དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-10

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    [2018]ཡིག་ཨང་16པ།

    《བོད་རང་སྐྱོང་ལྗོངས་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག》འདི་2018ལོའི་ཟླ་12ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་དག་བཅོས་བྱས་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཞིང་། 2019ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་དམིགས་སུ་སྤྱི་བསྒྲགས་སྤེལ་རྒྱུ་ཡིན།

                                                                                                                           བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

                                                                                                                                                    2018ལོའི་ཟླ་12ཚེས་27ལ།

    དཀར་ཆག

    ལེའུ་དང་པོ། སྤྱིའི་རྩ་དོན།

    ལེའུ་གཉིས་པ། དུས་བཀག་ལྟར་ཚད་ལོན་གྱི་འཆར་འགོད་དང་ལྟ་སྐུལ་དོ་དམ།

    ལེའུ་གསུམ་པ། བྱེ(ཐལ)རྡུལ་གྱི་སྦགས་བཙོག་འགོག་བཅོས།

    ལེའུ་བཞི་པ། འཕྲུལ་སྒུལ་འཁོར་རིགས་དང་གྲུ་གཟིངས་སོགས་ཀྱི་སྦགས་བཙོག་འགོག་བཅོས།

    ལེའུ་ལྔ་པ། བཟོ་ལས་དང་དེ་བཞིན་ནུས་རྒྱུའི་སྦགས་བཙོག་འགོག་བཅོས།

    ལེའུ་དྲུག་པ། ཞིང་ལས་དང་དེ་མིན་གྱི་སྦགས་བཙོག་འགོག་བཅོས།

    ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    ལེའུ་བརྒྱད་པ། ཞར་བྱུང་།

    ལེའུ་དང་པོ། སྤྱིའི་རྩ་དོན། 

    དོན་ཚན་དང་པོ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལེགས་སུ་བཏང་སྟེ། རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་བྱས་ཐོག སྤྱི་དམངས་བདེ་ཐང་ཡོང་བར་འགན་སྲུང་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་སྤེལ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་གོང་འཕེལ་ཡོང་བར་སྐུལ་འདེད་བཅས་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་བཟོས་པ་ཡིན། 

    དོན་ཚན་གཉིས་པ། སྲོལ་ཡིག་འདི་རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་གི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་དང་དེའི་ལྟ་སྐུལ་དོ་དམ་ལ་སྤྱད་ན་འཐུས། 

    དོན་ཚན་གསུམ་པ། རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་བྱེད་སྐབས་ངེས་པར་དུ་རང་སྐྱོང་ལྗོངས་ཀྱི་མཁའ་རླུང་སྤུས་ཚད་ཡག་པོ་ཡོང་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་བྱེད་རྒྱུ་དམིགས་ཚད་དུ་བཟུང་ཐོག འབྱུང་རྩ་ནས་བཅོས་སྐྱོང་དང་། འཆར་འགོད་སྔོན་འགྲོ། དཔལ་འབྱོར་གོང་འཕེལ་གཏོང་སྟངས་འགྱུར་ལྡོག ཐོན་ལས་ཀྱི་གྲུབ་ཆ་དང་ཁྱབ་བཀོད་ལེགས་སྒྱུར། ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས། 

    དོན་ཚན་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་ཀྱི་འགན་འཁུར་ནས་འཆར་འགོད་བཟོ་བ་དང་བྱ་ཐབས་སྤྱད་དེ་རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་བྱེད་འབོར་ཚོད་འཛིན་བྱས་ནས་རླུང་ཁམས་ཆེ་མོའི་ཁོར་ཡུག་གི་སྤུས་ཚད་དེ་གཏན་འབེབས་ཀྱི་ཚད་གཞིར་སླེབས་པ་བྱེད་དགོས་པ་མ་ཟད། རིམ་པས་ཡག་ཏུ་འགྲོ་བ་བྱེད་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་འགོད་དུ་བཅུག་ནས་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ལ་ནོར་སྲིད་ནས་མ་དངུལ་གཏོང་བར་འགན་སྲུང་རྒྱུ་དང་། རླུང་ཁམས་ཆེ་མོའི་སྦགས་བཙོག་གི་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་རྒྱག་དགོས། ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་གིས་རྫོང་རིམ་མི་དམངས་སྲིད་གཞུང་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱི་མཛུབ་ཁྲིད་འོག གཏོགས་ཁོངས་དེ་གའི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ། རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ལ་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་གྱི་ལས་དོན་སྤེལ་རྒྱུ་སྒྲིག་འཛུགས་བྱེད་དགོས། 

    དོན་ཚན་ལྔ་པ། རང་སྐྱོང་ལྗོངས་ཀྱིས་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་དང་དཔྱད་ཞིབ་དཔྱད་གདེང་ལམ་ལུགས་ལག་བསྟར་བྱེད་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དཔྱད་ཞིབ་བྱ་ཐབས་བཟོས་ཏེ། རླུང་ཁམས་ཆེ་མོའི་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱེད་པའི་དམིགས་ཚད་དང་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་བྱེད་པའི་གཙོ་གནད་ལས་འགན་ལེགས་གྲུབ་བྱས་ཚུལ་ལ་དཔྱད་ཞིབ་བྱེད་དགོས་པ་མ་ཟད། དཔྱད་ཞིབ་བྱས་འབྲས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས། 

    དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ལ་གཅིག་གྱུར་ལྟ་སྐུལ་དོ་དམ་བྱེད་རྒྱུ། འབྲེལ་ཡོད་སྡེ་ཚན་གཞན་དག་གིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་སུ་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་བྱེད་པར་ལྟ་སྐུལ་དོ་དམ་བྱེད་རྒྱུ། 

    དོན་ཚན་བདུན་པ། རང་སྐྱོང་ལྗོངས་ཀྱིས་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ལ་ཚན་རིག་ལག་རྩལ་ཞིབ་འཇུག་བྱས་ཏེ་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་བྱེད་པའི་ཁྲོད་ཚན་རིག་ལག་རྩལ་གྱི་འདེགས་སྐྱོར་ནུས་པ་འདོན་པར་སྐུལ་མ་དང་རྒྱབ་སྐྱོར་བྱེད་རྒྱུ། 

    དོན་ཚན་བརྒྱད་པ། ཁེ་ལས་དང་བྱ་གཞག་ཚན་པ་དང་། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་ངེས་པར་དུ་བྱ་ཐབས་ནུས་ལྡན་སྤྱད་ནས་རླུང་ཁམས་ཆེ་མོའི་སྦགས་བཙོག་སྔོན་འགོག་བྱེད་པ་དང་ཉུང་དུ་གཏོང་དགོས་ཁར། གནོད་སྐྱོན་བཟོ་རིགས་ལ་ཁྲིམས་བཞིན་འགན་འཁྲི་ཁུར་དགོས། སྤྱི་དམངས་ཀྱིས་ངེས་པར་དུ་རླུང་ཁམས་ཆེ་མོའི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ། ཐཱན་ཉུང་དང་གྲོན་ཆུང་གི་འཚོ་བ་སྐྱེལ་སྟངས་ལ་བརྟེན་ནས་རླུང་ཁམས་ཆེ་མོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འོས་འགན་རང་རྟོགས་ངང་སྒྲུབ་དགོས།

    ལེའུ་གཉིས་པ། དུས་བཀག་ལྟར་ཚད་ལོན་གྱི་འཆར་འགོད་དང་ལྟ་སྐུལ་དོ་དམ།

    དོན་ཚན་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རང་གི་དྲ་རྒྱའི་ཐོག་རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞི་དང་རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་གི་ཚད་གཞི་ཁྱབ་བསྒྲགས་བྱས་ཏེ་སྤྱི་དམངས་ལ་རིན་མེད་དུ་ལྟ་བཤེར་དང་ཕབ་ལེན་བྱེད་པར་མཁོ་འདོན་བྱེད་དགོས། རང་སྐྱོང་ལྗོངས་སུ་ས་གནས་ཀྱི་ཚད་གཞི་མེད་ཚེ་རྒྱལ་ཁབ་ནས་བཟོ་འབེབས་བྱས་པའི་རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞི་དང་རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་གི་ཚད་གཞི་ལྟར་ལག་བསྟར་བྱེད་རྒྱུ། 

    དོན་ཚན་བཅུ་པ། རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞི་ལོན་པའི་ས་གནས(གྲོང་ཁྱེར)སྲིད་ཧྲུའུ(མི་དམངས་སྲིད་གཞུང་)དང་རྫོང་རིམ་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་བླང་བྱ་གཞིར་བཟུང་། བྱ་ཐབས་སྤྱད་དེ་རླུང་ཁམས་ཆེ་མོའི་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་བརྟན་འཁྱོངས་ཐུབ་པ་དང་ལེགས་བཅོས་ཡོང་བ་བྱེད་དགོས། རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞི་ལོན་མེད་པའི་ས་གནས(གྲོང་ཁྱེར)སྲིད་ཧྲུའུ(མི་དམངས་སྲིད་གཞུང་)དང་རྫོང་རིམ་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རླུང་ཁམས་ཆེ་མོའི་ཁོར་ཡུག་གི་སྤུས་ཚད་དུས་བཀག་ལྟར་ཚད་གཞི་ལོན་པ་བྱེད་པའི་འཆར་འགོད་བཟོ་དགོས་པ་མ་ཟད། བྱ་ཐབས་སྤྱད་དེ་དུས་བཀག་ལྟར་རླུང་ཁམས་ཆེ་མོའི་སྤུས་ཚད་ཀྱི་ཚད་གཞི་ལོན་པ་བྱེད་དགོས། རླུང་ཁམས་ཆེ་མོའི་ཁོར་ཡུག་གི་སྤུས་ཚད་དུས་བཀག་ལྟར་ཚད་གཞི་ལོན་པ་བྱེད་པའི་འཆར་འགོད་བཟོ་སྐབས། ངེས་པར་དུ་འབྲེལ་ཡོད་ཁེ་ལས་དང་བྱ་གཞག་ཚན་པ་དང་། ལས་རིགས་མཐུན་ཚོགས། ཆེད་ལས་མཁས་ཅན། དེ་བཞིན་སྤྱི་དམངས་སོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས་པ་མ་ཟད། རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་བླང་བྱ་དང་། དཔལ་འབྱོར་དང་ལག་རྩལ་གྱི་ཆ་རྐྱེན་ལ་གཞིགས་ནས་སྐབས་བསྟུན་དཔྱད་དཔོག་དང་དག་བཅོས་བྱེད་དགོས། རླུང་ཁམས་ཆེ་མོའི་ཁོར་ཡུག་གི་སྤུས་ཚད་དུས་བཀག་ལྟར་ཚད་གཞི་ལོན་པ་བྱེད་རྒྱུའི་འཆར་འགོད་དེ་ངེས་པར་དུ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས། ཆུད་བཙུགས་པའི་གྲོང་ཁྱེར་གྱི་རླུང་ཁམས་ཆེ་མོའི་ཁོར་ཡུག་གི་སྤུས་ཚད་དུས་བཀག་ལྟར་ཚད་གཞི་ལོན་པ་བྱེད་པའི་འཆར་འགོད་དེ་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་ལ་སྙན་ཐོ་དཔོད་དགོས། 

