མུ་སི་ལིན་གྱི་སྨྱུང་གནས་ཟླ་བ་འཆར་ཉེའི་སྐབས་སུ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་ལྷ་ས་གྲོང་ཁྱེར་གྱི་དབྱི་སི་ལམ་ཕྱག་ཁང་ཆེ་མོ་དང་དབྱི་སི་ལམ་ཕྱག་ཁང་ཆུང་ངུར་ཕེབས་ནས་བརྟག་ཞིབ་གནང་བ་དང་འབྲེལ་དད་ལྡན་མང་ཚོགས་ལ་གཟིགས་པ་དང་ཏང་གི་ཆོས་ལུགས་ལས་དོན་སྲིད་ཇུས་སྒྲོག་འགྲེལ་གནང་བ་རེད།
བརྟག་ཞིབ་གནང་སྐབས་ཀྲོང་ཡན་གྱིས་དབྱི་སི་ལམ་ཕྱག་ཁང་གི་རྒྱུན་གཏན་དོ་དམ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཚུལ་བཀའ་འདྲི་ཞིབ་ཚགས་གནང་བ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་དུ་གཏོང་རྒྱུ་དང་། དད་ལྡན་མང་ཚོགས་ཁྲིད་སྟོན་ལ་ཤུགས་སྣོན། ཆོས་ལུགས་ལས་རིགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་སོགས་ཐད་ལ་སྤེལ་རེས་གཏིང་ཟབ་གནང་བ་རེད།
ཀྲོང་ཡན་གྱིས་དབྱི་སི་ལམ་གྱི་རིག་གནས་རྒྱུན་འཛིན་གྱི་ལྟེ་གནས་ཡིན་པའི་དབྱི་སི་ལམ་ཕྱག་ཁང་ནི་མང་ཚོགས་ཀྱི་ཆོས་ལུགས་ཀྱི་དད་པ་སྐོང་སའི་གཞི་རྩའི་གནས་ཤིག་རེད་ལ། གཞི་རིམ་དབྱི་སི་ལམ་ཆོས་ལུགས་ལས་དོན་དོ་དམ་གྱི་རྩ་བའི་ཚན་པ་ཞིག་ཀྱང་རེད། འབྲེལ་ཡོད་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་འབྲེལ་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་མངོན་འགྱུར་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པ་དང་། དབྱི་སི་ལམ་ཕྱག་ཁང་ལ་དོ་དམ་བྱ་རྒྱུ་དེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་རྨང་རྡོ་དང་འགག་རྩའི་གནས་སུ་བརྩིས་ཏེ་བྱེད་ཐབས་དང་ལམ་སྲོལ་ཟམ་མི་ཆད་པར་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་ནས་དབྱི་སི་ལམ་ཕྱག་ཁང་གི་དོ་དམ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པ། ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ཏེ་ཁྲིམས་སྐྱོང་གི་བསམ་གཞིག་འཛུགས་པ་དང་། ཁྲིམས་སྐྱོང་གི་བྱེད་ཐབས་སྤྱོད་པ། ཞབས་ཞུ་དོ་དམ་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ། ཁྲིད་སྟོན་ཐད་བསམ་བློ་གཏིང་ཟབ་གཏོང་བ་དང་། གསལ་པོ་མཐོང་ཐུབ་པ། ཁོང་དུ་བརྟན་པོ་ཆུད་པ་བཅས་བྱས་ནས་ཁྲིད་སྟོན་ཐད་བྱེད་ཐབས་ཡོད་པ་དང་། ནུས་པ་ལྡན་པ། ཕན་འབྲས་ཐོན་པ་བཅས་བྱས་ཏེ་ཆོས་ལུགས་ལས་དོན་གྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས་པ། ཧེ་བག་ལ་བརྩི་འཇོག་དང་ཕན་ཚུན་དབར་བསྟུན་མཁས་བྱས་ཏེ་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་སྐུལ་འདེད་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་དང་། དད་ལྡན་མང་ཚོགས་ཀྱི་སེམས་ནུས་དེ་བས་མང་བ་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་གཏོང་ཐད་འཇོག་རྒྱུར་ཁྲིད་སྟོན། དད་ལྡན་མང་ཚོགས་སྒྲིག་འཛུགས་བྱས་ཏེ་སིམ་འཛུལ་དང་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་མཐའ་གཅིག་ཏུ་བཀག་འགོག་བཅས་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།