དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་དབུལ་སྐྱོར་འབྲེལ་གཏུག་བྱ་ཡུལ་དཔའ་ཤོད་རྫོང་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-30

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དབུལ་སྐྱོར་འབྲེལ་གཏུག་བྱ་ཡུལ་དཔའ་ཤོད་རྫོང་དུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད། 

    ཀྲོང་ཡན་དཔའ་ཤོད་རྫོང་གླུ་སྐེ་ཤང་དུ་འབྱོར་མ་ཐག་རབ་པ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཏེ་ས་མཐོའི་སྣོད་བཅུད་ངང་པ་གསོ་ཚགས་རྟེན་གཞིར་ཕེབས་ནས་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧའེ་ཏུང་གིས་རབ་པ་གྲོང་ཚོའི་ས་མཐོའི་སྣོད་བཅུད་ངང་པ་གསོ་ཚགས་རྟེན་གཞི་ནི་ཏང་འཛུགས་སྐྱོང་དབུལ་སྐྱོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་ཤིག་ཡིན་པ་དེར་ཁྱོན་མ་དངུལ་སྒོར་ཁྲི་114བཏང་བ་དང་2017ལོའི་ཟླ་དགུ་པ་ནས་བཟུང་དངོས་སུ་གཉེར་སྐྱོང་བྱས་ཚུན་ངང་པ་4400ལྷག་ཙམ་དང་ངང་པའི་སྒོ་ང་ཁྲི་1.5བཙོངས་ནས་ལས་གཉེར་ཡོང་འབབ་སྒོར་ཁྲི་105དང་ཁེ་བཟང་སྒོར་ཁྲི་73བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། ཀྲོང་ཡན་གྱིས་ཐོན་ལས་འཕེལ་རྒྱས་ནི་དབུལ་སྒྲོལ་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བའི་འགག་རྩ་ཞིག་ཡིན་པས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ་མང་ཚོགས་རང་ཡུལ་ནས་བྲལ་མི་དགོས་པར་ཕྱུག་པོ་ཆགས་ཐུབ་པ་བྱེད་དགོས་ལ། ཁྱད་ལྡན་ལེགས་ཆའི་ཐོན་ལས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། 

    ཀྲོང་ཡན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁྲལ་ཆེན་པོ་གནང་བཞིན་དུ་གླུ་སྐེ་ཤང་གླུ་སྐེ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཟླ་བ་དང་བློ་བཟང་གི་ཁྱིམ་དུ་ཕེབས་ནས་ཁོང་ཚོ་དང་མཉམ་དུ་ཡོང་འབབ་དང་། ཕྱུག་འགྱུར་ཐབས་ལམ། འཕེལ་རྒྱས་ཀྱི་བསམ་ཕྱོགས་བཅས་གླེང་བ་རེད། ཟླ་བས་2018ལོར་སྣོད་བཅུད་ལས་གནས་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར། ཕྱིར་གླ་པར་སྐྱོད་པ་སོགས་ལ་བརྟེན་ནས་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ན་ནིང་ལས་སྒོར་500ཙམ་གྱིས་མང་བ་འདུག་ཅེས་བཤད། ཀྲོང་ཡན་གྱིས་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་ཁྱེད་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་བའི་སེམས་པ་བཅངས་ཏེ་ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ལས་དབང་ལ་ཁ་ལོ་སྒྱུར་བ་དང་འབབ་འཕར་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་དགོས་ཞེས་གསུངས། 

    ལས་ཞུགས་ནི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་དོན་ཆེན་ཞིག་རེད། གནས་རབ་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་སུ་སྤོས་པའི་མང་ཚོགས་ཀྱི་ལས་ཞུགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས། མང་ཚོགས་ཚོས་ཏང་གི་ཡང་དག་པའི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག་ལས་ཞུགས་གཞན་སྒྱུར་བྱས་ཏེ། ང་ཚོའི་ཡོང་འབབ་མང་དུ་ཕྱིན་པ་དང་འཚོ་བར་འགྱུར་ལྡོག་ཆེན་པོ་ཕྱིན་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན་སོང་ལ། ཁོར་ཡུག་གསར་པར་ཐོན་སྐྱེད་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་ཆོད་སེམས་དང་ངར་ཤུགས་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།