    དོན་ཚན་བཅུ་གཅིག་པ། རླུང་ཁམས་ཆེ་མོའི་ཁོར་ཡུག་ལ་གནོད་གཞི་ཡོད་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་སྐབས། ངེས་པར་དུ་ཁྲིམས་བཞིན་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་དཔྱད་གདེང་བྱས་ཏེ་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་དཔྱད་གདེང་ཡིག་ཆ་ཡོངས་བསྒྲགས་བྱེད་དགོས་པ་དང་། རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་བྱེད་སྐབས། ངེས་པར་དུ་འབུད་གཏོང་གི་ཚད་གཞི་དང་མཐུན་དགོས་པའི་ཁར། གཙོ་གནད་རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་གི་སྤྱི་འབོར་ཚོད་འཛིན་བྱེད་པའི་བླང་བྱར་སྲུང་བརྩི་ཞུ་དགོས།

    དོན་ཚན་བཅུ་གཉིས་པ། ཁྲིམས་ལྟར་བཙོག་འབུད་ཆོག་འཐུས་དོ་དམ་ཁེ་ལས་དང་བྱ་གཞག་ཚན་པར་ངེས་པར་དུ་བཙོག་འབུད་ཀྱི་འཁྲོལ་འཛིན་རག་ཐབས་བྱེད་དགོས་པ་མ་ཟད། བཙོག་འབུད་འཁྲོལ་འཛིན་གྱི་གཏན་འབེབས་གཞིར་བཟུང་བཙོག་དངོས་འབུད་གཏོང་བྱེད་དགོས། 

    དོན་ཚན་བཅུ་གསུམ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཤམ་སྤེལ་བྱས་པའི་གཙོ་གནད་རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་གི་སྤྱི་འབོར་ཚོད་འཛིན་དམིགས་ཚད་གཞིར་བཟུང་། སྲིད་འཛིན་ས་ཁོངས་དེ་གའི་གཙོ་གནད་རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་གི་སྤྱི་འབོར་ཚོད་འཛིན་བྱེད་པའམ་ཡང་ན་རིམ་པས་ཉུང་དུ་གཏོང་དགོས། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རླུང་ཁམས་ཆེ་མོའི་སྤུས་ཚད་ལེགས་སུ་གཏོང་བའི་དམིགས་ཚད་ལེགས་འགྲུབ་བྱུང་མེད་པ་དང་། གཙོ་གནད་རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་གི་སྤྱི་འབོར་ཚོད་འཛིན་དམིགས་ཚད་ལས་བརྒལ་བའམ་ཡང་ན་ཁུལ་ཁོངས་ཀྱི་རླུང་ཁམས་ཆེ་མོའི་སྤུས་ཚད་ཇེ་སྡུག་ཚབས་ཆེ་སོང་བའི་ས་ཁུལ་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་གནས་མི་དམངས་སྲིད་གཞུང་དེ་གའི་འགན་འཁུར་བ་གཙོ་བོ་བསྐོང་འདྲི་བྱེད་པ་མ་ཟད། ས་གནས་དེ་གའི་གཙོ་གནད་རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་གི་སྤྱི་འབོར་མང་དུ་འགྲོ་བའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་དཔྱད་གདེང་ཡིག་ཆར་ཞིབ་མཆན་སྤྲོད་མཚམས་འཇོག་དགོས། བསྐོང་འདྲི་བྱས་ཚུལ་ངེས་པར་དུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས། 

    དོན་ཚན་བཅུ་བཞི་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་རླུང་ཁམས་ཆེ་མོའི་ཁོར་ཡུག་གི་སྤུས་ཚད་དང་རླུང་ཁམས་ཆེ་མོའི་སྦགས་བཙོག་འབྱུང་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་དྲ་རྒྱ་འཛུགས་པ་དང་དོ་དམ་བྱེད་འགན་འཁུར་ཏེ་རླུང་ཁམས་ཆེ་མོའི་ཁོར་ཡུག་གི་སྤུས་ཚད་དང་རླུང་ཁམས་ཆེ་མོའི་སྦགས་བཙོག་འབྱུང་ཁུངས་ལ་ལྟ་ཞིབ་ཚད་ལེན་བྱས་ཐོག སྲིད་འཛིན་ས་ཁོངས་དེ་གའི་རླུང་ཁམས་ཆེ་མོའི་ཁོར་ཡུག་གི་སྤུས་ཚད་ཡག་ཉེས་ཀྱི་ཆ་འཕྲིན་གཅིག་གྱུར་ཁྱབ་བསྒྲགས་བྱེད་དགོས་པ་མ་ཟད། རྩིས་བཤེར་ལས་ཁུངས་དང་གནམ་གཤིས་སོགས་སྡེ་ཚན་གྱི་གཞི་གྲངས་མཉམ་དུ་སྤྱོད་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རིམ་པ་དེ་གའི་གནམ་གཤིས་གཙོ་འགན་ལས་ཁུངས་དང་མཉམ་དུ་རླུང་ཁམས་ཆེ་མོའི་སྦགས་བཙོག་བྱུང་ཚུལ་ལ་ཞིབ་འཇུག་བྱས་ནས། ཐུན་མོང་ཐོག་རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་ཀྱི་སྔོན་བརྡ་དང་ཉེན་བརྡ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ་དང་འཚོ་བའི་ཞབས་ཞུར་མཛུབ་ཁྲིད་ཡག་པོ་བྱེད་དགོས།

    དོན་ཚན་བཅོ་ལྔ་པ། རླུང་ཁམས་ཆེ་མོར་བཙོག་དངོས་འབུད་གཏོང་བྱེད་མཁན་ཁེ་ལས་དང་བྱ་གཞག་ཚན་པ་དང་། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་བྱེད་ས་འཛུགས་དགོས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་ནམ་ཡང་ན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཡོད་མཁན་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་དང་ལེན་བྱེད་དགོས། ལྐོག་ཏུ་བཙོག་དངོས་འབུད་གཏོང་བྱེད་པ་དང་། ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་སྒྱུར་བཟོ་དང་རྫུན་བཟོ་བྱེད་པ། ས་ཡུལ་དངོས་ཀྱི་ཞིབ་བཤེར་ལ་གཡོལ་ཐབས་བྱེད་པ་བཅས་དམིགས་ཡུལ་དུ་བཟུང་ནས་གནས་སྐབས་ཐོན་སྐྱེད་བྱེད་མཚམས་འཇོག་པ་དང་། གནས་ཚུལ་ཛ་དྲག་པོ་མེད་སྐབས་འཕྲལ་སྡོམ་འབུད་གཏོང་བྱེད་ལམ་འབྱེད་པ། རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་སྒྲིག་བཀོད་རྒྱུན་གཏན་ལྟར་འཁོར་སྐྱོད་མི་བྱེད་པ་སོགས་ལྟ་འདོམས་ལ་གཡོལ་ཐབས་བྱས་ཏེ་རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་བྱེད་རིགས་བཀག་འགོག་བྱེད་རྒྱུ།

    དོན་ཚན་བཅུ་དྲུག་པ། ས་གནས(གྲོང་ཁྱེར)རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་གཏན་འབེབས་གཞིར་བཟུང་གཙོ་གནད་བཙོག་འབུད་ཚན་པའི་མིང་གཞུང་གཏན་འཁེལ་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས། རླུང་ཁམས་ཆེ་མོར་བཙོག་དངོས་འབུད་གཏོང་བྱེད་མཁན་གཙོ་གནད་བཙོག་འབུད་ཚན་པས་ངེས་པར་དུ་རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་གི་རང་འགུལ་ལྟ་ཞིབ་ཚད་ལེན་སྒྲིག་ཆས་བསྒར་སྒྲིག་བྱེད་པ་དང་བེད་སྤྱོད་བྱས་ཏེ་རྒྱུན་གཏན་བཞིན་འཁོར་སྐྱོད་ཐུབ་པ་བྱེད་རྒྱུ་མ་ཟད། ས་གནས(གྲོང་ཁྱེར)སྲིད་ཧྲུའུ(མི་དམངས་སྲིད་གཞུང་)སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱི་ལྟ་འདོམས་སྒྲིག་ཆས་དང་དྲ་འབྲེལ་ཐུབ་པའི་འགན་ལེན་བྱེད་དགོས། གཙོ་གནད་བཙོག་འབུད་ཚན་པས་ངེས་པར་དུ་རང་འགུལ་ངང་ལྟ་ཞིབ་ཚད་ལེན་བྱེད་པའམ་ཡང་ན་འོས་ཐོབ་ཡོད་མཁན་ཕྱོགས་གསུམ་པའི་ལྟ་ཞིབ་ཚད་ལེན་ཚན་པ་མངགས་བཅོལ་གྱིས་ལྟ་ཞིབ་ཚད་ལེན་བྱེད་དགོས་པ་མ་ཟད། ཐོག་མའི་ལྟ་ཞིབ་ཚད་ལེན་གྱི་ཟིན་ཐོ་ཉར་ཚགས་བྱེད་དགོས་པ་དང་། དྲ་ཚུགས་སམ་ཡང་ན་སྤྱི་དམངས་ཀྱིས་ཤེས་བདེ་བའི་བྱེད་ཐབས་གཞན་དག་སྤྱད་དེ་དུས་བཀག་ལྟར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས། རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་ཀྱི་ལྟ་ཞིབ་ཚད་ལེན་སྒྲིག་བཀོད་དང་རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་གི་རང་འགུལ་ལྟ་ཞིབ་ཚད་ལེན་སྒྲིག་ཆས་བཟུང་སྤྱོད་བྱེད་པ་དང་། གཏོར་སྐྱོན་གཏོང་བའམ་ཡང་ན་རང་འགར་སྤོ་འགྱུར་བྱེད་རིགས་བཀག་འགོག་བྱེད་དགོས། 

