་པའི་རིགས། ངེས་པར་དུ་ཚན་པ་དེ་གའི་ནང་ཚན་རྩལ་འབྲས་བུའི་མིང་དང་ཚོད་རྩིས་བྱས་པའི་ཉོ་འཚོང་གི་གོང་ཚད་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་བཅོ་བརྒྱད་པ། ནོར་སྲིད་ཀྱི་མ་དངུལ་ལ་བརྟེན་ནས་བཙུགས་པའི་ཞིབ་འཇུག་གསར་སྤེལ་ལས་ཁུངས་དང་མཐོ་རིམ་སློབ་ཆེན་ལ་ཐོབ་པའི་ལས་ཐོག་ཚན་རྩལ་འབྲས་བུའི་རིགས། ལེགས་འགྲུབ་བྱེད་མཁན་དང་ཐེ་ཞུགས་བྱེད་མཁན་གྱིས་ལས་ཐོག་ཚན་རྩལ་འབྲས་བུའི་བདག་ཁོངས་འགྱུར་བ་མི་གཏོང་བའི་སྔོན་འགྲོའི་འོག ཚན་པ་དེ་ག་དང་གྲོས་མོལ་བྱས་པར་གཞིགས་ནས་ཚན་རྩལ་འབྲས་བུ་དེ་དངོས་སྒྱུར་བྱེད་ཆོག་པ་མ་ཟད། གྲོས་མོལ་ནང་གཏན་འཁེལ་བྱས་པའི་ཁེ་དབང་ཡང་ལོངས་སུ་སྤྱོད་ཆོག ཚན་པ་དེ་གས་གོང་གསལ་ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་ལས་སྒོར་ངེས་པར་དུ་རྒྱབ་སྐྱོར་བྱེད་དགོས། ཚན་རྩལ་འབྲས་བུ་ལེགས་འགྲུབ་བྱེད་མཁན་ནམ་ཡང་ན་དཔྱོད་དོན་གྱི་འགན་འཁུར་བས་ལས་ཐོག་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་པར་འགོག་རྐྱེན་བཟོ་མི་ཆོག་ལ། ལས་ཐོག་ཚན་རྩལ་འབྲས་བུ་དང་དེའི་ལག་རྩལ་གྱི་དཔྱད་ཡིག་དང་གཞི་གྲངས་བདག་ཏུ་བཟུང་ནས་ཚན་པའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་གཏོང་རིགས་མི་ཆོག
དོན་ཚན་བཅུ་དགུ་པ། ཞིབ་འཇུག་གསར་སྤེལ་ལས་ཁུངས་དང་མཐོ་རིམ་སློབ་ཆེན་གྱི་གཙོ་འགན་སྡེ་ཚན་དང་། དེ་བཞིན་ནོར་སྲིད་དང་ཚན་རིག་ལག་རྩལ་སོགས་འབྲེལ་ཡོད་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཚན་རྩལ་འབྲས་བུ་དངོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུར་ཕན་པའི་ལས་རྗེས་དཔྱད་ཞིབ་དཔྱད་གདེང་གི་མ་ལག་བཙུགས་ནས་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱས་ཚུལ་དེ་འབྲེལ་ཡོད་ཚན་པ་དང་མི་སྣར་དཔྱད་གདེང་བྱེད་པ་དང་ཚན་ཞིབ་ཐད་མ་དངུལ་རྒྱབ་སྐྱོར་བྱེད་པའི་གལ་ཆེའི་ནང་དོན་དང་གཞི་འཛིན་ས་ཞིག་ལ་བརྩི་དགོས་པ་དང་། ཁྱད་པར་ཅན་གྱི་དཔྱད་ཞིབ་དཔྱད་གདེང་གི་ཚད་གཞི་སྤྱོད་དགོས་པ་མ་ཟད། ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་ལས་རྗེས་མངོན་གསལ་དོད་པའི་འབྲེལ་ཡོད་ཚན་པ་དང་མི་སྣར་ཚན་ཞིབ་ཐད་མ་དངུལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།ནོར་སྲིད་ཀྱི་མ་དངུལ་ལ་བརྟེན་ནས་བཙུགས་པའི་ཞིབ་འཇུག་གསར་སྤེལ་ལས་ཁུངས་དང་མཐོ་རིམ་སློབ་ཆེན་གྱིས་ངེས་པར་དུ་ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་ལས་ཀའི་ཁྱད་ཆོས་དང་མཐུན་པའི་ལག་རྩལ་གོ་མིང་དཔྱད་འབེབས་དང་། ལས་གནས་དོ་དམ། དཔྱད་ཞིབ་དཔྱད་གདེང་བཅས་ཀྱི་ལམ་ལུགས་བཙུགས་ཏེ། ཚན་རྩལ་འབྲས་བུ་དངོས་སྒྱུར་བྱས་ནས་ཐོབ་པའི་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་ལག་རྩལ་གོ་མིང་དཔྱད་འབེབས་ཀྱི་གལ་ཆེའི་ནང་དོན་ལ་བརྩིས་ཐོག རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁྱད་པར་ཅན་གྱི་ལག་རྩལ་གོ་མིང་དཔྱད་འབེབས་དང་། ལས་གནས་དོ་དམ། དཔྱད་ཞིབ་དཔྱད་གདེང་བཅས་ཀྱི་ཚད་གཞི་སྤྱད་དེ་ཡོང་འབབ་བགོ་འགྲེམས་བྱེད་པའི་སྐུལ་ལྕག་གཅུན་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་དང་གཞི་རིམ་འཐབ་ས་དང་པོའི་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་མཁན་གྱི་ཤེས་ལྡན་པར་ལག་རྩལ་གོ་མིང་དཔྱད་འབེབས་དང་། ལས་གནས་དོ་དམ། དཔྱད་ཞིབ་དཔྱད་གདེང་བཅས་བྱེད་སྐབས་ངེས་པར་དུ་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་པའི་ལས་རྗེས་དངོས་དེ་གལ་ཆེའི་གཞི་འཛིན་སར་བརྩི་དགོས། ཞིང་འབྲོག་ལས་ཀྱི་ལག་རྩལ་ཁྱབ་གདལ་མི་སྣར་ལག་རྩལ་གོ་མིང་དཔྱད་འབེབས་དང་། ལས་གནས་དོ་དམ། དཔྱད་ཞིབ་དཔྱད་གདེང་བཅས་བྱེད་སྐབས་ངེས་པར་དུ་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ལ་ཞབས་ཞུ་བསྒྲུབས་པའི་དངོས་ཡོད་ལས་རྗེས་དེ་གལ་ཆེའི་གཞི་འཛིན་སར་བརྩི་དགོས། གོང་གསལ་མི་སྣ་རིགས་གཉིས་ལ་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཁྱད་པར་ཅན་གྱི་ལག་རྩལ་གོ་མིང་དཔྱད་འབེབས་དང་། ལས་གནས་དོ་དམ། དཔྱད་ཞིབ་དཔྱད་གདེང་བཅས་བྱེད་པའི་ཚད་གཞི་སྤྱོད་དགོས།
