དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་ཁོངས་མིས་བོད་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཁང་དུ་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་ལེན་གནང་བ།​

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-14

    ལྗོངས་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཕྱོགས་ཡོངས་ནས་འགོ་ཚུགས་པའི་སྐབས་སུ་ཚེས་12ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་མཉམ་སྡེབ་ཐོག་བོད་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཁང་དུ་ཕེབས་ནས་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་ལེན་གནང་སྟེ་ལོ་དྲུག་ཅུ་ལྷག་ཙམ་རིང་གི་བོད་ཀྱི་དམག་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་ཀྱི་སྤྱིར་བཏང་མིན་པའི་ལོ་ཟླར་དྲན་གསོ་གནང་བ་དང་མི་རབས་ནས་མི་རབས་བར་གྱི་གུང་ཁྲན་ཏང་མིས་བོད་ལྗོངས་བཅིངས་འགྲོལ་དང་། བོད་ལྗོངས་སྲུང་སྐྱོང་། བོད་ལྗོངས་འཛུགས་སྐྲུན་བཅས་ཀྱི་བརྒྱུད་རིམ་ནང་གྲུབ་པའི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”མྱོང་ལེན་བྱ་རྒྱུ་དེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུས་སྤེལ་བའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་ཚན་དང་པོར་བརྩིས་ཏེ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤུས་ཚད་མཐོ་བའི་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་བར་སྣེ་ཁྲིད་བྱ་རྒྱུ་དེ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཞུས་ཡུང་དང་། ནོར་བུ་དོན་གྲུབ། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི་བཅས་ཕེབས་ཡོད་པ་རེད།

    བོད་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཁང་ནི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་དང་། རྒྱལ་ཁབ་ཀྱི་རྒྱལ་སྲུང་སློབ་གསོའི་དཔེ་སྟོན་རྟེན་གཞི། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་སྲུང་སློབ་གསོའི་རྟེན་གཞི་བཅས་གཞི་གཅིག་ཏུ་བསྡུས་ཡོད། འགྲེམས་སྟོན་ཁང་ཁག་ལྔ་ལ་ཕྱེ་ཡོད་པ་དང་རིག་དངོས་དང་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་ཁྲི་1ལྷག་ཙམ་ཉར་ཚགས་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལོ་ལྟར་ལྟ་སྐོར་བ་མི་ཐེངས་ཁྲི་15ཙམ་ལ་སྣེ་ལེན་ཞུས་ཡོད་པ་རེད། འགྲེམས་ཁང་ནང་གི་ལོ་རྒྱུས་ཀྱི་པར་རིས་རེ་རེ་དང་ལོ་རྒྱུས་ཀྱི་དངོས་པོ་རེ་རེ་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མི་དམངས་བཅིངས་འགྲོལ་དམག་གིས་བོད་ལ་དཔུང་འཇུག་དང་། བོད་ལ་བཅིངས་འགྲོལ་གཏོང་བ། བོད་ལྗོངས་སྲུང་སྐྱོང་། བོད་ལྗོངས་འཛུགས་སྐྲུན་བཅས་ཀྱི་ལོ་60ཡི་གཟེངས་སུ་ཐོན་པའི་མཛད་རྗེས་ཇི་མ་ཇི་བཞིན་མངོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་བོད་ཀྱི་དམག་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་དང་གསར་འབྱེད་ཡར་བརྩོན་གྱི་རླབས་ཆེའི་སྙིང་སྟོབས་དང་ལོ་རྒྱུས་ཀྱི་གྲུབ་འབྲས་གསོན་ཉམས་དོད་པོས་མངོན་པ། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚུད་པའི་རྒྱལ་ཡོངས་མི་དམངས་ཀྱི་བདེ་སྐྱིད་དོན་གཉེར་བྱེད་པའི་འགྱུར་མེད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་གང་ལེགས་མངོན་པ། གུང་ཁྲན་ཏང་དང་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་མི་དམངས་བཅིངས་འགྲོལ་དམག་མེད་ན་དར་རྒྱས་གོང་འཕེལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་ཡོང་མི་སྲིད་པའི་བདེན་དོན་རྒྱས་བཤད་གཏིང་ཟབ་བཅས་བྱས་ཡོད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་ཁོངས་མི་ཚོས་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པས་དཔུང་སྐྱོད་ལམ་བར་དུ་སྤྱོད་མྱོང་བའི་ཁུག་མ་དང་། དམག་འཐབ་ནང་སྤྱོད་མྱོང་བའི་ཆུ་དམ། ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་རིང་སྤྱོད་མྱོང་བའི་ལྕགས་ཧྲེང་དང་སྦྱག་མ་བཅས་དྲན་གསོའི་དངོས་པོ་རེ་རེ་བཞིན་ལ་གཟིགས་པ་དང་འབྲེལ་འགྲེལ་བཤད་རྒྱག་མཁན་གྱི་ངོ་སྤྲོད་ནན་ཏན་ངང་གསན་པ་མ་ཟད། འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཡང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་ཁོངས་མི་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་གསར་བརྗེའི་ལོ་རྒྱུས་ཕྱིར་དྲན་གནང་བ་བརྒྱུད་བསམ་བློ་ཆབ་སྲིད་ལ་སླར་ཡང་ཉམས་སད་གཏིང་ཟབ་ཐེབས་པ་དང་། “འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ནས་བོད་ལྗོངས་ས་བབ་མཐོ་ཡང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་བྱེད་པའི་ཚད་གཞི་དེ་བས་མཐོ་བའི་བསམ་བློ་བརྟན་པོ་འཛུགས་པ་དང་། བོད་ལ་གསོ་རླུང་དཀོན་ཡང་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ཏང་གི་སྒྲིག་ཁྲིམས་ལག་བསྟར་བྱེད་པའི་ཚད་གཞི་དམའ་རུ་མི་གཏོང་བའི་བསམ་བློ་བརྟན་པོ་བཙུགས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་དྲིན་གཟོའི་བསམ་པ་འཆང་བཞིན་འབད་འཐབ་བྱས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་རྒྱུ་དེ“ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་སྟོབས་ཤུགས་ཆེན་པོར་འགྱུར་བ་བྱ་རྒྱུ་དང་འབྲེལ་ཕུགས་བསམ་དང་དད་སེམས་བརྟན་པོ་འཛུགས་པ་དང་། གསར་བརྗེའི་དར་ཆ་མཐོན་པོར་སྒྲེང་བ། རྩ་བའི་དམིགས་ཡུལ་བརྟན་པོ་ངེས་པ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོ་འགན་ལེན་དང་ལེགས་བཅོས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མཐའ་མཚམས་འཛུགས་བསྐྲུན་མགྱོགས་པོ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་སོགས་ཀྱི་ཕྱོགས་ཁག་ལ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་བར་སྣེ་ཁྲིད་དང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ནང་བྱས་རྗེས་འཇོག་རྒྱུར་སྐུལ་འདེད་བཏང་སྟེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།