    དོན་ཚན་བཅུ་བདུན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་བྱེད་མཁན་ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཡིད་རྟོན་དཔྱད་གདེང་མ་ལག་འཛུགས་དགོས་པ་དང་། དཔྱད་འདེང་བྱས་འབྲས་དེ་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་ནང་འཇུག་དགོས་པ་མ་ཟད། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས།

    དོན་ཚན་བཅོ་བརྒྱད་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྦགས་བཙོག་ཆེ་བའི་གནམ་གཤིས་དང་ཁུལ་ཁོངས་ཀྱི་རླུང་ཁམས་ཆེ་མོའི་ཁོར་ཡུག་གི་སྤུས་ཚད་ཇེ་སྡུག་ཚབས་ཆེ་སོང་བའི་འཕྲལ་སྡོམ་སྔོན་ཇུས་བཟོ་དགོས་པ་དང་། སྦགས་བཙོག་ཆེ་བའི་གནམ་གཤིས་ཉེན་བརྡའི་རིམ་པའམ་ཡང་ན་ཁུལ་ཁོངས་ཀྱི་རླུང་ཁམས་ཆེ་མོའི་ཁོར་ཡུག་གི་སྤུས་ཚད་ཇེ་སྡུག་ཚབས་ཆེ་འགྲོ་སྐབས་ལ་གཞིགས་ཏེ་ཁྲིམས་བཞིན་འཕྲལ་སྡོམ་སྔོན་ཇུས་འདོན་པ་དང་བབ་མཚུངས་ཀྱི་དང་ལེན་བྱ་ཐབས་ལག་བསྟར་བྱེད་དགོས། གཙོ་གནད་བཙོག་འབུད་ཚན་པས་ངེས་པར་དུ་སྦགས་བཙོག་ཆེ་བའི་གནམ་གཤིས་ཀྱི་འཕྲལ་སྡོམ་སྔོན་ཇུས་ཀྱི་བླང་བྱར་གཞིགས་ཏེ་འཕྲལ་སྡོམ་དང་ལེན་བྱེད་པའི་བཀོལ་སྤྱོད་ཇུས་གཞི་བཟོ་དགོས་པ་མ་ཟད། གཏན་འབེབས་ལྟར་བབ་མཚུངས་ཀྱི་དང་ལེན་བྱ་ཐབས་ལག་བསྟར་བྱེད་དགོས། སྤྱི་དམངས་དང་། ཁྲིམས་ཚན། དེ་བཞིན་རྩ་འཛུགས་གཞན་དག་བཅས་ཀྱིས་ངེས་པར་དུ་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་ནས་སྦགས་བཙོག་ཆེ་བའི་གནམ་གཤིས་ཀྱི་འཕྲལ་སྡོམ་དང་ལེན་བྱ་ཐབས་སྤྱོད་པར་གཞོགས་འདེགས་བྱེད་དགོས། 

    དོན་ཚན་བཅུ་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གནད་ཁུལ་ཁོངས་ཀྱི་སྦགས་བཙོག་ཆེ་བའི་གནམ་གཤིས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ཉེན་བརྡའི་ལམ་སྲོལ་འཛུགས་རྒྱུ། ས་གནས་དང་གྲོང་ཁྱེར་མང་པོ་དང་འབྲེལ་བ་ཡོད་པའི་ཁུལ་ཁོངས་རང་བཞིན་གྱི་སྦགས་བཙོག་ཆེ་བའི་གནམ་གཤིས་ཐོན་སྐབས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་། ས་གནས(གྲོང་ཁྱེར)སྲིད་ཧྲུའུ(མི་དམངས་སྲིད་གཞུང་)དང་མཉམ་དུ་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡ་གཏོང་བ་དང་། ཆ་འཕྲིན་ཁྱབ་བསྒྲགས་བྱས་ཁར། འབྲེལ་ཡོད་ཁེ་ལས་ཀྱི་ཐོན་སྐྱེད་བྱེད་མཚམས་འཇོག་པའམ་ཡང་ན་ཐོན་སྐྱེད་བྱེད་པར་ཚད་བཀག་བཟོ་བ་དང་། འཕྲུལ་སྒུལ་འཁོར་རིགས་ཁག་གཅིག་འགྲོ་སྐྱོད་བྱེད་རིགས་ཚད་བཀག་བཟོ་བ། ཤོག་སྦག་རྒྱག་རིགས་བཀག་འགོག་བྱེད་པ། ཨར་ལས་ཁུལ་དུ་ས་ལས་རྡོ་ལས་དང་ཨར་སྐྲུན་དངོས་པོ་བཤིག་པའི་ལས་ཀ་བྱེད་མཚམས་འཇོག་པ། བསང་གཏོང་མཚམས་འཇོག་པ། མཐོངས་ཡངས་སུ་ཟས་རིགས་སྲེག་མཚམས་འཇོག་པ། བུ་བཅོལ་ཁང་དང་སློབ་གྲྭས་ཕྱི་རོལ་དུ་བྱེད་སྒོ་སྤེལ་མཚམས་འཇོག་པ། མི་ཐབས་ཀྱིས་གནམ་གཤིས་སྒྱུར་བའི་ལས་ཀ་སྒྲིག་འཛུགས་བྱེད་པ་སོགས་ཀྱི་འཕྲལ་མཁོའི་བྱ་ཐབས་སྤེལ་ཆོག

    དོན་ཚན་ཉི་ཤུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ལོ་ལྟར་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ནམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་ཚད་ལེགས་འགྲུབ་བྱས་ཚུལ་སྙན་སེང་ཞུ་སྐབས་ངེས་པར་དུ་རླུང་ཁམས་ཆེ་མོའི་ཁོར་ཡུག་གི་སྤུས་ཚད་དུས་བཀག་ལྟར་ཚད་གཞི་ལོན་པ་བྱེད་པའི་འཆར་འགོད་ལག་བསྟར་བྱས་ཚུལ་སྙན་སེང་ཞུ་རྒྱུ་མ་ཟད། སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས། 

    དོན་ཚན་ཉེར་གཅིག་པ། སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱིས་ཡོངས་བསྒྲགས་ཐེར་འདོན་ཁ་པར་དང་། གློག་རྡུལ་ཡིག་སྒམ་སོགས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་དང་། རླུང་ཁམས་ཆེ་མོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཡོད་མཁན་སྡེ་ཚན་གཞན་དག་ལ་རླུང་ཁམས་ཆེ་མོར་སྦགས་བཙོག་བཟོ་བའི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱས་ཆོག སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་དང་། རླུང་ཁམས་ཆེ་མོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཡོད་མཁན་སྡེ་ཚན་གཞན་དག་ལ་ཐེར་འདོན་འབྱོར་ཕྱིན། ངེས་པར་དུ་གཏན་འབེབས་ལྟར་ཐོ་འགོད་དང་ཞིབ་དཔྱད་བྱེད་པ་མ་ཟད། དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། མིང་བཀོད་ཐེར་འདོན་བྱས་རིགས་ངེས་པར་དུ་གཏན་འབེབས་ཀྱི་དུས་ཚད་ནང་གཉེར་སྒྲུབ་ཚར་བ་མ་ཟད། གཉེར་སྒྲུབ་བྱས་འབྲས་དེ་ལས་ཀའི་ཉིན་གྲངས་གསུམ་གྱི་ནང་ཚུན་དུ་ཐེར་འདོན་བྱེད་མཁན་ལ་ལན་འདེབས་བྱེད་དགོས། སྡེ་ཚན་དེ་གའི་འགན་འཁྲིའི་དབང་ཚད་ཁྱབ་ཁོངས་སུ་མི་གཏོགས་པའི་ཐེར་འདོན་བྱས་རིགས་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་གཉེར་སྒྲུབ་བྱེད་རྒྱུར་བརྒྱུད་སྤྲོད་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་དང་། རླུང་ཁམས་ཆེ་མོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཡོད་མཁན་སྡེ་ཚན་གཞན་དག་གིས་ངེས་པར་དུ་དངོས་ར་གསལ་འཕྲོད་བྱུང་བའི་མིང་བཀོད་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་དགོས་པ་མ་ཟད། ཐེར་འདོན་བྱེད་མཁན་གྱི་འབྲེལ་ཡོད་ཆ་འཕྲིན་གྱི་གསང་བ་སྲུང་དགོས།

    ལེའུ་གསུམ་པ། བྱེ(ཐལ)རྡུལ་གྱི་སྦགས་བཙོག་འགོག་བཅོས། 

    དོན་ཚན་ཉེར་གཉིས་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དང་། གྲོང་རྣམ་ཁོར་ཡུག་འཕྲོད་བསྟེན། འགྲིམ་འགྲུལ་སྐྱེལ་འདྲེན། རང་བྱུང་ཐོན་ཁུངས། ཞིང་ལས་དང་གྲོང་གསེབ། ནགས་ལས་དང་རྩྭ་ཐང་། ཆུ་བེད་སོགས་སྡེ་ཚན་གྱིས་ངེས་པར་དུ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་འགན་འཁྲི་གཞིར་བཟུང་། བྱེ(ཐལ)རྡུལ་གྱི་སྦགས་བཙོག་འགོག་བཅོས་ལ་ལྟ་སྐུལ་དོ་དམ་བྱེད་དགོས་པ་མ་ཟད། བྱེ(ཐལ)རྡུལ་གྱི་སྦགས་བཙོག་ཆ་འཕྲིན་མཉམ་སྤྱོད་བྱེད་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མཉམ་དུ་བྱེ(ཐལ)རྡུལ་གྱི་སྦགས་བཙོག་འགོག་བཅོས་ཀྱི་ལས་དོན་ཡག་པོར་སྒྲུབ་དགོས། 