དོན་ཚན་ཉི་ཤུ་པ། ནོར་སྲིད་ཀྱི་མ་དངུལ་ལ་བརྟེན་ནས་བཙུགས་པའི་ཞིབ་འཇུག་གསར་སྤེལ་ལས་ཁུངས་དང་མཐོ་རིམ་སློབ་ཆེན་གྱིས་ངེས་པར་དུ་དེ་གའི་གཙོ་འགན་སྡེ་ཚན་ལ་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱས་ཚུལ་གྱི་ལོ་འཁོར་སྙན་ཞུ་ཕུལ་ནས། ཚན་པ་དེ་གར་ཁྲིམས་བཞིན་ཐོབ་པའི་ཚན་རྩལ་འབྲས་བུའི་གྲངས་འབོར་དང་། དངོས་སྒྱུར་བྱས་ཚུལ། དེ་བཞིན་འབྲེལ་ཡོད་ཡོང་འབབ་བགོ་འགྲེམས་བྱས་ཚུལ་བཅས་གསལ་བཤད་རྒྱག་དགོས། གཙོ་འགན་སྡེ་ཚན་དེ་གས་ངེས་པར་དུ་གཏན་འབེབས་གཞིར་བཟུང་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱས་ཚུལ་གྱི་ལོ་འཁོར་སྙན་ཞུ་དེ་ནོར་སྲིད་དང་ཚན་རིག་ལག་རྩལ་སོགས་འབྲེལ་ཡོད་སྲིད་འཛིན་སྡེ་ཚན་ལ་འབུལ་དགོས།
དོན་ཚན་ཉེར་གཅིག་པ། ཁེ་ལས་ཀྱིས་ལག་རྩལ་གསར་པ་དང་། བཟོ་རྩལ་གསར་པ། རྒྱུ་ཆ་གསར་པ་བཅས་བེད་སྤྱོད་དང་ཐོན་རྫས་གསར་པ་ཐོན་སྐྱེད་བྱེད་ཆེད། རང་སོ་སོས་ཆ་འཕྲིན་འགྲེམས་སྤེལ་བྱེད་པའམ་ཡང་ན་ཚན་རྩལ་མཚམས་སྦྱོར་ཞབས་ཞུའི་ལས་ཁུངས་མངགས་ནས་རང་ལ་མཁོ་བའི་ཚན་རྩལ་འབྲས་བུ་བསྡུ་ལེན་བྱེད་པ་དང་། ཡང་ན་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་པའི་མཉམ་ལས་པ་བཙལ་འཚོལ་བྱས་ན་འགྲིག རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཚན་རིག་ལག་རྩལ་སྲིད་འཛིན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ངེས་པར་དུ་འགན་འཁྲི་ཁག་བགོས་ལྟར། ཁེ་ལས་ལ་མཁོ་བའི་ཚན་རྩལ་འབྲས་བུ་ཐོབ་རྒྱུར་རོགས་རམ་དང་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་ཉེར་གཉིས་པ། ཁེ་ལས་ལ་ཁྲིམས་བཞིན་རང་ཚུགས་སམ་ཡང་ན་མངའ་ཁོངས་ཕྱི་ནང་གི་ཁེ་ལས་དང་། བྱ་གཞག་ཚན་པ། དེ་བཞིན་མཉམ་ལས་པ་གཞན་དག་བཅས་དང་མཉམ་འབྲེལ་ཐོག་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་དབང་ཡོད། ཁེ་ལས་ཀྱིས་དྲང་གཞག་ཐོག་འགྲན་རྩོད་བྱས་པ་བརྒྱུད་དེ་སྲིད་གཞུང་ནས་སྒྲིག་འཛུགས་ལག་བསྟར་བྱས་པའི་ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་རྣམ་གྲངས་རིགས་རང་ཚུགས་སམ་ཡང་ན་ཚན་པ་གཞན་དག་དང་མཉམ་འབྲེལ་ཐོག་སྒྲུབ་འགན་ཁུར་ན་འགྲིག
དོན་ཚན་ཉེར་གསུམ་པ། གཞུང་ཁོངས་ཁེ་ལས་ཀྱིས་ངེས་པར་དུ་ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་སྐུལ་ལྕག་བགོ་འགྲེམས་ལམ་སྲོལ་བཙུགས་ནས། རྐང་དབང་ཕྱིར་འཚོང་བ་དང་། རྐང་དབང་བྱ་དགར་སྤྲོད་པ། རྐང་འཛིན་གྱི་དུས་དབང་། རྣམ་གྲངས་ཀྱི་ཁེ་འབབ་བགོ་བཤའ་རྒྱག་པ། ལས་ཐོག་གི་ཐོབ་ཆ་བགོ་བཤའ་རྒྱག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཚན་རྩལ་མི་སྣས་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་རྒྱུར་སྐུལ་ལྕག་གཏོང་དགོས།
