དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ནོར་སྲིད་པུའི་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-01

    ཟླ་6ཚེས་25ནས་29ཉིན་བར་ནོར་སྲིད་པུའི་ཏང་ཙུའི་ཁོངས་མི་པུའུ་ཀྲང་གཞོན་པ་ཁྲེན་ལི་ཧྭ་ཡིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ཉིང་ཁྲི་དང་། ལྷ་ས། གཞིས་རྩེ་བཅས་གྲོང་ཁྱེར་གསུམ་གྱི་སྡེ་ཁུལ་དང་། ཁེ་ལས། ཤང་དང་གྲོང་རྡལ་སོགས་སུ་ཕེབས་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་ཁྲལ་རིན་གཉིས་གཅོག་སོགས་ཀྱི་ལས་དོན་ཐད་ཡུལ་དངོས་སུ་བརྟག་ཞིབ་གནང་བ་རེད།

    ཚེས་27ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ནོར་སྲིད་པུའི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ལྷ་སར་མཉམ་དུ་བརྟག་ཞིབ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་འཇམ་དཔལ་ཡང་བཞུགས་མོལ་ཚོགས་འདུར་ཕེབས་པ་མ་ཟད། ལྷན་དུ་བརྟག་ཞིབ་ལ་ཕེབས་ཡོད་པ་རེད།

    རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། ལྷ་ས་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར་བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་གནས་ཚུལ་གྱི་སྙན་སེང་གསན་རྗེས། ཁྲེན་ལི་ཧྭ་ཡིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལས་འགན་ལ་དམིགས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ས་བབ་མཐོ་བའི་ས་ཁུལ་གྱི་བདེ་འཇགས་འཐུང་ཆུ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ། ཡུལ་ནད་འགོག་བཅོས། སྡོད་ཁང་གི་བདེ་འཇགས་སོགས་ཉམས་ཞན་ལྷུ་ཚིགས་དམིགས་བསལ་གྱི་གནས་བབ་ཏུ་འཇོག་དགོས་པ་དང་། དབུལ་སྐྱོར་གྱི་མ་དངུལ་བསྡུ་སྒྲིལ་དང་། ལྟ་འདོམས། ལས་ཕྱོད་བཅས་ལ་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་སྐར་ལི་གཅིག་ཀྱང་བེད་སྤྱོད་གནད་འཁེལ་ཡོང་བའི་འགན་ལེན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་མཐའ་གཅིག་ཏུ་རྒྱག་དགོས། ཁྲལ་རིན་གཉིས་གཅོག་ལ་བརྟག་ཞིབ་དང་རྗེས་སྙེག་དཔྱད་དཔོག་ལ་ཤུགས་སྣོན་བརྒྱབ་ནས་གཟེར་འདེབས་ཀྱི་སྙིང་སྟོབས་སྤྱད་ནས་སྲིད་ཇུས་དམིགས་སར་དོན་འཁྱོལ་ཡོང་བའི་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ཀྲུང་དབྱང་གིས་བོད་ལ་འཛིན་པའི་གཟིགས་སྐྱོང་སྲིད་ཇུས་ཁག་བེད་སྤྱོད་གང་ལེགས་དང་ཐབས་ལམ་མང་པོར་བརྟེན་ནས་ཡོང་སྒོ་འཕར་སྣོན་དང་གཏོང་སྒོ་གྲོན་ཆུང་བྱས་ཏེ“འགན་ལེན་གསུམ”གྱི་མཐའ་ཚད་བརྟན་པོ་བསྲུངས་ནས་ཚད་ཡོད་ཀྱི་མ་དངུལ་དམངས་འཚོ་ལེགས་བཅོས་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པར་ཏན་ཏིག་སྤྱོད་དགོས། ནོར་སྲིད་པུས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་ནན་བཤད་གནང་བ་རེད། ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁྲེན་ལི་ཧྭ་དང་བཅས་པ་བོད་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་མ་ཟད། ནོར་སྲིད་པུས་བོད་ལ་དམིགས་བསལ་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་ཡུན་རིང་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཀྲོང་ཡན་གྱིས་ཉེ་བའི་ལོ་ཤས་རིང་། ནོར་སྲིད་པུས་བོད་ཀྱི་ནོར་ཤུགས་རང་བཞིན་གྱི་ཁ་གསབ་རྒྱུན་ཆད་མེད་པར་མང་དུ་བཏང་བའི་རྨང་གཞིའི་ཐོག་སློབ་གསོའི“འགན་ལེན་གསུམ”དང་། མཐའ་མཚམས་མི་སེར་གྱི་ཁ་གསབ། དམིགས་བསལ་དཀའ་ངལ་ཡོད་པའི་ཞིང་འབྲོག་པའི་སྤྱི་ཚོགས་ཀྱི་རོགས་སྐྱོབ་སོགས་ཆེད་དོན་ཁ་གསབ་ཀྱི་སྲིད་ཇུས་རབ་དང་རིམ་པ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་ལྷག་པར་དུ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་ལྗོངས་ཀྱི་གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་དང་། ས་བབ་མཐོ་བའི་ལས་ཡུན་ཕབ་རྩིས་ཀྱི་ཁ་གསབ། རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་བྱེད་ནུས་ཁུལ་གྱི་གཞན་སྒྱུར་གཏོང་སྒོ བརྟན་ལྷིང་སྲུང་སྐྱོང་སོགས་ལ་རྒྱབ་སྐྱོར་སྔར་ལས་ཆེ་བ་གནང་ཡོད། ནོར་སྲིད་པུས་མུ་མཐུད་བོད་ཀྱི་འཕེལ་རྒྱས་ལ་དམིགས་བསལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་མ་ཟད། མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ལ་གཟིགས་སྐྱོང་རྒྱབ་སྐྱོར་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བ་དང་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་མ་གཏོང་བའི་རེ་བ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ནོར་སྲིད་པུའི་སྲིད་ཇུས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དང་སྔར་བས་ནུས་ལྡན་གྱིས་ལས་དོན་བསྒྲུབས་ཏེ་འབད་འབུངས་ཡར་བརྩོན་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྒོ་ནས་ནོར་སྲིད་མ་དངུལ་བདེ་འཇགས་དང་། ཚད་ལྡན། ཕན་འབྲས་ཐོན་པ་བཅས་ཀྱིས་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་པ་དང་། ཏང་གི་དམངས་ཕན་སྲིད་ཇུས་ཁག་དང་ཀྲུང་དབྱང་གིས་བོད་ལ་འཛིན་པའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་ཁག་དམིགས་སར་དོན་འཁྱོལ་ཡོང་བར་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་མཇུག་བསྡུའི་ལས་དོན་ཡག་པོ་སྒྲུབ་ཕྱིར་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།