    དོན་ཚན་ཉེར་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཤིང་འཛུགས་ནགས་བཟོ་དང་། རྩྭ་འདེབས། རྨོ་སྐྱུར་ནགས་འདེབས་རྩྭ་གསོ། སྐྱས་སྤོས་རྩྭ་གསོ་གཤེར་གསོ། འཁྱགས་རོམ་སྲུང་སྐྱོབ། ས་ཆུ་ཤོར་རིགས་བཅོས་སྐྱོང་སོགས་ཀྱི་བྱ་ཐབས་སྤྱད་དེ་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དགོས། 

    དོན་ཚན་ཉེར་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བྱེ་སྐྱོན་འགོག་བཅོས་ཀྱི་འཆར་འགོད་གཞིར་བཟུང་། རྒྱ་སྡོམ་སྲུང་སྐྱོབ་དང་། བྱེ་འགོག་ནགས་བཟོ་རྩྭ་གསོ་སོགས་ཀྱི་བྱ་ཐབས་སྤྱད་ནས་ས་ཞིང་བྱེ་འགྱུར་དང་ཐང་རྒོད་དུ་འགྱུར་རིགས་འགོག་བཅོས་བྱེད་པའི་ལས་དོན་སྤེལ་ཐོག སྔོ་ལྗང་ཁེབས་ཚད་དང་ས་ངོས་གཏན་འཇགས་ཡོང་ཚད་མཐོ་རུ་གཏོང་དགོས། 

    དོན་ཚན་ཉེར་ལྔ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཙང་པོ་དང་། ཆུ་བོ། ལྕགས་ལམ་དང་གཞུང་ལམ་བཅས་ཀྱི་འགྲམ་རྒྱུད་དུ་སྔོ་ལྗང་སྐྱེ་ཁམས་ཀྱི་ཁྱམས་ལམ་འཛུགས་སྐྲུན་བྱེད་དགོས། ཆ་རྐྱེན་འཚམ་པའི་འདེབས་འཛུགས་འཕྲོད་སར་ཁྲིམས་དང་སྒྲིག་སྲོལ་ལྟར་རྒྱལ་ཁོངས་ས་ཆ་སྔོ་ལྗང་ཅན་དུ་སྒྱུར་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བྱ་ཐབས་སྤྱད་དེ་འགྲོ་ལམ་དང་། ཡུལ་མིའི་འཚོ་སྡོད་ཁུལ། སྒོ་ར་སྔོ་འགྱུར་དང་། ལྗང་མདོག་འགྲོ་ལམ། ལྗང་མདོག་ཁྱམས་རིང་། སྤྱི་གླིང་གི་སྤང་ས་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གྲོང་ཁྱེར་གྲོང་རྡལ་གྱི་ས་སྐྱ་ཐེར་ལ་ངེས་པར་དུ་སྔོ་སྒྱུར་བཟོ་བའམ་ཡང་ན་ཆུ་སིམ་ས་འདིང་དགོས། 

    དོན་ཚན་ཉེར་དྲུག་པ། ཞིང་འབྲོག་པས་ཤིང་འཛུགས་རྩྭ་འདེབས་ལ་འཚམ་པའི་ཁང་པའི་རྒྱབ་མདུན་དུ་ཤིང་འཛུགས་རྩྭ་འདེབས་བྱེད་དགོས་པ་དང་། ཆ་རྐྱེན་འཛོམས་པའི་དུད་ཚང་དང་གྲོང་ཚོ་ཚང་མར་སྐྱེ་ཤིང་ཡོད་པ་བྱེད་དགོས། ཤིང་རྩྭ་འཕྲོད་སར་སྔོན་ལ་འདེབས་འཛུགས་དང་རྗེས་སུ་ཁ་གསབ་བྱེད་པ་དང་། བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ། བླུ་ཉོ་དང་བོགས་མར་གཏོང་བ། ས་ཆ་སྔོ་ལྗང་དུ་སྒྱུར་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཤིང་འཛུགས་རྩྭ་འདེབས་བྱེད་དགོས། 

    དོན་ཚན་ཉེར་བདུན་པ། ཨར་ལས་ཚན་པས་ངེས་པར་དུ་གཤམ་གསལ་བྱ་ཐབས་སྤྱད་དེ་བྱེ(ཐལ)རྡུལ་གྱི་སྦགས་བཙོག་འགོག་བཅོས་བྱེད་དགོས་པ་སྟེ། (གཅིག)ཚད་ལྡན་གྱི་བླང་བྱ་ལྟར་ར་བ་བརྟན་པོ་བསྐོར་ནས་སྒོ་བསྡམས་ཨར་སྐྲུན་བྱེད་དགོས་པ་དང་། (གཉིས)ཨར་ལས་བྱ་ཡུལ་གྱི་འཛུལ་སྒོ་ཐོན་སྒོར་ཐལ་རྡུལ་གྱི་སྦགས་བཙོག་ཚོད་འཛིན་བྱེད་ཐབས་དང་། འགན་འཁུར་མི་སྣ། ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་མི་སྣ། ཐལ་རྡུལ་ལྟ་སྐུལ་དོ་དམ་གྱི་གཙོ་འགན་སྡེ་ཚན། ཐེར་འདོན་ཁ་པར་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས་པ། (གསུམ)ཨར་ལས་བྱ་ཡུལ་ནང་གི་འགྲོ་ལམ་གཙོ་བོ་དང་དངོས་པོ་སྤུང་འཇོག་བྱེད་ས་མཁྲེགས་འགྱུར་བཟོ་བ་དང་། ལས་ཡུལ་གཞན་དག་ལ་ཁེབས་གཡོག་པའམ་ཡང་ན་གནས་སྐབས་སྔོ་འགྱུར་བྱེད་དགོས་ལ། ས་གཅིག་སྡུད་སྤུང་འཇོག་བྱེད་སར་ཁེབས་གཡོག་པའམ་ཡང་ན་སྲ་འགྱུར་གྱི་བྱེད་ཐབས་སྤྱོད་དགོས་པ། (བཞི)གནམ་གཤིས་སྔོན་བརྡའི་རླུང་ཤུགས་རིམ་པ་བཞི་ཡན་ཟིན་སྐབས་ས་ལས་རྡོ་ལས་བྱེད་མཚམས་འཇོག་པ་དང་། དེ་བཞིན་བཤིག་པ་དང་ཐལ་རྡུལ་གྱི་སྦགས་བཙོག་གཞན་དག་ཡོང་བཟོ་ཡོད་པའི་ཨར་ལས་མཚམས་འཇོག་བྱེད་དགོས་པ། (ལྔ)ཨར་ལས་བྱ་ཡུལ་གྱི་འཛུལ་སྒོ་ཐོན་སྒོར་རླངས་འཁོར་འཁྲུ་སའི་སྒྲིག་བཀོད་བཙུགས་ཏེ་ཨར་སྐྲུན་འཁོར་རིགས་ཆུ་བཤལ་བཏང་རྗེས་གཞི་ནས་ལས་ཡུལ་དུ་བསྐྱོད་ཆོག་པ་དང་། འདམ་བག་འགོས་བཞིན་དུ་གཞུང་ལམ་ཐོག་འགྲོ་སྐྱོད་བྱེད་མི་ཆོག རླངས་འཁོར་འཁྲུ་སར་ཆུ་འབུད་བཤངས་དང་འདམ་སྙིགས་སིམ་སའི་སྒྲིག་བཀོད་ཚང་སྒྲིག་བཟོ་དགོས་པ། (དྲུག)འཛུགས་སྐྲུན་ཨར་ལས་བྱ་ཡུལ་གྱི་འགྲོ་ལམ་དང་དེ་བཞིན་འཛུལ་སྒོ་དང་ཐོན་སྒོའི་མཐའ་འཁོར་གྱི་རྨིད་བརྒྱ་ནང་ཚུན་གྱི་འགྲོ་ལམ་ཐོག་འདམ་བག་དང་ཨར་སྐྲུན་གྱི་གད་སྙིགས་ཡོད་མི་ཆོག་པ། (བདུན)ཁང་པ་ཨར་སྐྲུན་བྱེད་སའི་ལས་ཡུལ་ལ་ངེས་པར་དུ་སྐྲུན་དངོས་ཀྱི་སྐོར་གྱང་མཐོ་རུ་གཏོང་དགོས་པ་དང་སྦྲགས་ཕྱིའི་ལས་ཁྲི་འཛུགས་དགོས་པ་མ་ཟད། ལས་སྒྲུབ་ཀྱི་ལས་ཁྲི་ལས་མཐོ་ལ་བདེ་འཇགས་ཀྱི་རེ་བ་དང་འཚམ་ཞིང་། ཚགས་དམ་པའི་ཉེན་འགོག་དྲ་བ་བཟོ་དགོས་པ། (བརྒྱད)གྲོང་དོན་ལས་གྲྭའི་འཛུགས་སྐྲུན་དང་ཨར་སྐྲུན་སྲུང་སྐྱོང་ཆེད་དུ་སྔོག་འདོན་བྱེད་དགོས་ཚེ། ཨར་སྐྲུན་བྱེད་པའི་ནང་ངེས་པར་དུ་དུམ་ཚན་དབྱེ་ནས་སྔོག་འདོན་བྱེད་དགོས་པ་དང་། གཏོར་སྐྱོན་ཕོག་པའི་ལམ་ངོས་ལ་དུས་ཐོག་ཏུ་ཁེབས་གཡོག་དགོས་པ་མ་ཟད། ཆུ་གཏོར་བ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཐལ་རྡུལ་གྱི་སྦགས་བཙོག་མི་ཡོང་བ་བྱེད་དགོས། སྔོག་འདོན་ཨར་སྐྲུན་ལས་མཇུག་འགྲིལ་རྗེས་དུས་ཐོག་ཏུ་ལམ་ངོས་བསྐྱར་གསོ་ཐུབ་པ་བྱེད་དགོས་པ། (དགུ)གཏན་འབེབས་གཞིར་བཟུང་ཨར་སྐྲུན་གྱི་ས་ལས་དང་། ལས་གྲྭའི་ས་རོ། ཨར་སྐྲུན་གྱི་གད་སྙིགས་སོགས་དུས་ཐོག་ཏུ་གཙང་སེལ་དབོར་འདྲེན་བྱེད་དགོས་པ་བཅས་སོ། 