དོན་ཚན་ཉེར་བཞི་པ། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ངེས་པར་དུ་གཞུང་ཁོངས་དང་དེ་བཞིན་མ་རྐང་གཞུང་གཙོའི་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་བྱེད་པའི་གཏོང་ཆ་དང་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་པའི་ལས་རྗེས་སོགས་ཀྱི་དམིགས་ཚད་དེ་ཁེ་ལས་ཀྱི་འགན་འཁུར་བའི་གཉེར་སྐྱོང་བྱས་འབྲས་ལ་དཔྱད་ཞིབ་བྱེད་པའི་ཁྱབ་ཁོངས་སུ་འཇུག་དགོས། གཞུང་ཁོངས་དང་དེ་བཞིན་མ་རྐང་གཞུང་གཙོའི་ཚན་རྩལ་རྣམ་པའི་ཁེ་ལས་ཀྱིས་དེ་སྔ་ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་། གསར་བཟོའི་ཐོན་ཁུངས་ཉོ་སྒྲུབ། ལས་རྣམ་གསར་གཏོད་ཕྱོགས་སྒྱུར་སོགས་ཐད་ཀྱི་གཏོང་ཆ་དེ་གཉེར་སྐྱོང་བྱས་འབྲས་ལ་དཔྱད་ཞིབ་བྱེད་པའི་ཁྲོད་ཁེ་སྤོགས་ལ་བརྩིས་ན་འགྲིག
དོན་ཚན་ཉེར་ལྔ་པ། ནོར་སྲིད་ཀྱི་མ་དངུལ་ལ་བརྟེན་ནས་བཙུགས་ཤིང་ཁྲོམ་རའི་ཐོག་ཉེར་སྤྱོད་ཀྱི་མདུན་ལམ་ཡོད་པ་དང་ཐོན་ལས་ཀྱི་དམིགས་ཚད་ཁ་གསལ་བའི་ཚན་རྩལ་རྣམ་གྲངས་རིགས་ལ་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་དང་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་ཞིབ་འཇུག་གསར་སྤེལ་བྱེད་པའི་ཁ་ཕྱོགས་གདམ་ག་དང་། རྣམ་གྲངས་ལག་བསྟར། གྲུབ་འབྲས་ཉེར་སྤྱོད་བཅས་བྱེད་པའི་ཁྲོད་ཁེ་ལས་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། ཁེ་ལས་དང་། ཞིབ་འཇུག་གསར་སྤེལ་ལས་ཁུངས། མཐོ་རིམ་སློབ་ཆེན། དེ་བཞིན་རྩ་འཛུགས་གཞན་དག་བཅས་ཀྱིས་མཉམ་དུ་ལག་བསྟར་བྱེད་རྒྱུར་སྐུལ་མ་གཏོང་དགོས།
དོན་ཚན་ཉེར་དྲུག་པ། རང་སྐྱོང་ལྗོངས་ནས་ཞིབ་འཇུག་གསར་སྤེལ་ལས་ཁུངས་དང་མཐོ་རིམ་སློབ་ཆེན་གྱིས་ཁེ་ལས་དང་ཕན་ཚུན་ཟུང་འབྲེལ་བྱས་ཏེ་མཉམ་འབྲེལ་ཐོག་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་པར་སྐུལ་མ་གཏོང་རྒྱུ། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ནམ་ཡང་ན་ཁེ་ལས་ཀྱིས་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་པའི་འོས་སྐུལ་འོས་དཔོད་ཀྱི་བྱེད་སྒོའི་ནང་ཞིབ་འཇུག་གསར་སྤེལ་ལས་ཁུངས་དང་མཐོ་རིམ་སློབ་ཆེན་ཞུགས་ཆོག
དོན་ཚན་ཉེར་བདུན་པ། རང་སྐྱོང་ལྗོངས་ཀྱིས་ཁེ་ལས་ནས་ཞིབ་འཇུག་གསར་སྤེལ་ལས་ཁུངས་དང་། མཐོ་རིམ་སློབ་ཆེན། རྩ་འཛུགས་གཞན་དག་བཅས་དང་མཉམ་འབྲེལ་ཐོག་ཞིབ་འཇུག་གསར་སྤེལ་གྱི་ལས་སྟེགས་དང་ལག་རྩལ་བརྗེ་སྒྱུར་ལས་ཁུངས་འཛུགས་པའམ་ཡང་ན་ལག་རྩལ་གསར་གཏོད་ཐད་མནའ་འབྲེལ་བྱེད་པ་སོགས་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་བྱེད་ཐབས་སྤྱད་དེ་མཉམ་དུ་ཞིབ་འཇུག་གསར་སྤེལ་དང་། གྲུབ་འབྲས་ཉེར་སྤྱོད་དང་ཁྱབ་གདལ། ཚད་གཞི་ཞིབ་འཇུག་དང་བཟོ་འབེབས་སོགས་ཀྱི་ལས་སྒོ་སྤེལ་བར་སྐུལ་མ་གཏོང་རྒྱུ། མཉམ་ལས་བྱེད་མཁན་ཕྱོགས་ཁག་གིས་ངེས་པར་དུ་གྲོས་མཐུན་བཞག་སྟེ་མཉམ་ལས་ཀྱི་སྒྲིག་འཛུགས་བྱེད་སྟངས་དང་། ལས་འགན་ཁག་བགོས། མ་དངུལ་གཏོང་ཆ། ཤེས་རིག་བདག་དབང་གཏོགས་ཁོངས། ཁེ་དབང་ཁག་བགོས། ཉེན་ཁ་མཉམ་འཁུར། གན་འགལ་འགན་འཁྲི་བཅས་ཀྱི་དོན་གནད་རིགས་ཁྲིམས་བཞིན་ཁ་ཆད་བྱེད་དགོས།
དོན་ཚན་ཉེར་བརྒྱད་པ། རང་སྐྱོང་ལྗོངས་ནས་ཞིབ་འཇུག་གསར་སྤེལ་ལས་ཁུངས་དང་མཐོ་རིམ་སློབ་ཆེན་གྱིས་ཁེ་ལས་དང་རྩ་འཛུགས་གཞན་དག་དང་ཚན་རྩལ་མི་སྣ་བརྗེ་རེས་བྱས་ཏེ་ཆེད་ལས་ཀྱི་ཁྱད་ཆོས་དང་ལས་རིགས་ཁྱབ་ཁོངས་ཀྱི་ལག་རྩལ་གོང་འཕེལ་གཏོང་བའི་དགོས་མཁོར་གཞིགས་ཏེ། ཁེ་ལས་དང་རྩ་འཛུགས་གཞན་དག་གི་ཚན་རྩལ་མི་སྣ་གདན་ཞུས་ཐོག་སློབ་ཁྲིད་དང་ཚན་ཞིབ་ཀྱི་ལས་ཀའི་ཞོར་འགན་འཁུར་རྒྱུར་སྐུལ་མ་གཏོང་རྒྱུ་དང་། ཚན་པ་དེ་གའི་ཚན་རྩལ་མི་སྣས་ཁེ་ལས་དང་དེ་མིན་གྱི་རྩ་འཛུགས་སུ་ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་ལས་སྒོ་སྤེལ་བར་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། ཚན་ཞིབ་མི་སྣས་ལས་གནས་ཀྱི་འགན་འཁྲི་ཡག་པོ་འཁུར་བ་དང་རང་འཁྲིའི་ལས་འགན་ལེགས་འགྲུབ་བྱས་པའི་སྔོན་འགྲོའི་འོག རང་གནས་སའི་ཚན་པའི་མོས་མཐུན་ཐོབ་པ་བརྒྱུད། ཁེ་ལས་དང་དེ་མིན་ཚན་ཞིབ་ལས་ཁུངས་དང་། མཐོ་སློབ། སྤྱི་ཚོགས་ཀྱི་རྩ་འཛུགས་སོགས་སུ་བསྐྱོད་དེ་ཞོར་འགན་འཁུར་བ་དང་སྦྲགས་ལུགས་མཐུན་གྱི་གླ་ཡོན་ལེན་ན་འགྲིག
