དབུ་ཤོག>སྲིད་དོན།
  • ལིའུ་ཅང་གིས་གོ་འཇོ་རྫོང་གི་ཤང་དང་གྲོང་རྡལ་ཁག་ཏུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2019-07-09

    ཟླ་7ཚེས་4ཉིན་དང་ཚེས་5ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་སྔ་རྗེས་སུ་གོ་འཇོ་རྫོང་ལྷ་རྒྱལ་དང་། ཨ་དབང་། འབུམ་སྐྱེས། བྱང་གསུམ། ལྷ་ཐོ་སོགས་སུ་ཕེབས་ཏེ་བརྟན་ལྷིང་སྲུང་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་ལས་ཀར་བརྟག་ཞིབ་གནང་བ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུར་དམིགས་ནས་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་དང་སྦྲགས་འགན་འཁྲི་འཁུར་རྒྱུ་དེ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱ་རྒྱུར་བརྩི་བ་དང་དཀའ་སྒྲུབ་དངོས་སྒྲུབ་ལ་བརྟེན་ནས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་ཀྱང་གནང་བ་རེད།

    ལྷ་རྒྱལ་ཤང་ར་མགོ་དགོན་དུ་ལིའུ་ཅང་གིས་དགོན་སྡེ་དོ་དམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཞབས་ཞུ་དང་དོ་དམ་གྱི་གཙོ་གནད་དེ་བསམ་བློར་དོ་དམ་བྱ་རྒྱུའི་ཐད་བཞག་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། དགོན་སྡེའི་དམངས་གཙོ་དོ་དམ་ཨུ་ལྷན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དགོན་སྡེས་སྡོམ་ཁྲིམས་ལ་བརྟེན་ནས་གྲྭ་པར་དོ་དམ་ཡག་པོ་བྱེད་དགོས། དགོན་སྡེའི་དམངས་གཙོ་དོ་དམ་ཨུ་ལྷན་གྱིས་གྲོང་ཚོ“ཨུ་ལྷན་གཉིས”དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུའི་སྣེ་ཁྲིད་བྱས་ཏེ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་རྒྱུན་མཐུད་ངང་ཆུང་དུ་བཏང་ནས། མང་ཚོགས་ཚོས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལིའུ་ཅང་སྔ་རྗེས་སུ་ཆ་སྒྲིག་དུད་ཚང་ཚེ་རིང་དཔའ་མོ་དང་འབྲོང་ནོར་བུའི་ཁྱིམ་དུ་ཕེབས་ཏེ་ཁོང་ཚོའི་འཚོ་བ་དང་། བུ་ཕྲུག་གི་སློབ་ཞུགས། ལས་ཞུགས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་ཁོང་ཚོར་ཏང་གི་སྲིད་ཇུས་བཟང་པོའི་འོག་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ཏེ་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དགོས་པའི་ལྕག་སྐུལ་གནང་བ་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།