    དོན་ཚན་ཉེར་བརྒྱད་པ། བྱེ་རྡོ་དང་། ས་རོ། བྱེ་མ། རྡོ་སོལ། རྡོ་ཐལ་སོགས་ཐལ་རྡུལ་ལངས་སླ་བའི་དངོས་རྒྱུ་གསོག་ཉར་བྱེད་སྐབས་ངེས་པར་དུ་སུབ་བཀག་གཏོང་དགོས། སུབ་བཀག་གཏོང་མི་ཐུབ་ཚེ་ངེས་པར་དུ་སྤུང་གསོག་བརྒྱབ་པའི་དངོས་པོའི་མཐོ་ཚད་ལས་མི་དམའ་བའི་འགོག་སྐྱོར་དམ་པོ་བཟོ་འཛུགས་བྱེད་དགོས་པ་མ་ཟད། ཁེབས་གཡོག་གི་བྱ་ཐབས་ནུས་ལྡན་སྤྱད་དེ་བྱེ(ཐལ)རྡུལ་གྱི་སྦགས་བཙོག་འགོག་བཅོས་བྱེད་དགོས། གཏེར་རི་དང་། གད་སྙིགས་སྦས་ས། བསྡུ་སེལ་བྱེད་ས་བཅས་ལ་ངེས་པར་དུ་ཁུལ་དབྱེ་ནས་ལས་སྒྲུབ་བྱེད་དགོས་པ་མ་ཟད། བྱ་ཐབས་ནུས་ལྡན་སྤྱད་དེ་བྱེ(ཐལ)རྡུལ་གྱི་སྦགས་བཙོག་འགོག་བཅོས་བྱེད་དགོས།

    དོན་ཚན་ཉེར་དགུ་པ། ཨར་འདམ་དང་། བྱེ་རྡོ། གད་སྙིགས། ས་རོ། རྡོ་སོལ། འདམ་སྙིགས་སོགས་སིལ་བུ་བླུག་པ་དང་ཟག་ཐོར་སླ་བའི་བཞུར་རྒྱུག་དངོས་རྒྱུའི་རིགས་དབོར་འདྲེན་བྱེད་སྐབས་ངེས་པར་དུ་སུབ་བཀག་གཏོང་བའམ་ཡང་ན་བྱ་ཐབས་གཞན་སྤྱད་དེ་དངོས་རྒྱུ་སྐྱུར་བ་ཟག་ཐོར་གྱི་རྐྱེན་པས་བྱེ(ཐལ)རྡུལ་གྱི་སྦགས་བཙོག་བཟོ་རིགས་བཀག་འགོག་བྱེད་དགོས་པ་མ་ཟད། གཏན་འབེབས་ཀྱི་ལམ་ཐིག་དང་དུས་ཚོད་གཞིར་བཟུང་འགྲོ་སྐྱོད་བྱེད་དགོས། 

    དོན་ཚན་སུམ་ཅུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཙང་ཕྱགས་སྒུལ་ཤུགས་འཕྲུལ་ཆས་ཀྱིས་གད་ཕྱིས་གཙང་མ་བྱེད་པ་སོགས་ཐལ་རྡུལ་ཉུང་བའི་ལས་ཀ་བྱེད་སྟངས་ཁྱབ་སྤེལ་བཏང་སྟེ་བྱེ(ཐལ)རྡུལ་གྱི་སྦགས་བཙོག་འགོག་བཅོས་བྱེད་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་གྲོང་རྣམ་ཁོར་ཡུག་འཕྲོད་བསྟེན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཚད་ལྡན་ལས་སྒྲུབ་དང་ཁོར་ཡུག་འཕྲོད་བསྟེན་གྱི་ཚད་གཞིའི་བླང་བྱ་གཞིར་བཟུང་ལས་སྒྲུབ་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་པ་དང་། སྐབས་བསྟུན་གྱིས་ལས་སྒྲུབ་ཐེངས་གྲངས་མང་དུ་གཏོང་དགོས། གྲོང་ཁྱེར་གྱི་རྒྱ་ལམ་དང་། ཐང་ཆེན། དེ་བཞིན་སྤྱི་པའི་འདུ་འཛོམས་བྱེད་གནས་གཞན་དག་བཅས་ཀྱི་གཙང་ཕྱགས་འགན་འཁྲིའི་ཚན་པས་ངེས་པར་དུ་དུས་ཚོད་གཏན་འཁེལ་གྱིས་གཙང་ཕྱགས་བྱས་ནས་དུས་ཐོག་ཏུ་གཙང་མ་བཟོ་དགོས། 

    དོན་ཚན་སོ་གཅིག་པ། གཏེར་ཁའི་ཐོན་ཁུངས་སྔོག་འདོན་བྱེད་པའི་བརྒྱུད་རིམ་ཁྲོད་ངེས་པར་དུ་གཏེར་རི་སྔོག་འདོན་བྱ་ཡུལ་དང་། སྤུང་གསོག་བྱ་ཡུལ། དེ་བཞིན་གཏེར་སྙིགས་གསོག་མཛོད་སོགས་ཐལ་རྡུལ་ལངས་སླ་སར་ཐལ་རྡུལ་དང་ཕྱེ་རྡུལ་ཚོད་འཛིན་བྱེད་པ་སོགས་ཀྱི་སྦགས་བཙོག་བཅོས་སྐྱོང་སྒྲིག་བཀོད་ཚང་སྒྲིག་འཛུགས་སྐྲུན་དང་བེད་སྤྱོད་བྱས་ཏེ་བཙོག་འབུད་ཀྱི་ཚད་གཞིར་སླེབས་ཐུབ་པའི་འགན་ལེན་བྱེད་དགོས།

    ལེའུ་བཞི་པ། འཕྲུལ་སྒུལ་འཁོར་རིགས་དང་གྲུ་གཟིངས་སོགས་ཀྱི་སྦགས་བཙོག་འགོག་བཅོས།

    དོན་ཚན་སོ་གཉིས་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་གཅིག་གྱུར་གྱི་འཕྲུལ་སྒུལ་འཁོར་རིགས་ནས་འབུད་གཏོང་བྱེད་པར་དོ་དམ་བྱེད་རྒྱུའི་ཆ་འཕྲིན་ཅན་གྱི་ལས་སྟེགས་འཛུཌ་དགོས་པ་དང་། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་དང་མཉམ་དུ་ཆ་འཕྲིན་གྱི་གཞི་གྲངས་མཉམ་མཐུད་ལམ་སྲོལ་བཙུགས་ནས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆ་འཕྲིན་གྱི་གཞི་གྲངས་མཉམ་སྤྱོད་ཐུབ་པ་བྱེད་དགོས། 

    དོན་ཚན་སོ་གསུམ་པ། རྒྱལ་ཁབ་ཀྱི་ཚད་གཞི་ལས་བརྒལ་བའི་རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་བྱེད་མཁན་འཕྲུལ་སྒུལ་འཁོར་རིགས་དང་། གྲུ་གཟིངས། དེ་བཞིན་རྒྱ་ལམ་མིན་པའི་ཐོག་འགྲོ་སྐྱོད་བྱེད་མཁན་གྱི་འཕྲུལ་ཆས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པའམ་ཡང་ན་ནང་འདྲེན་བྱེད་རིགས་བཀག་འགོག་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་ལས་ཡུལ་དངོས་ལ་ཞིབ་བཤེར་དང་ཟུར་བཤེར་ཞིབ་དཔྱད་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཕྱིར་འཚོང་བྱས་པའི་འཕྲུལ་སྒུལ་འཁོར་རིགས་དང་རྒྱ་ལམ་མིན་པའི་ཐོག་འགྲོ་སྐྱོད་བྱེད་མཁན་འཕྲུལ་ཆས་རིགས་ཀྱིས་རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་གཞན་དག་གིས་གཞོགས་འདེགས་བྱེད་དགོས། 

    དོན་ཚན་སོ་བཞི་པ། སྤྱོད་བཞིན་པའི་འཕྲུལ་སྒུལ་འཁོར་རིགས་ཡིན་ཕྱིན་ངེས་པར་དུ་འཕྲུལ་སྒུལ་འཁོར་རིགས་ཀྱི་འབུད་གཏོང་ཞིབ་དཔྱད་ལས་ཁུངས་ཀྱིས་གཏན་འབེབས་གཞིར་བཟུང་དུས་བཀག་ལྟར་འབུད་གཏོང་བྱས་པར་ཞིབ་བཤེར་བྱེད་དགོས། ཞིབ་བཤེར་བྱས་ནས་ཚད་གཞི་ལོན་ཚེ་གཞི་ནས་རྒྱ་ལམ་ཐོག་འགྲོ་སྐྱོད་བྱས་ཆོག ཞིབ་བཤེར་བྱས་ནས་ཚད་གཞི་མ་ལོན་ཚེ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་བདེ་འཇགས་ལག་རྩལ་གྱི་ཞིབ་བཤེར་ཚད་ལོན་མཚོན་རྟགས་སྤྲོད་མི་ཆོག རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་རྒྱུན་གཏན་གྱི་འགྲོ་སྐྱོད་ལ་ཤུགས་རྐྱེན་མི་ཐེབས་པའི་གནས་ཚུལ་འོག རྒྱང་ཚོར་ལྟ་དཔྱད་སོགས་ཀྱི་ལག་རྩལ་བེད་སྤྱད་དེ་རྒྱ་ལམ་ཐོག་འགྲོ་སྐྱོད་བྱེད་མཁན་འཕྲུལ་སྒུལ་འཁོར་རིགས་ཀྱི་རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་བྱས་ཚུལ་ལ་ལྟ་སྐུལ་ཟུར་བཤེར་བྱས་ཆོག་པ་དང་། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ངེས་པར་དུ་གཞོགས་འདེགས་བྱེད་དགོས། 