དོན་ཚན་ཉེར་དགུ་པ། རང་སྐྱོང་ལྗོངས་ཀྱིས་ཁེ་ལས་ནས་ཞིབ་འཇུག་གསར་སྤེལ་ལས་ཁུངས་དང་། མཐོ་རིམ་སློབ་ཆེན། ལས་རིགས་སློབ་ཆེན། དེ་བཞིན་གསོ་སྦྱོང་ལས་ཁུངས་བཅས་དང་མཉམ་འབྲེལ་ཐོག་སློབ་མའི་དངོས་སྦྱོང་ལག་ལེན་གྱི་གསོ་སྦྱོང་རྟེན་གཞི་དང་ཞིབ་འཇུག་སློབ་མའི་ཚན་ཞིབ་ལག་ལེན་གྱི་ལས་སྒྲུབ་ལས་ཁུངས་བཙུགས་ཏེ། ཐུན་མོང་ཐོག་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པ་དང་རྩལ་ནུས་ཆེ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ།
དོན་ཚན་སུམ་ཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཞིང་འབྲོག་ལས་ཐད་ཀྱི་ཚན་རྩལ་གསར་གཏོད་དང་ཁྱབ་གདལ་གཏོང་བའི་མ་ལག་དང་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ནས་དང་། འབྲི་གཡག གཟན་རྩྭ་སོགས་ཁྱད་ལྡན་ཞིང་ཕྱུགས་རྒྱུད་བཟང་སོན་བཟང་བདམས་གསོ་དང་། གཟན་རྩྭ་འདེབས་འཛུགས། འབྲི་གཡག་གསོ་སྤེལ། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་ཞིབ་ཚགས། ཞིང་ཕྱུགས་ཐོན་རྫས་གནོད་མེད་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད། ཞིང་འབྲོག་ལས་ཀྱི་མཐོ་གསར་ལག་རྩལ་དང་དེ་བཞིན་ཐོན་ལས་ཅན་དུ་འགྱུར་རྒྱུ་སོགས་ཐད་ཀྱི་ཚན་རིག་ཞིབ་འཇུག་དང་། ལག་རྩལ་གསར་སྤེལ། གྲུབ་འབྲས་ནང་འདྲེན་དང་དངོས་སྒྱུར་བཅས་བྱེད་རྒྱུར་སྐུལ་འདེད་བཏང་ནས་དེང་རབས་ཀྱི་ཞིང་འབྲོག་ལས་གོང་འཕེལ་གཏོང་དགོས། རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ལས་ཀྱི་ཚན་ཞིབ་ལས་ཁུངས་དང་ཞིང་འབྲོག་ལས་ཀྱི་ཚོད་ལྟ་དཔེ་སྟོན་ཚན་པས་རང་ཚུགས་སམ་ཡང་ན་ཚན་པ་གཞན་དག་དང་མཉམ་ལས་བྱས་ཏེ་ཞིང་འབྲོག་ལས་ཀྱི་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་པར་སྐུལ་མ་གཏོང་རྒྱུ།
དོན་ཚན་སོ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཚན་ཞིབ་གསར་སྤེལ་ལས་ཁུངས་དང་། མཐོ་རིམ་སློབ་ཆེན། ལས་རིགས་སློབ་ཆེན་སོགས་ཀྱི་ཚན་པའི་ཁྲོད་ནས་ཚན་རྩལ་མངགས་གཏོང་པ་བདམས་གཏོང་བྱས་ཏེ། ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་བྱེད་རྒྱུ་དང་། ཞིང་འབྲོག་ཁུལ་གྱི་ཚན་རྩལ་གསར་གཏོད་བྱེད་རྒྱུ། ཞིང་འབྲོག་ལས་ཀྱི་ལག་རྩལ་ཁྱབ་གདལ་གཏོང་རྒྱུ་བཅས་ཀྱི་ཐད་མཛུབ་ཁྲིད་དང་ཞབས་ཞུ་བསྒྲུབས་ཏེ་ཚན་རྩལ་འབྲས་བུ་དངོས་སྒྱུར་དང་། ཁྱབ་གདལ། དེ་བཞིན་ཐོན་ལས་ཅན་དུ་འགྱུར་རྒྱུ་བཅས་ལ་སྐུལ་འདེད་བཏང་ན་འགྲིག
དོན་ཚན་སོ་གཉིས་པ། རང་སྐྱོང་ལྗོངས་ཀྱིས་ལག་རྩལ་ཁྲོམ་ར་སྐྱེད་སྲིང་དང་གོང་འཕེལ་གཏོང་རྒྱུ་དང་། ཚན་རྩལ་མཚམས་སྦྱོར་ཞབས་ཞུའི་ལས་ཁུངས་འཛུགས་གཉེར་བྱེད་རྒྱུར་སྐུལ་མ་བཏང་སྟེ་ལག་རྩལ་ཉོ་འཚོང་བྱེད་པར་གནས་ཡུལ་དང་ཆ་འཕྲིན་སྤེལ་གནས་མཁོ་འདོན་བྱེད་རྒྱུ་དང་། དེ་བཞིན་ཆ་འཕྲིན་དཔྱད་འཚོལ་དང་། བཟོ་སྣོན་དང་དབྱེ་ཞིབ། དཔྱད་དཔོག བར་གཉེར་སོགས་བྱེད་པར་ཞབས་ཞུ་བསྒྲུབ་རྒྱུ། ཚན་རྩལ་མཚམས་སྦྱོར་ཞབས་ཞུ་ལས་ཁུངས་ཀྱིས་ཞབས་ཞུ་སྒྲུབ་སྐབས་ངེས་པར་དུ་དྲང་གཞག་དང་། དོན་དངོས། ཡིད་རྟོན་རུང་བ་བཅས་ཀྱི་རྩ་དོན་ལ་བསྟུན་དགོས་པ་ལས་ཆ་འཕྲིན་དང་དཔང་རྟགས་རྫུན་མ་འདོན་མི་ཆོག་ལ། དེ་གས་ཞབས་ཞུ་སྒྲུབ་རིམ་ནང་ཤེས་རྟོགས་བྱུང་བའི་རྒྱལ་ཁབ་ཀྱི་གསང་བ་དང་དོ་བདག་གི་ཚོང་ལས་གསང་བའི་རིགས་བསྲུང་རྒྱུའི་འོས་འགན་ཡོད།
