སྒྲིག་ཁྲིམས་ཀྱི་བླང་བྱ་སྔར་བས་ནན་དུ་གཏོང་བ་དང་སྤྱོད་བཟང་སྒྲིག་ནན་གྱི་གྲུབ་འབྲས་མུ་མཐུད་བརྟན་དུ་བཏང་ནས“སྤྱོད་ཚུལ་བཞིའི”གནད་དོན་བསྐྱར་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱེད་ཆེད། ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་དཔེ་མཚོན་གནད་དོན་བཞི་བརྡ་ཁྱབ་བཏང་བ་རེད།
ཉིང་ཁྲི་གྲོང་ཁྱེར་ཕྱོགས་བསྡུས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་མིང་གིས་ཕོགས་སྣོན་དང་ཁ་གསབ་དང་ཕན་བདེའི་དངུལ་སྒྲིག་འགལ་ངང་སྤྲད་པའི་གནད་དོན་ཡིན་ཞིང་། 2014ལོའི་ཟླ་དང་པོ་ནས་2017ལོའི་ཟླ་བཅུ་གཉིས་པའི་བར་མེ་ཏོག་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གི་གོ་གནས་འཁུར་རིང་། ལིའུ་མིང་གིས་ལས་དུས་འཕར་མའི་ཁ་གསབ་དང་། ཁ་ལག་རྗེས་མ་ཟིན་པའི་ཁ་གསབ། ལྟོ་ཆས་ཁ་གསབ་སོགས་ཀྱི་མིང་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་གི་གྲོན་དངུལ་དང་། ལས་སྒོའི་གྲོན་དངུལ། སྤྱི་སྤྱོད་གྲོན་དངུལ་བཅས་སྒྲིག་འགལ་ངང་སྤྱད་དེ་ཕོགས་སྣོན་དང་ཁ་གསབ་དངུལ་སྒོར་ཁྲི་46.7452སྤྲད་པ་རེད། 2018ལོའི་ཟླ་12པར། ལིའུ་མིང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་འབྲེལ་སྒྲིག་འགལ་དངུལ་གཞུང་བཞེས་བཏང་བ་རེད།
ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཡུས་ཤང་ཧུའེ་ཡིས་སྒྲིག་འགལ་ངང་ཕོགས་སྣོན་དང་ཁ་གསབ་དངུལ་སྤྲད་པ་དང་ཚད་གཞི་ལས་བརྒལ་ནས་སྣེ་ལེན་བྱས་པའི་གནད་དོན་ཡིན་ཞིང་། 2015ལོ་ནས་2016ལོ་བར། ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སློབ་སྤྱིའི་འགན་ཁུར་རིང་ཡུས་ཤང་ཧུའེ་ཡི་མིང་བཀོད་ཆོག་མཆན་སྤྲད་པ་བརྒྱུད། ཚད་གཞི་ལས་བརྒལ་ནས་བརྟན་ལྷིང་སྲུང་སྐྱོང་གི་ཁ་གསབ་དངུལ་སྒོར་ཁྲི་5.194སྤྲད་པ་དང་། དོ་དམ་མི་སྣར་ལས་གནས་ཕོགས་སྣོན་སྒོར་ཁྲི་18.7264སྒྲིག་འགལ་ངང་སྤྲད་པ། གསོ་སྦྱོང་དོ་དམ་ཁ་གསབ་སྒོར་ཁྲི་0.15སྒྲིག་འགལ་ངང་སྤྲད་པ། ཚད་གཞི་ལས་བརྒལ་ནས་སྣེ་ལེན་ཐད་སྒོར་ཁྲི་1.9433བཏང་བ་བཅས་ཁྱོན་སྒོར་ཁྲི་26.0137ཟིན་ཡོད་པ་རེད། 2018ལོའི་ཟླ་7པར། ཡུས་ཤང་ཧུའེ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་རེད།
ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་པ་སངས་ཚེ་རིང་གིས་སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་རྒྱས་ཟ་རྒྱས་འཐུང་བྱས་པ་དང་སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་ལག་རྟགས་ཉོས་པ་དང་སྤྲད་པའི་གནད་དོན་ཡིན་ཞིང་། 2014ལོ་ནས་2015ལོ་བར། སྐབས་དེ་དུས་ལྷ་ཁང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲེན་ཀྲང་གི་འགན་ཁུར་མཁན་པ་སངས་ཚེ་རིང་གི་མིང་བཀོད་ཆོག་མཆན་དང་མོས་མཐུན་ཐོབ་པ་བརྒྱུད། ཚན་པའི་ལས་མིས་སྒྲིག་འགལ་ངང་གཞུང་དངུལ་སྒོར་ཁྲི་2.251སྤྱད་དེ་རྒྱས་ཟ་རྒྱས་འཐུང་བྱས་པ་དང་། ལྷ་ཁང་གྲོང་རྡལ་གྱི“ཚོགས་འདུ་གཉིས”ཀྱི་གྲོན་དངུལ་ནས་སྒོར་ཁྲི་1.462བཏང་ནས་ཆང་རག་ཉོས་པ། མཚོ་སྨད་རྫོང་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་ཙེང་ཆེ་གེ་མོ(གྱོད་གཞི་གཞན་དག་གི་ཐོག་ནས་ཐག་གཅོད་བྱས་པ)སོགས་གདན་དྲངས་ནས་སྒྲིག་འགལ་ངང་སྒོར་ཁྲི་0.5སྤྱད་དེ་རྒྱས་ཟ་རྒྱས་འཐུང་བྱས་པ། གཞུང་དངུལ་སྒོར་ཁྲི་3.1188བཏང་ནས་ཡུལ་ཟོག་ཉོས་པ་དང་འབྲེལ་གཞན་ལ་སྤྲད་ཡོད་པ་རེད། 2019ལོའི་ཟླ་4པར། པ་སངས་ཚེ་རིང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་ཡོད་པ་རེད།
གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་ན་མོ་ཆེ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དབང་འདུས་ཚེ་རིང་གིས་སྒྲིག་འགལ་ངང་གཞུང་འཁོར་སྤྱད་པའི་གནད་དོན་ཡིན་ཞིང་། 2018ལོའི་ཟླ་4ཚེས་13ཉིན། དབང་འདུས་ཚེ་རིང་གིས་མངགས་གཏོང་ཁང་གི་ཉེན་རྟོག་རླངས་འཁོར་བཏང་ནས་ན་མོ་ཆེ་ཤང་ཤར་འཕེལ་ཐང་རྩྭ་ར་ཚོགས་ཆུང་དུ་ལས་ཀ་བྱེད་པར་བསྐྱོད་པ་རེད། ཚན་པར་ལོག་པའི་ལམ་བར་དུ་དབང་འདུས་ཚེ་རིང་གིས་ལས་ཀའི་དུས་ཚོད་སྤྱད་དེ་ལྐོག་ཏུ་མངགས་གཏོང་ཁང་གི་ཉེན་རྟོག་རླངས་འཁོར་བཏང་ནས་བྱང་ཕུབ་ཆུ་ཚན་རྒྱག་པར་བསྐྱོད་པ་རེད། 2018ལོའི་ཟླ་9པར། དབང་འདུས་ཚེ་རིང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་ཡོད་པ་རེད།
བརྡ་ཁྱབ་ནང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ནན་པོ་ཞིག་ལ་བརྩིས་ཏེ་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣེ་ཁྲིད་དེ་དོན་འཁྱོལ་བྱས་ནས་སྒྲིག་ཁྲིམས་སྲུང་བ་དང་སྒྲིག་ལམ་ལ་སྣང་ཆེན་བྱེད་མཁན་གྱི་མིག་དཔེ་ཞིག་བྱེད་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་སྔོན་འཇོག་གིས“འགག་རྩའི་ཉུང་ཤས”ལ་དམ་པོར་དམིགས་ནས་གནད་སྨིན་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱིས་འགན་འཁྲི་བདའ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཞིབ་ཕྲར་དམ་འཛིན་དང་། ཞན་ཆ་གསབ་པ། བསྐྱར་ཐོན་སྔོན་འགོག་བཅས་བྱེད་དགོས། རྩ་ལག་མཉམ་བཅོས་མཐའ་འཁྱོངས་བྱས་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ་སྤྱོད་ཚུལ་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་དགོས། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་གྱི་གནས་ཚུལ་གསར་པར་དམ་པོར་དམིགས་ནས་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་བཏང་ཐོག འགན་འཁྲི་བདའ་འདེད་ཀྱི་རྒྱུན་རྣམ་ཅན་ལ་བརྟེན་ནས་འགན་འཁྲི་དོན་འཁྱོལ་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས། འགན་འཁྲི་བདའ་འདེད་བྱས་འབྲས་བེད་སྤྱོད་ལ་མཐོང་ཆེན་བྱས་ནས་འགན་འཁྲི་བདའ་འདེད་བཏང་བ་བརྒྱུད་གནད་དོན་དག་ཐེར་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་གཅིག་ཤེས་ཀུན་གྲོལ་དང་ལས་དོན་ལ་སྐུལ་འདེད་བཏང་ནས་རྩ་བཅོས་ཀྱི་ནུས་པ་འདོན་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་ཤུགས་མི་འདང་བ་དང་། “སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་ཐད་ལྷོད་གཡེང་གཏོང་བ། “སྤྱོད་ཚུལ་བཞིའི”གནད་དོན་བསྐྱར་ཐོན་མང་བ་བཅས་ཀྱི་ས་ཆ་དང་། སྡེ་ཚན། ཚན་པ་བཅས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་དང་འབྲེལ་བརྡ་ཁྱབ་གཏོང་བ་དང་དམར་རྗེན་དུ་འདོན་དགོས་པའི་ནན་བཤད་བྱས་ཡོད་པ་རེད།