    དོན་ཚན་སོ་ལྔ་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་འབུད་གཏོང་ཞིབ་དཔྱད་ལས་ཁུངས་ཀྱིས་ངེས་པར་དུ་ཚད་འཇལ་དང་ཁས་ལེན་དཔང་འདོན་བྱས་པ་བརྒྱུད་ཁྲིམས་ལྟར་ཞིབ་དཔྱད་གཏན་འཁེལ་གྱིས་ཚད་གཞི་ལོན་པའི་འཕྲུལ་སྒུལ་འཁོར་རིགས་ཀྱི་འབུད་གཏོང་ཞིབ་དཔྱད་སྒྲིག་ཆས་བེད་སྤྱོད་བྱེད་དགོས་པ་དང་། གཏན་འབེབས་དང་བླང་བྱ་གཞིར་བཟུང་འཕྲུལ་སྒུལ་འཁོར་རིགས་ལ་འབུད་གཏོང་གི་ཞིབ་དཔྱད་བྱེད་དགོས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་དང་དྲ་སྦྲེལ་བྱས་ཏེ་འབུད་གཏོང་ཞིབ་དཔྱད་ཀྱི་གཞི་གྲངས་དང་གློག་རྡུལ་ཞིབ་དཔྱད་ཀྱི་སྙན་ཞུ་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་ལ་བརྒྱུད་སྤྲོད་བྱས་ནས་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་གཅིག་གྱུར་ཨང་སྒྲིག་གི་འབུད་གཏོང་ཞིབ་དཔྱད་ཀྱི་སྙན་ཞུ་འདོན་སྤྲོད་བྱེད་དགོས་པ་དང་སྦྲགས་ཚད་གཞི་ལོན་པའི་གློག་རྡུལ་ཞིབ་དཔྱད་སྙན་ཞུ་དེ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་བརྒྱུད་སྤྲོད་བྱས་ཏེ་ཞིབ་དཔྱད་ཀྱི་གཞི་གྲངས་དུས་ཐོག་ཏུ་མཉམ་སྤྱོད་ཐུབ་པ་བྱེད་དགོས། 

    དོན་ཚན་སོ་དྲུག་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་བདག་པོས་འཕྲུལ་སྒུལ་འཁོར་རིགས་ཀྱི་སྦགས་བཙོག་ཚོད་འཛིན་གྱི་ལྷུ་ལག་བཤིག་པ་དང་། བེད་སྤྱོད་བྱེད་མཚམས་འཇོག་པ། དེ་བཞིན་རང་དགར་བསྒྱུར་བཟོ་བཅས་བྱེད་མི་ཆོག

    དོན་ཚན་སོ་བདུན་པ། འཕྲུལ་སྒུལ་འཁོར་རིགས་ཉམས་བཟོ་ཚན་པས་ངེས་པར་དུ་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་བླང་བྱ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལག་རྩལ་གྱི་ཚད་གཞིར་གཞིགས་ནས་བེད་སྤྱོད་བྱེད་བཞིན་པའི་འཕྲུལ་སྒུལ་འཁོར་རིགས་ལ་ཉམས་བཟོ་བྱས་ཏེ་འཕྲུལ་སྒུལ་འཁོར་རིགས་གཏན་འཁེལ་བྱས་པའི་འབུད་གཏོང་གི་ཚད་གཞིར་སླེབས་པ་བྱེད་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་དང་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། འཕྲུལ་སྒུལ་འཁོར་རིགས་ཉམས་བཟོ་ཚན་པས་འཕྲུལ་སྒུལ་འཁོར་རིགས་ཀྱི་སྦགས་བཙོག་ཚོད་འཛིན་ལྷུ་ལག་གནས་སྐབས་བརྗེ་པོ་རྒྱག་པ་སོགས་ཀྱི་ཉམས་བཟོའི་ཞབས་ཞུ་སྒྲུབ་རིགས་བཀག་འགོག་བྱེད་དགོས། འཕྲུལ་སྒུལ་འཁོར་རིགས་ཀྱི་ཐེག་ཚད་འབུད་གཏོང་བརྟག་དཔྱད་མ་ལག་གཏོར་སྐྱོན་གཏོང་རིགས་བཀག་འགོག་བྱེད་དགོས། 

    དོན་ཚན་སོ་བརྒྱད་པ། བེད་སྤྱོད་བྱེད་བཞིན་པའི་ཁྲའེ་སྣུམ་འཁོར་རིགས་ཆེ་གྲས་དང་རྒྱ་ལམ་མིན་པའི་ཐོག་འགྲོ་སྐྱོད་བྱེད་མཁན་འཕྲུལ་ཆས་ནས་རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་བྱེད་ཚད་དེ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཚད་གཞི་ལས་བརྒལ་མི་ཆོག བེད་སྤྱོད་བྱེད་བཞིན་པའི་ཁྲའེ་སྣུམ་འཁོར་རིགས་ཆེ་གྲས་དང་རྒྱ་ལམ་མིན་པའི་ཐོག་འགྲོ་སྐྱོད་བྱེད་མཁན་འཕྲུལ་ཆས་ལ་སྦགས་བཙོག་ཚོད་འཛིན་ལྷུ་ལག་བསྒར་མེད་པའམ་ཡང་ན་སྦགས་བཙོག་ཚོད་འཛིན་ལྷུ་ལག་བསྒར་ཀྱང་རེ་བ་དང་མི་འཚམ་པར་འབུད་གཏོང་གི་ཚད་གཞིར་མ་སླེབས་ཚེ་ངེས་པར་དུ་རེ་བ་དང་འཚམ་པའི་སྦགས་བཙོག་ཚོད་འཛིན་ལྷུ་ལག་བསྒར་བའམ་ཡང་ན་བརྗེ་པོ་རྒྱག་དགོས། 

    དོན་ཚན་སོ་དགུ་པ། ཚད་གཞི་དང་མི་འཚམ་པའི་འཕྲུལ་སྒུལ་འཁོར་རིགས་དང་། གྲུ་གཟིངས། དེ་བཞིན་རྒྱ་ལམ་མིན་པའི་ཐོག་འགྲོ་སྐྱོད་བྱེད་མཁན་འཕྲུལ་ཆས་ཀྱིས་སྤྱོད་པའི་འབར་རྒྱུ་ཐོན་སྐྱེད་དང་། ནང་འདྲེན། ཕྱིར་འཚོང་བཅས་བྱེད་རིགས་བཀག་འགོག་བྱེད་རྒྱུ། རླངས་འཁོར་དང་སྦག་སྦག་ལ་སྤྱིར་བཏང་གི་ཁྲའེ་སྣུམ་དང་དེ་བཞིན་འཕྲུལ་སྒུལ་འཁོར་རིགས་མིན་པའི་འཁོར་རིགས་གཞན་དག་གིས་སྤྱོད་པའི་འབར་རྒྱུ་ཕྱིར་འཚོང་བྱེད་རིགས་བཀག་འགོག་བྱེད་རྒྱུ། རྒྱ་ལམ་མིན་པའི་ཐོག་འགྲོ་སྐྱོད་བྱེད་མཁན་གྱི་འཕྲུལ་ཆས་ལ་སྣུམ་སྙིགས་དང་ལྗིད་སྣུམ་ཕྱིར་འཚོང་བྱེད་རིགས་བཀག་འགོག་བྱེད་རྒྱུ། 

    དོན་ཚན་བཞི་བཅུ་པ། རང་སྐྱོང་ལྗོངས་ཀྱིས་ནུས་རྒྱུ་གྲོན་ཆུང་ཆེ་ཞིང་ཁོར་ཡུག་སྲུང་སྐྱོང་ཅན་དང་། ནུས་རྒྱུ་གསར་པའི་འཕྲུལ་སྒུལ་འཁོར་རིགས་དང་གྲུ་གཟིངས་བེད་སྤྱོད་བྱེད་རྒྱུར་སྐུལ་མ་གཏོང་རྒྱུ་དང་། གློག་གསོག་སྒྲིག་བཀོད་སོགས་འབྲེལ་ཡོད་ཀྱི་ཚང་སྒྲིག་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོཌ་བྱེད་རྒྱུ། གཞུང་འཁོར་དང་། སྤྱི་པའི་འགྲིམ་འགྲུལ། གླ་འཁོར། ཁོར་ཡུག་འཕྲོད་བསྟེན། སྦྲག་སྲིད། མཛེས་ལྗོངས་ཁུལ་གྱི་ཆུ་ཐོག་ལམ་སྒྲོལ་སོགས་ཀྱི་ལས་རིགས་ཐད་ནུས་རྒྱུ་གསར་པའི་འཕྲུལ་སྒུལ་འཁོར་རིགས་སྤྱོད་རྒྱུར་སྐུལ་མ་གཏོང་རྒྱུ།

    ལེའུ་ལྔ་པ། བཟོ་ལས་དང་དེ་བཞིན་ནུས་རྒྱུའི་སྦགས་བཙོག་འགོག་བཅོས། 

    དོན་ཚན་ཞེ་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བྱ་ཐབས་སྤྱད་དེ་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་ཉི་ནུས་དང་། རླུང་ནུས། རང་བྱུང་སོལ་རླངས། རྡོ་སྣུམ་གཤེར་རླངས་སོགས་ནུས་རྒྱུ་གཙང་མ་ཐོན་སྐྱེད་བེད་སྤྱོད་དང་ཐོན་ཁུངས་རྒྱུན་འཁོར་བེད་སྤྱོད་བྱེད་རྒྱུ་ཁྱབ་གདལ་བཏང་ཐོག རྡོ་སོལ་སོགས་འགྱུར་རྡོའི་འབར་རྒྱུ་བེད་སྤྱོད་བྱེད་ཚད་རིམ་བཞིན་ཇེ་ཉུང་དུ་བཏང་ནས་རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་བྱེད་རིགས་ཚོད་འཛིན་བྱེད་དགོས། བཟོ་ལས་ཁེ་ལས་ཀྱིས་སྔོན་ཐོན་གྱི་ཐོན་སྐྱེད་བཟོ་རྩལ་དང་བཅོས་སྐྱོང་ལག་རྩལ་བེད་སྤྱོད་བྱེད་རྒྱུར་སྐུལ་མ་བཏང་སྟེ་རླུང་ཁམས་ཆེ་མོའི་བཙོག་དངོས་ཚད་ལོན་འབུད་གཏོང་ཐུབ་པ་བྱེད་དགོས། 