དོན་ཚན་སོ་གསུམ་པ། རང་སྐྱོང་ལྗོངས་ཀྱིས་ཐོན་ལས་དང་ཁུལ་ཁོངས་གོང་འཕེལ་གཏོང་རྒྱུའི་དགོས་མཁོ་ལྟར་སྤྱི་པའི་ཞིབ་འཇུག་གསར་སྤེལ་གྱི་ལས་སྟེགས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ནས་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་རྒྱུར་ལག་རྩལ་འདུས་གྲུབ་དང་། ཐུན་མོང་རང་བཞིན་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ། བར་འགྲིམ་ཚོད་ལྟ་དང་བཟོ་ལས་རང་བཞིན་གྱི་ཚོད་ལྟ། ཚན་རྩལ་འབྲས་བུ་རྒྱུད་ཁོངས་ཅན་དང་བཟོ་སྐྲུན་ཅན་གྱི་གསར་སྤེལ། ལག་རྩལ་ཁྱབ་གདལ་དང་དཔེ་སྟོན་སོགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུ།
དོན་ཚན་སོ་བཞི་པ། རང་སྐྱོང་ལྗོངས་ཀྱིས་ཚན་རྩལ་ཁེ་ལས་སྐྱོང་སྤེལ་བྱེད་གནས་དང་སློབ་ཆེན་གྱི་ཚན་རྩལ་གླིང་སོགས་ཚན་རྩལ་ཁེ་ལས་སྐྱོང་སྤེལ་ལས་ཁུངས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཐོག་མའི་འཛུགས་གཏོད་དུས་ཀྱི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་རིགས་ལ་སྐྱོང་སྤེལ་བྱེད་ས་མཁོ་འདོན་བྱེད་པ་དང་། མ་དངུལ་རྒྱབ་སྐྱོར་བྱེད་པ། ལས་གཏོད་ཟུར་ཁྲིད་བྱེད་པ་། ཞིབ་འཇུག་གསར་སྤེལ་དང་དོ་དམ་བློ་འདྲི་བྱེད་པ་སོགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུ།
ལེའུ་གསུམ་པ། འགན་སྲུང་བྱ་ཐབས།
དོན་ཚན་སོ་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དགོས་ངེས་ཀྱི་གྲོན་དངུལ་བཀོད་སྒྲིག་བྱས་ཏེ། ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་པའི་ཁྲིད་སྟོན་མ་དངུལ་དང་། དངུལ་བུན་སྐྱེད་གསབ། ཁ་གསབ་རོགས་དངུལ། ཉེན་ཟོན་མ་འཇོག དེ་མིན་གྱི་ཚན་རྩལ་འབྲས་བུ་དངོས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གཏོང་སྒོའི་ཐད་སྤྱོད་དགོས།
དོན་ཚན་སོ་དྲུག་པ། རང་སྐྱོང་ལྗོངས་ཀྱིས་འབྲེལ་ཡོད་ཁྲལ་བསྡུའི་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ་དང་གཏན་འབེབས་གཞིར་བཟུང་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་པའི་ཁྲལ་བསྡུའི་གཟིགས་སྐྱོང་རིགས་དོན་འཁྱོལ་བྱེད་རྒྱུ།
དོན་ཚན་སོ་བདུན་པ། རང་སྐྱོང་ལྗོངས་ནས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་སྒྲིག་འཛུགས་བྱེད་སྟངས་དང་། དོ་དམ་བྱེད་སྲོལ། དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་སོགས་ཀྱི་ཐད་གསར་གཏོད་བྱེད་པར་སྐུལ་མ་གཏོང་རྒྱུ་དང་། ཤེས་རིག་བདག་དབང་གི་གཏའ་འཇོག་དངུལ་བུན་དང་རྐང་དབང་གཏའ་འཇོག་དངུལ་བུན་སོགས་དངུལ་བུན་གྱི་ལས་སྒོ་སྤེལ་རྒྱུར་སྐུལ་མ་དང་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་པར་དངུལ་རྩའི་རྒྱབ་སྐྱོར་བྱེད་རྒྱུ། རང་སྐྱོང་ལྗོངས་ནས་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལས་ཁུངས་ཀྱིས་བྱ་ཐབས་སྤྱད་དེ་ཚན་རྩལ་འབྲས་བུ་དངོས་སྒྱུར་ཐད་དངུལ་རྩའི་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་མ་གཏོང་རྒྱུ། རང་སྐྱོང་ལྗོངས་ནས་ཁྲིམས་བཞིན་བཙུགས་པའི་མ་དངུལ་བསྡུ་རྒྱུག་ཁག་ཐེག་ལས་ཁུངས་ཀྱིས་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་རྒྱུའི་ཐད་མ་དངུལ་བསྡུ་རྒྱུག་གི་ཁག་ཐེག་བྱེད་པར་སྐུལ་མ་གཏོང་རྒྱུ།
དོན་ཚན་སོ་བརྒྱད་པ། རང་སྐྱོང་ལྗོངས་ནས་འགན་བཅོལ་ལས་ཁུངས་ཀྱིས་ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་ཁྱད་ཆོས་དང་འཚམ་པའི་འགན་བཅོལ་གྱི་སྣ་རིགས་གསར་སྤེལ་བྱས་ཏེ་ཚན་རྩལ་འབྲས་བུ་དངོས་སྒྱུར་ཐད་འགན་བཅོལ་གྱི་ཞབས་ཞུ་སྒྲུབ་པར་སྐུལ་མ་གཏོང་རྒྱུ།
དོན་ཚན་སོ་དགུ་པ། རང་སྐྱོང་ལྗོངས་ནས་ཁེ་ལས་ཀྱིས་རྐང་དབང་ཉོ་འཚོང་བྱེད་པ་དང་། ཁྲིམས་བཞིན་རྐང་འཛིན་དང་བུན་འཛིན་འགྲེམས་སྤེལ་བྱེད་པ་སོགས་ཐད་ཀའི་མ་དངུལ་བསྡུ་རྒྱུག་བྱེད་སྟངས་ལ་བརྟེན་ནས་ཚན་རྩལ་འབྲས་བུ་དངོས་སྒྱུར་ཀྱི་རྣམ་གྲངས་ལ་མ་དངུལ་བསྡུ་རྒྱུག་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ།