    དོན་ཚན་ཞེ་གཉིས་པ། མེ་གློག་དང་། ཨར་འདམ། སྲེག་སྦྱོར་སོ་ཕག དེ་བཞིན་ཉེན་ཆེའི་ཟོག་རོ་དང་འཚོ་བའི་གད་སྙིགས་མེ་སྲེག་གཏོང་མཁན་སོགས་གཙོ་གནད་ལས་རིགས་ཀྱིས་ངེས་པར་དུ་བཙན་ཐབས་རང་བཞིན་གྱིས་ནུས་རྒྱུ་གཙང་མ་ཐོན་སྐྱེད་བྱེད་པར་ཁྲིམས་ལྟར་ཞིབ་དཔྱད་བྱས་ཏེ་བཙོག་དངོས་ཐོན་ཚད་ཇེ་ཉུང་དུ་གཏོང་དགོས། 

    དོན་ཚན་ཞེ་གསུམ་པ། བཟོ་ལས་སྡེ་གླིང་དང་། གསར་སྤེལ་ཁུལ། ཁུལ་ཁོངས་ཐོན་ལས་དང་གོང་འཕེལ་སོགས་ཀྱི་འཆར་འགོད་བཟོ་སྐབས་ངེས་པར་དུ་རླུང་ཁམས་ཆེ་མོའི་ཁོར་ཡུག་ལ་སྦགས་བཙོག་བཟོ་ཉེན་ཡོད་པའི་ཐད་བསམ་གཞིག་བྱས་ཏེ་ཁྲིམས་ལྟར་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་དཔྱད་གདེང་བྱེད་དགོས། 

    དོན་ཚན་ཞེ་བཞི་པ། ས་གནས(གྲོང་ཁྱེར)སྲིད་ཧྲུའུ(མི་དམངས་སྲིད་གཞུང་)གིས་གྲོང་ཁྱེར་འཛུགས་སྐྲུན་ཁུལ་དང་སྲུང་སྐྱོབ་བྱེད་རྒྱུའི་ཁུལ་ཁོངས་གཞན་དག་ཏུ་སྦགས་བཙོག་ཆེ་བའི་འབར་རྒྱུའི་བཀག་སྡོམ་ཁུལ་དབྱེ་མཚམས་ཕྱེ་ན་འགྲིག དབྱེ་མཚམས་ཕྱེ་ཟིན་པའི་སྦགས་བཙོག་ཆེ་བའི་འབར་རྒྱུའི་བཀག་སྡོམ་ཁུལ་ནང་སྦགས་བཙོག་ཆེ་བའི་འབར་རྒྱུ་ཕྱིར་འཚོང་དང་འབར་སྤྱོད་བྱེད་རིགས་བཀག་འགོག་བྱེད་རྒྱུ། ད་ལྟ་སྤྱོད་བཞིན་པའི་སྦགས་བཙོག་ཆེ་བའི་འབར་རྒྱུའི་སྒྲིག་བཀོད་རིགས་ངེས་པར་དུ་དུས་བཀག་ནང་ཉི་ནུས་དང་། རང་བྱུང་སོལ་རླངས། རྡོ་སྣུམ་གཤེར་རླངས། གློག་གམ་ཡང་ན་ནུས་རྒྱུ་གཙང་མ་གཞན་དག་བཅས་ལ་སྒྱུར་དགོས་དང་། སྒྱུར་ཐབས་མེད་པའམ་ཡང་ན་བསྒྱུར་ཀྱང་རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་གི་ཚད་གཞིར་སྔར་བཞིན་མ་སླེབས་ཚེ་དུས་བཀག་ནང་བཤིག་དགོས། 

    དོན་ཚན་ཞེ་ལྔ་པ། རང་སྐྱོང་ལྗོངས་ཀྱིས་རྡོ་སོལ་ཟད་གྲོན་གྱི་སྤྱི་འབོར་ཚོད་འཛིན་བྱེད་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གོང་འཕེལ་བསྒྱུར་བཅོས་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རང་སྐྱོང་ལྗོངས་ཀྱི་རྡོ་སོལ་ཟད་གྲོན་གྱི་སྤྱི་འབོར་ཚོད་འཛིན་དམིགས་ཚད་གཏན་འཁེལ་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཕུལ་ཏེ་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱས་ནས་རྡོ་སོལ་ཟད་གྲོན་གྱི་སྤྱི་འབོར་རིམ་བཞིན་ཇེ་ཉུང་དུ་གཏོང་དགོས། ས་གནས(གྲོང་ཁྱེར)སྲིད་ཧྲུའུ(མི་དམངས་སྲིད་གཞུང་)གིས་ངེས་པར་དུ་རྡོ་སོལ་ཟད་གྲོན་གྱི་སྤྱི་འབོར་ཚོད་འཛིན་དམིགས་ཚད་གཞིར་བཟུང་སྲིད་འཛིན་ས་ཁོངས་དེ་གའི་ཉུང་གཏོང་འཆར་གཞི་བཟོ་དགོས་པ་མ་ཟད། སྒྲིག་འཛུགས་ལག་བསྟར་བྱེད་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྡོ་སོལ་གྱི་སྤུས་ཚད་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤུས་ལེགས་རྡོ་སོལ་བེད་སྤྱོད་བྱེད་རྒྱུར་སྐུལ་མ་གཏོང་དགོས། སྤུས་ཚད་ཀྱི་ཚད་གཞི་དང་དམངས་སྤྱོད་རྡོ་སོལ་སིལ་མའི་སྤུས་ཚད་ཀྱི་ཚད་གཞི་དང་མི་འཚམ་པའི་རྡོ་སོལ་ཕྱིར་འཚོང་དང་བེད་སྤྱོད་བྱེད་རིགས་བཀག་འགོག་བྱེད་དགོས། 

    དོན་ཚན་ཞེ་དྲུག་པ། ཡལ་སླ་བའི་སྐྱེ་ལྡན་དངོས་པོའི་མ་རྒྱུ་དང་ཐོན་རྫས་ཐོན་སྐྱེད་དང་། ནང་འདྲེན། ཕྱིར་འཚོང་། བེད་སྤྱོད་བཅས་བྱེད་སྐབས་དེའི་ཡལ་སླ་བའི་སྐྱེ་ལྡན་དངོས་པོ་འདུས་ཚད་དེ་ངེས་པར་དུ་སྤུས་ཚད་ཀྱི་ཚད་གཞིའམ་ཡང་ན་བླང་བྱ་དང་འཚམ་པ་བྱེད་དགོས། 

    དོན་ཚན་ཞེ་བདུན་པ། རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་བྱེད་མཁན་ཁེ་ལས་དང་བྱ་གཞག་ཚན་པ་དང་། དེ་མིན་ཐོན་སྐྱེད་གཉེར་སྐྱོང་མཁན་གྱིས་ངེས་པར་དུ་གཤམ་གསལ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུས་ཐོག བྱ་ཐབས་སྤྱད་དེ་ཉེ་འཁོར་གྱི་ཁོར་ཡུག་སྦགས་བཙོག་བཟོ་རིགས་སྔོན་འགོག་བྱེད་དགོས་པ་སྟེ། (གཅིག)ཐལ་རྡུལ་དང་། མུ་ཟིའི་འགྱུར་རྫས། ཏེན་དབྱང་འགྱུར་རྫས་བཅས་འབུད་གཏོང་བྱེད་སྐབས་ངེས་པར་དུ་རྡུལ་སེལ་དང་། མུ་ཟི་དང་ཟེ་ཚྭ་མེད་པ་བཟོ་རྒྱུ་སོགས་ཀྱི་སྒྲིག་ཆས་ཚང་སྒྲིག་བཟོ་འཛུགས་བྱེད་དགོས་པ་དང་། ཡང་ན་ལག་རྩལ་བསྒྱུར་བཀོད་སོགས་རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་ཚོད་འཛིན་གྱི་བྱ་ཐབས་གཞན་དག་སྤྱོད་དགོས་པ་དང་། (གཉིས)ཡལ་སླ་བའི་སྐྱེ་ལྡན་དངོས་པོ་ཡོད་པའི་རླངས་སྙིགས་ཐོན་སྐྱེད་དང་ཞབས་ཞུའི་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་སུབ་བཀག་བར་སྟོང་ངམ་ཡང་ན་སྒྲིག་ཆས་ནང་སྤེལ་དགོས་པ་མ་ཟད། གཏན་འབེབས་ལྟར་སྦགས་བཙོག་འགོག་བཅོས་ཀྱི་སྒྲིག་བཀོད་བསྒར་སྒྲིག་བྱེད་པ་དང་བེད་སྤྱོད་བྱས་ནས་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་པ་བྱེད་དགོས། སུབ་བཀག་གཏོང་ཐབས་མེད་ཚེ་ངེས་པར་དུ་རླངས་སྙིགས་འབུད་གཏོང་ཇེ་ཉུང་དུ་གཏོང་བའི་བྱ་ཐབས་སྤྱོད་དགོས་པ།(གསུམ)སྣུམ་རླངས་གསོག་འཇོག་ཁང་དང་། སྣུམ་སྣོན་རླངས་སྣོན་ས་ཚུགས། སྣུམ་ཟོམ་འཁོར་རིགས། རླངས་ཟོམ་འཁོར་རིགས་སོགས་ལ་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བཞིན་སྣུམ་རླངས་བསྡུ་ལེན་གྱི་སྒྲིག་ཆས་བསྒར་སྒྲིག་བྱེད་དགོས་པ་མ་ཟད། རྒྱུན་གཏན་ལྟར་བེད་སྤྱོད་ཐུབ་པ་བྱེད་དགོས་པ། (བཞི)དུག་ལྡན་གནོད་ཡོད་སོགས་རླུང་ཁམས་ཆེ་མོའི་བཙོག་དངོས་འབུད་གཏོང་བྱེད་མཁན་བཟོ་ལས་ཁེ་ལས་གཞན་དག་གིས་ངེས་པར་དུ་གཏན་འབེབས་གཞིར་བཟུང་གཙང་སེལ་སྒྲིག་བཀོད་ཚང་སྒྲིག་བསྒར་སྒྲིག་བྱེད་པའམ་ཡང་ན་བྱ་ཐབས་གཞན་དག་སྤྱད་དེ་བཙོག་དངོས་འབུད་གཏོང་བྱེད་རྒྱུ་ཇེ་ཉུང་དུ་གཏོང་དགོས་པ་བཅས་སོ།

    ལེའུ་དྲུག་པ། ཞིང་ལས་དང་དེ་མིན་གྱི་སྦགས་བཙོག་འགོག་བཅོས།

    དོན་ཚན་ཞེ་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་དང་། ཞིང་ལས་དང་གྲོང་གསེབ་སོགས་འབྲེལ་ཡོད་སྡེ་ཚན་ནས་ངེས་པར་དུ་ཞིང་འབྲོག་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་སོག་མ་དང་འདབ་ལོ་སོགས་ཀྱི་དུ་ཐལ་ལས་ཐོན་པའི་བཙོག་དངོས་རིགས་ཐག་གཅོད་བྱེད་པར་མཛུབ་ཁྲིད་བྱེད་དགོས། ཞིང་འབྲོག་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་དང་འབྲེལ་ཡོད་ཁེ་ལས་ཀྱིས་སྔོན་ཐོན་གོ་ཆོད་ལག་རྩལ་སྤྱོད་པར་སྐུལ་མ་གཏོང་བ་དང་རོགས་སྐྱོར་བྱེད་དགོས། སོག་མ་དང་འདབ་ལོ་སོགས་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་བསྐྱུར་རོ་ཕྱོགས་བསྡུས་ཐག་གཅོད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

    དོན་ཚན་ཞེ་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཞི་ཁྱོན་ཅན་གྱི་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ར་བ་དང་གསོ་ཚགས་ཁུལ་ཆུང་རིགས་དབྱེ་དོ་དམ་བྱེད་རྒྱུ་དང་། ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་བྱེད་པ་ལས་རླུང་ཁམས་ཆེ་མོའི་ཁོར་ཡུག་ལ་སྦགས་བཙོག་བཟོ་རིགས་སྔོན་འགོག་བྱེད་དགོས། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ར་བ་དང་གསོ་ཚགས་ཁུལ་ཆུང་གིས་ངེས་པར་དུ་འཕྲལ་མར་བཙོག་ཆུ་དང་། སྒོ་ཕྱུགས་ཁྱིམ་བྱའི་བྲུན། དེ་བཞིན་ཤི་རོ་སོགས་བསྡུ་རུབ་དང་། གསོག་ཉར། གཙང་སེལ། དབོར་འདྲེན། གནོད་མེད་ཐོག་ཐག་གཅོད་བཅས་བྱས་ཏེ་དྲི་ངན་གྱི་མཁའ་རླུང་འབུད་གཏོང་བྱེད་རིགས་སྔོན་འགོག་བྱེད་དགོས།

    དོན་ཚན་ལྔ་བཅུ་པ། ཚན་པ་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་གྲོང་ཁྱེར་གྲོང་རྡལ་འཛུགས་སྐྲུན་ཁུལ་དང་། མི་དམངས་འདུ་འཛོམས་ཁུལ། སྨན་ཁང་། སློབ་གྲྭ བུ་བཅོལ་ཁང་། རྒན་གསོ་ཁང་སོགས་དམིགས་བསལ་སྲུང་སྐྱོབ་བྱེད་ཁུལ་གཞན་དག་དང་། དེ་བཞིན་དེའི་ཉེ་འཁོར་གྱི་མཐོངས་ཡངས་སུ་འདབ་ལོ་དང་། རྩྭ་སྐམ་པོ། གད་སྙིགས། གློག་རྡུལ་ཟོག་རོ། སྣུམ་ཕྱིང་། སྣུམ་སྙིགས། འགྱིག སྤོས། འགྱིག་ཤོག ཀོ་ལྤགས་བཅས་མེར་སྲེག་མི་ཆོག་པ་དང་། དེ་བཞིན་དུག་ལྡན་གནོད་ཡོད་ཀྱི་དུ་ཐལ་དང་དྲི་ངན་མཁའ་རླུང་ཐོན་བཟོ་ཡོད་པའི་དངོས་རིགས་གཞན་དག་ཡོད་མི་ཆོག ཁེ་ལས་དང་བྱ་གཞག་ཚན་པ་དང་། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་ཁྲོད་དྲི་ངན་གྱི་མཁའ་རླུང་ཐོན་ཚེ་ངེས་པར་དུ་ཚན་རིག་དང་མཐུན་པའི་སྒོ་ནས་ས་ཆ་འདེམས་པ་དང་། ལུགས་མཐུན་གྱི་འགོག་སྲུང་བར་ཐག་བཟོ་དགོས་པ་མ་ཟད། གཙང་སེལ་སྒྲིག་ཆས་བསྒར་སྒྲིག་བྱེད་པའམ་ཡང་ན་བྱ་ཐབས་གཞན་དག་སྤྱད་དེ་དྲི་ངན་གྱི་མཁའ་རླུང་འབུད་གཏོང་བྱེད་རིགས་སྔོན་འགོག་བྱེད་དགོས།

    དོན་ཚན་ང་གཅིག་པ། སྣུམ་དྲེག་འབུད་གཏོང་གི་བཟའ་བཏུང་ཞབས་ཞུའི་ལས་རིགས་གཉེར་སྐྱོང་བྱེད་མཁན་གྱིས་ངེས་པར་དུ་སྣུམ་དྲེག་གཙང་སེལ་སྒྲིག་བཀོད་བསྒར་སྒྲིག་བྱེད་དགོས་པ་མ་ཟད། རྒྱུན་གཏན་ལྟར་བེད་སྤྱོད་ཐུབ་པ་དགོས་པ་དང་། ཡང་ན་དེ་མིན་གྱི་སྣུམ་དྲེག་གཙང་སེལ་བྱ་ཐབས་སྤྱད་དེ་སྣུམ་དྲེག་ཚད་ལོན་འབུད་གཏོང་བྱས་ནས་ཉེ་འཁོར་གྱི་ཡུལ་མིའི་རྒྱུན་གཏན་འཚོ་བའི་ཁོར་ཡུག་སྦགས་བཙོག་བཟོ་རིགས་སྔོན་འགོག་བྱེད་དགོས། ཚན་པ་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་བཀག་སྡོམ་བྱས་པའི་ཁུལ་ཁོངས་ཀྱི་མཐོངས་ཡངས་སུ་ཟས་རིགས་བསྲེགས་པའམ་ཡང་ན་མཐོངས་ཡངས་སུ་ཟས་རིགས་བསྲེགས་པར་ས་ཆ་མཁོ་འདོན་བྱེད་རིགས་བཀག་འགོག་བྱེད་དགོས། 

    དོན་ཚན་ང་གཉིས་པ། སྤུས་ཚད་ཀྱི་ཚད་གཞི་དང་མ་འཚམ་པའི་ཤོག་སྦག་རིགས་ཐོན་སྐྱེད་དང་། ཕྱིར་འཚོང་། སྤར་བ་བཅས་བྱེད་རིགས་བཀག་འགོག་བྱེད་དགོས། ཚན་པ་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་བཀག་སྡོམ་བྱས་པའི་དུས་མཚམས་དང་ཁུལ་ཁོངས་ནང་ཤོག་སྦག་སྤར་མི་ཆོག

    ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་ང་གསུམ་པ། སྲོལ་ཡིག་འདི་དང་འགལ་བའི་བྱེད་སྤྱོད་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ཚེ་གཏན་འབེབས་དེ་བཞིན་ལག་བསྟར་བྱེད་རྒྱུ།

    དོན་ཚན་ང་བཞི་པ། སྲོལ་ཡིག་འདིའི་དོན་ཚན་སོ་དྲུག་པའི་གཏན་འབེབས་ལས་འགལ་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། འཕྲུལ་སྒུལ་འཁོར་རིགས་ཀྱི་བདག་པོར་དངུལ་ཆད་སྒོར་ལྔ་སྟོང་འགེལ་རྒྱུ།

    དོན་ཚན་ང་ལྔ་པ། རིམ་ཁག་མི་དམངས་སྲིད་གཞུང་དང་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་ནམ་ཡང་ན་དེ་མིན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཡོད་མཁན་སྡེ་ཚན་དང་དེའི་ལས་དོན་མི་སྣས་རང་འགན་སྣང་མེད་གཏོང་བ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ། མི་བདེན་རྫུན་བཟོ་བྱེད་པ་བཅས་བྱས་ཚེ་ཁྲིམས་བཞིན་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

    དོན་ཚན་ང་དྲུག་པ། ཁེ་ལས་དང་བྱ་གཞག་ཚན་པ་དང་། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་རླུང་ཁམས་ཆེ་མོར་བཙོག་དངོས་འབུད་གཏོང་བྱས་ནས་སྐྱེ་ཁམས་ཁོར་ཡུག་ལ་སྦགས་བཙོག་ཚབས་ཆེ་བཟོ་བའམ་ཡང་ན་གནོད་འཚེའི་མཇུག་འབྲས་ཚབས་ཆེན་བཟོས་ཚེ་ཁྲིམས་བཞིན་ཆད་པ་གཅོད་པ་ཕུད། ད་དུང་ངེས་པར་དུ་ཁྲིམས་ལྟར་དབང་གནོད་ཀྱི་འགན་འཁྲི་ཁུར་དགོས་པ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

    ལེའུ་བརྒྱད་པ། ཞར་བྱུང་།

    དོན་ཚན་ང་བདུན་པ། སྲོལ་ཡིག་འདི་2019ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།