དོན་ཚན་བཞི་བཅུ་པ། རང་སྐྱོང་ལྗོངས་ཀྱིས་ལས་གཏོད་མ་འཇོག་ལས་ཁུངས་ནས་ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་རྣམ་གྲངས་ཐད་མ་འཇོག་བྱེད་པར་སྐུལ་མ་གཏོང་རྒྱུ། ལས་གཏོད་མ་འཇོག་ལས་ཁུངས་ཀྱིས་ཐོག་མའི་འཛུགས་གཏོད་དུས་ཀྱི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་རིགས་ལ་མ་འཇོག་བྱེད་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་རྒྱུ།
དོན་ཚན་ཞེ་གཅིག་པ། རང་སྐྱོང་ལྗོངས་ཀྱིས་ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་ཐེབས་རྩའམ་ཡང་ན་ཉེན་ཟོན་ཐེབས་རྩ་འཛུགས་རྒྱུར་སྐུལ་མ་གཏོང་རྒྱུ་དང་། དེ་གའི་མ་དངུལ་གྱི་ཡོང་ཁུངས་ནི་སྲིད་གཞུང་དང་། ཁེ་ལས། བྱ་གཞག་ཚན་པ། དེ་བཞིན་རྩ་འཛུགས་གཞན་དག་གམ་ཡང་ན་མི་སྒེར་བཅས་ནས་འདོན་རྒྱུ་དང་། གཏོང་སྒོ་མང་བ་དང་། ཉེན་ཁ་ཆེ་བ། ཐོན་སྒོ་མང་བ་བཅས་ཀྱི་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་རྒྱུའི་ཐད་སྤྱད་དེ་གལ་ཆེའི་ཚན་རྩལ་འབྲས་བུ་ཐོན་ལས་ཅན་དུ་ཇེ་མགྱོགས་སུ་འགྱུར་བ་བྱེད་རྒྱུ། ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་ཐེབས་རྩ་དང་ཉེན་ཟོན་ཐེབས་རྩ་བཟོ་འཛུགས་དང་དེ་བཞིན་མ་དངུལ་བེད་སྤྱོད་བྱེད་རྒྱུ་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱེད་རྒྱུ།
ལེའུ་བཞི་པ། ལག་རྩལ་གྱི་ཁེ་དབང་།
དོན་ཚན་ཞེ་གཉིས་པ། ཚན་རྩལ་འབྲས་བུ་ལེགས་འགྲུབ་བྱེད་མཁན་ཚན་པས་ཚན་པ་གཞན་དག་དང་མཉམ་ལས་བྱས་ཏེ་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་རིགས་ངེས་པར་དུ་ཚན་རྩལ་འབྲས་བུ་དེའི་འབྲེལ་ཡོད་ཁེ་དབང་གི་གཏོགས་ཁོངས་ཁྲིམས་བཞིན་གན་རྒྱ་བཞག་སྟེ་ཁ་ཆད་གཏན་འཁེལ་བྱེད་དགོས། གན་རྒྱའི་ནང་ཁ་ཆད་གཏན་འཁེལ་བྱས་མེད་ཚེ་གཤམ་གསལ་གྱི་རྩ་དོན་ལྟར་གཉེར་སྒྲུབ་བྱེད་དགོས་པ་སྟེ། (གཅིག)མཉམ་ལས་བྱས་ཏེ་དངོས་སྒྱུར་བྱེད་པའི་ནང་གསར་སྐྲུན་དང་གསར་གཏོད་གསར་པ་བྱས་མེད་ཚེ་ཚན་རྩལ་འབྲས་བུ་དེའི་ཁེ་དབང་ནི་ཚན་རྩལ་འབྲས་བུ་ལེགས་འགྲུབ་བྱེད་མཁན་གྱི་ཚན་པར་དབང་བ་དང་། (གཉིས)མཉམ་ལས་བྱས་ཏེ་དངོས་སྒྱུར་བྱེད་པའི་ནང་གསར་སྐྲུན་དང་གསར་གཏོད་གསར་པ་བྱས་ཡོད་ཚེ་གསར་སྐྲུན་དང་གསར་གཏོད་གསར་པ་དེའི་ཁེ་དབང་ནི་མཉམ་ལས་བྱེད་མཁན་ཕྱོགས་ཁག་ལ་མཉམ་དུ་དབང་བ། (གསུམ)མཉམ་ལས་བྱས་ཏེ་དངོས་སྒྱུར་བྱེད་པའི་ནང་བྱུང་བའི་ཚན་རྩལ་འབྲས་བུའི་རིགས་ཕྱོགས་ཁག་ཚང་མར་ལག་བསྟར་བྱེད་དབང་ཡོད་པས་ཚན་རྩལ་འབྲས་བུ་དེ་ནང་བཤུག་གཏོང་སྐབས་མཉམ་ལས་བྱེད་མཁན་ཕྱོགས་ཁག་གི་མོས་མཐུན་ཐོབ་པ་བྱེད་དགོས་པ་བཅས་སོ།
དོན་ཚན་ཞེ་གསུམ་པ། ནོར་སྲིད་ཀྱི་མ་དངུལ་ལ་བརྟེན་ནས་བཙུགས་པའི་ཞིབ་འཇུག་གསར་སྤེལ་ལས་ཁུངས་དང་མཐོ་རིམ་སློབ་ཆེན་གྱིས་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱས་ནས་ཐོབ་པའི་ཡོང་འབབ་རྣམས་ཚན་པ་དེ་གར་ཉར་འཇོག་བྱེད་རྒྱུ་དང་། ལས་ཐོག་ཚན་རྩལ་འབྲས་བུ་ལེགས་འགྲུབ་དང་དངོས་སྒྱུར་བྱེད་པའི་ཁྲོད་ལེགས་སྐྱེས་ཆེན་པོ་འབུལ་མཁན་གྱི་མི་སྣར་བྱ་དགའ་དང་གླ་ཡོན་སྤྲད་རྗེས། གཙོ་བོ་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་འབྲས་བུ་དངོས་སྒྱུར་བྱེད་རྒྱུ་སོགས་ཀྱི་འབྲེལ་ཡོད་ལས་ཀའི་ཐད་སྤྱོད་རྒྱུ།
དོན་ཚན་ཞེ་བཞི་པ། ལས་ཐོག་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱས་རྗེས། ཚན་རྩལ་འབྲས་བུ་ལེགས་འགྲུབ་བྱེད་མཁན་ཚན་པས་ཚན་རྩལ་འབྲས་བུ་དེ་ལེགས་འགྲུབ་དང་དངོས་སྒྱུར་བྱེད་པའི་ཁྲོད་ལེགས་སྐྱེས་ཆེན་པོ་འབུལ་མཁན་གྱི་མི་སྣར་བྱ་དགའ་དང་གླ་ཡོན་སྤྲོད་རྒྱུ། ཚན་རྩལ་འབྲས་བུ་ལེགས་འགྲུབ་བྱེད་མཁན་ཚན་པས་ཚན་རྩལ་མི་སྣར་བྱ་དགའ་དང་གླ་ཡོན་སྤྲོད་སྟངས་དང་། གྲངས་འབོར། དུས་བཅད་བཅས་གཏན་འབེབས་བྱེད་པའམ་ཡང་ན་དེ་དང་ཁ་ཆད་ཀྱིས་གཏན་འཁེལ་བྱས་ན་འགྲིག ཚན་པས་འབྲེལ་ཡོད་གཏན་འབེབས་བཟོ་སྐབས་ངེས་པར་དུ་ཚན་པ་དེ་གའི་ཚན་རྩལ་མི་སྣའི་བསམ་འཆར་གང་ལེགས་ཉན་དགོས་པ་མ་ཟད། ཚན་པ་དེ་གའི་ནང་འབྲེལ་ཡོད་གཏན་འབེབས་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་ཞེ་ལྔ་པ། ཚན་རྩལ་འབྲས་བུ་ལེགས་འགྲུབ་བྱེད་མཁན་ཚན་པས་བྱ་དགའ་དང་གླ་ཡོན་སྤྲོད་སྟངས་དང་གྲངས་འབོར་གཏན་འབེབས་བྱས་མེད་ལ། ཚན་རྩལ་མི་སྣ་དང་ཡང་དེ་སྐོར་ཁ་ཆད་གཏན་འཁེལ་བྱས་མེད་ཚེ། གཤམ་གསལ་གྱི་ཚད་གཞི་ལྟར་ལས་ཐོག་ཚན་རྩལ་འབྲས་བུ་ལེགས་འགྲུབ་དང་དངོས་སྒྱུར་བྱེད་པའི་ཁྲོད་ལེགས་སྐྱེས་ཆེན་པོ་འབུལ་མཁན་གྱི་མི་སྣར་བྱ་དགའ་དང་གླ་ཡོན་སྤྲོད་རྒྱུ་སྟེ། (གཅིག)ལས་ཐོག་ཚན་རྩལ་འབྲས་བུ་དེ་མི་གཞན་ལ་ནང་བཤུག་གཏོང་བ་དང་མི་གཞན་ལ་ལག་བསྟར་བྱེད་དུ་བཅུག་ཚེ། ཚན་རྩལ་འབྲས་བུ་དེ་ནང་བཤུག་བཏང་བའི་འབབ་སྨར་རམ་ཡང་ན་ཆོག་འཐུས་སྤྲད་པའི་འབབ་སྨར་ནང་ནས་བསྡུར་ཚད་བརྒྱ་ཆ་བདུན་ཅུ་ལས་མི་དམའ་བ་འཐེན་རྒྱུ་དང་། (གཉིས)ལས་ཐོག་ཚན་རྩལ་འབྲས་བུ་དེ་ལ་བརྟེན་ནས་རིན་ཕབ་མ་འཇོག་བྱས་ཚེ། ཚན་རྩལ་འབྲས་བུ་དེ་ལས་བྱུང་བའི་མ་རྐང་ངམ་ཡང་ན་མ་དངུལ་བཏང་བའི་བསྡུར་གྲངས་ནང་ནས་བསྡུར་ཚད་བརྒྱ་ཆ་བདུན་ཅུ་ལས་མི་དམའ་བ་འཐེན་རྒྱུ། (གསུམ)ལས་ཐོག་ཚན་རྩལ་འབྲས་བུ་དེ་རང་སོ་སོས་ལག་བསྟར་རམ་ཡང་ན་མི་གཞན་དང་མཉམ་ལས་ཐོག་ལག་བསྟར་བྱས་ཚེ། དངོས་སྒྱུར་བྱས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་བསྟུད་མར་ལོ་ལྔའི་ནང་ལོ་ལྟར་ཚན་རྩལ་འབྲས་བུ་དེ་ལག་བསྟར་བྱེད་པའི་ལས་གཉེར་ཁེ་འབབ་ནང་ནས་བསྡུར་ཚད་བརྒྱ་ཆ་བདུན་ལས་མི་དམའ་བ་འཐེན་རྒྱུ་བཅས་སོ། ནོར་སྲིད་ཀྱི་མ་དངུལ་ལ་བརྟེན་ནས་བཙུགས་པའི་ཞིབ་འཇུག་གསར་སྤེལ་ལས་ཁུངས་དང་མཐོ་རིམ་སློབ་ཆེན་གྱིས་ཚན་རྩལ་མི་སྣར་བྱ་དགའ་དང་གླ་ཡོན་སྤྲོད་སྟངས་དང་གྲངས་འབོར་གཏན་འབེབས་བྱས་པའམ་ཡང་ན་དེ་དང་ཁ་ཆད་ཀྱིས་གཏན་འཁེལ་བྱས་ཚེ་ངེས་པར་དུ་གོང་གསལ་དོན་ཚན་གྱི་ནང་གསེས་དང་པོ་ནས་གསུམ་པའི་བར་གཏན་འབེབས་བྱས་པའི་ཚད་གཞི་དང་མཐུན་དགོས། གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པས་བྱ་ཐབས་འདིའི་གཏན་འབེབས་ལྟར་ལས་ཐོག་ཚན་རྩལ་འབྲས་བུ་ལེགས་འགྲུབ་དང་དངོས་སྒྱུར་བྱེད་པའི་ཁྲོད་ལེགས་སྐྱེས་ཆེན་པོ་འབུལ་མཁན་གྱི་མི་སྣར་བྱ་དགའ་དང་གླ་ཡོན་སྤྲོད་རྒྱུའི་གཏོང་སྒོ་རྣམས་ལོ་དེ་རང་གི་ཚན་པ་དེ་གའི་གླ་ཕོགས་སྤྱི་འབོར་ཁོངས་སུ་བརྩི་རྒྱུ། ཡིན་ནའང་ལོ་དེ་རང་གི་ཚན་པ་དེ་གའི་གླ་ཕོགས་སྤྱི་འབོར་ལ་ཚོད་འཛིན་མི་ཐེབས་ལ་ཚན་པ་དེ་གའི་གླ་ཕོགས་སྤྱི་འབོར་གྱི་གཞི་གྲངས་ནང་དུའང་འཇུག་རྒྱུ་མིན། དོན་ཚན་འདིའི་ནང་གསེས་དང་པོའི་ནང་བརྗོད་པའི་འབབ་སྨར་ཞེས་པ་ནི་ལག་རྩལ་གན་རྒྱའི་ནང་གི་དངོས་ཡོད་བཙོངས་འབོར་ནང་ནས་མ་གནས་དང་ཁྲལ་དངུལ་གྱི་གཏོང་སྒོ་འཐེན་རྗེས་ཀྱི་ལྷག་ཐང་ལ་ཟེར། དེའི་ནང་ཚན་རྩལ་འབྲས་བུ་ཞིབ་འཇུག་གསར་སྤེལ་བྱེད་རྒྱུའི་ཐད་སྤྱད་པའི་ནོར་སྲིད་ཀྱི་མ་དངུལ་དེ་མ་གནས་ཁོངས་སུ་འཇུག་རྒྱུ་མིན།
ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་ཞེ་དྲུག་པ། ནོར་སྲིད་ཀྱི་མ་དངུལ་ལ་བརྟེན་ནས་འཛུགས་གཉེར་བྱས་པའི་ཚན་རྩལ་རྣམ་གྲངས་ཀྱི་སྒྲུབ་འགན་འཁུར་མཁན་གྱིས་བྱ་ཐབས་འདིའི་གཏན་འབེབས་ལྟར་ཚན་རྩལ་གྱི་སྙན་ཞུ་མ་ཕུལ་བ་དང་། ཚན་རྩལ་འབྲས་བུ་དང་འབྲེལ་ཡོད་ཤེས་རིག་བདག་དབང་གྱི་ཆ་འཕྲིན་ཕྱོགས་བསྡུས་འབུལ་སྐྱེལ་མ་བྱས་ཚེ་རྣམ་གྲངས་སྒྲིག་འཛུགས་ལག་བསྟར་བྱེད་མཁན་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་དང་དོ་དམ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ་བརྡ་ཁྱབ་བཏང་སྟེ་སྐྱོན་བརྗོད་བྱེད་རྒྱུ་དང་ལོ་གསུམ་ནང་ཚུན་དུ་ནོར་སྲིད་ཀྱི་མ་དངུལ་ལ་བརྟེན་ནས་འཛུགས་གཉེར་བྱས་པའི་ཚན་རྩལ་རྣམ་གྲངས་རིགས་དེ་གས་སྒྲུབ་འགན་འཁུར་རིགས་བཀག་འགོག་བྱེད་རྒྱུ། ནོར་སྲིད་ཀྱི་མ་དངུལ་ལ་བརྟེན་ནས་བཙུགས་པའི་ཞིབ་འཇུག་གསར་སྤེལ་ལས་ཁུངས་དང་མཐོ་རིམ་སློབ་ཆེན་གྱིས་བྱ་ཐབས་འདིའི་གཏན་འབེབས་ལྟར་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱས་ཚུལ་སྐོར་གྱི་ལོ་འཁོར་སྙན་ཞུ་མ་ཕུལ་ཚེ་རང་གི་གཙོ་འགན་སྡེ་ཚན་ནས་ཡོ་བསྲང་བྱེད་དུ་འཇུག་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ་བརྡ་ཁྱབ་བཏང་སྟེ་སྐྱོན་བརྗོད་བྱེད་རྒྱུ།
དོན་ཚན་ཞེ་བདུན་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཏེ་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་པའི་ཁྲོད་མི་བདེན་རྫུན་བཟོ་དང་མགོ་སྐོར་གྱི་བྱ་ཐབས་སྤྱད་དེ་བྱ་དགའ་དང་གཟི་བརྗིད་མཚན་སྙན་གཡོ་ལེན་བྱེད་པ་དང་། རྒྱུ་དངུལ་ཁ་བསླུས་རྒྱག་པ། ཁྲིམས་འགལ་གྱིས་ཁེ་གཙང་རག་ཐབས་བྱེད་པ་བཅས་བྱས་ཚེ་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་གྱིས་དོ་དམ་གྱི་འགན་འཁྲི་ལྟར་ཡོ་བསྲང་བྱེད་དུ་བཅུག་ཁར། དེའི་བྱ་དགའ་དང་གཟི་བརྗིད་མཚན་སྙན་མེད་པ་བཟོ་རྒྱུ་དང་། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ་མ་ཟད། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆའི་ལྡབ་གཉིས་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་འགེལ་རྒྱུ། མི་གཞན་ལ་དཔལ་འབྱོར་གྱི་གྱོང་གུན་བཟོས་ཚེ་ཁྲིམས་བཞིན་དམངས་དོན་གུན་གསབ་ཀྱི་འགན་འཁྲི་འཁུར་དུ་འཇུག་རྒྱུ། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།
དོན་ཚན་ཞེ་བརྒྱད་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཏེ། རྐུ་འཕྲོག་ངན་སྐུལ་དང་བསླུ་བྲིད་འཇིགས་སྐུལ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མི་གཞན་དག་གི་ཚན་རྩལ་འབྲས་བུ་བཙན་བཟུང་བྱེད་པ་དང་། མི་གཞན་དག་གི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བཏང་ཚེ་ཁྲིམས་བཞིན་དམངས་དོན་གུན་གསབ་ཀྱི་འགན་འཁྲི་འཁུར་དུ་འཇུག་རྒྱུ་དང་། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆའི་ལྡབ་གཉིས་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་འགེལ་ཆོག ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།
དོན་ཚན་ཞེ་དགུ་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་བར་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་བཅའ་ཁྲིམས་ཀྱི་འགན་འཁྲི་ཐད་གཏན་འབེབས་བྱས་ཟིན་རིགས་གཏན་འབེབས་དེ་བཞིན་ལག་བསྟར་བྱེད་རྒྱུ།
ལེའུ་དྲུག་པ། ཞར་བྱུང་།
དོན་ཚན་ལྔ་བཅུ་པ། བྱ་ཐབས་འདི་2019ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ། 2000ལོའི་ཟླ་7ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བཞི་པའི་ཐོག་གྲོས་འཆམ་བྱུང་བའི《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རྩལ་འབྲས་བུ་དངོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུའི་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》དེ་དུས་གཅིག་ཏུ་རྩིས་མེད་གཏོང་རྒྱུ།
(ལྗོངས་རྩོམ་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