དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལྟ་སྐུལ་སྒྲིག་བསྟར་དང་འགན་འཁྲི་བདའ་འདེད་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ལས་ཀའི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་དཔེ་མཚོན་གྱོད་གཞི་ཁག་བཞི་བརྡ་ཁྱབ་བཏང་བ་རེད།
ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྐྱེམས་སྟོང་ཤང་སྟོང་གཞོང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་རག་ཐབས་བྱས་པའི་གནད་དོན་ཡིན་ཞིང་། 2016ལོའི་ཟླ་8པར། སྐྱེམས་སྟོང་ཤང་སྲིད་གཞུང་གི་ལས་དོན་མི་སྣ་འཇམ་དབྱངས་ཆོས་འཕེལ་གྱིས་ཤང་དེའི་སྐབས་དེ་དུས་སྟོང་གཞོང་གྲོང་ཚོའི་ཀྲུའུ་རེན་གྱི་འགན་འཁུར་མཁན་ཟླ་བ་རྒྱལ་མཚན་དང་། སྐབས་དེ་དུས་ཀྲུའུ་རེན་གཞོན་པའི་འགན་འཁུར་མཁན་ནོར་བུ་ཚེ་རིང་། སྐབས་དེ་དུས་དྲིལ་བསྒྲགས་ཨུ་ཡོན་གྱི་འགན་འཁུར་མཁན་བསམ་གྲུབ་བཅས་དང་མཉམ་དུ་2016ལོའི་སྐྱེམས་སྟོང་ཤང་སྟོང་གཞོང་གྲོང་ཚོའི་གནད་སྨིན་དབུལ་སྐྱོར་གསོ་ཚགས་རྣམ་གྲངས་ལག་བསྟར་བྱེད་རིང་། འགྲོ་གྲོན་རྫུན་ཞུ་དང་འཛིན་ཤོག་རྫུས་མ་བྲིས་པའི་བྱ་ཐབས་ཐོག་ནས་རྣམ་གྲངས་མ་དངུལ་སྒོར་ཁྲི་6.5རག་ཐབས་བྱས་ཏེ་ཟླ་བ་རྒྱལ་མཚན་མི་སྒེར་གྱིས་ཉར་དུ་བཅུག་པ་རེད།
2018ལོའི་ཟླ་12པར། འཇམ་དབྱངས་ཆོས་འཕེལ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་། ཟླ་བ་རྒྱལ་མཚན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ། ནོར་བུ་ཚེ་རིང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ། བསམ་གྲུབ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་ཡོད་པ་རེད། དེ་དང་ཆབས་ཅིག་སྒྲིག་འགལ་དངུལ་གཞུང་བཞེས་བཏང་བ་རེད།
གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་སོག་ཆེན་ཤང་དཔེ་གསར་གྲོང་ཚོའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་དགྲ་འདུལ་གྱིས་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་ཧམ་བཟུང་བྱས་པ་སོགས་ཀྱི་གནད་དོན་ཡིན་ཞིང་། 2014ལོ་ནས་2017ལོའི་བར། དགྲ་འདུལ་གྱིས་རྣམ་གླིང་རྫོང་སོག་ཆེན་ཤང་དཔེ་གསར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་རིང་། ཚན་རྩལ་མངགས་གཏོང་པའི་ཁ་གསབ་མ་དངུལ་སྒོར་6000བཀག་ཉར་བྱས་ནས་གཞན་སྤྱོད་བྱས་པ་དང་། མང་ཚོགས་ཀྱི་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་ཁྲི་1.72བཙན་ཉར་བྱས་ནས་མི་སྒེར་གྱིས་ཁྲིམས་འགལ་ངང་སྤྱད་པ། སྣོད་བཅུད་ལས་གནས་ཀྱི་མ་དངུལ་མཉམ་བགོས་བྱེད་རྒྱུའི་རང་དགར་གཏན་འཁེལ་བྱས་པ་དང་འབྲེལ་མཉམ་བགོས་ནང་ཞུགས་མི་འདོད་པའི་དུད་ཚང་14ལ་དངུལ་ཆད་བཅད་པ་རེད། 2018ལོའི་ཟླ་5པར། དགྲ་འདུལ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་ཆབས་ཅིག་སྒྲིག་འགལ་དངུལ་དེ་སྔ་ཇི་ལྟར་ལེན་པ་དེ་ལྟར་ཕྱིར་སློག་ཏུ་བཅུག་པ་རེད།
ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་བན་པ་ཤང་བར་རི་གྲོང་ཚོའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་པད་མ་ལྷུན་གྲུབ་ཀྱིས་སྒྲིག་འགལ་ངང་སྣོད་བཅུད་ལས་གནས་ཀྱི་གླ་ཆ་བླངས་པའི་གནད་དོན་ཡིན་ཞིང་། 2012ལོ་ནས་2017ལོའི་བར། པད་མ་ལྷུན་གྲུབ་ཀྱིས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་མཉམ་དུ་གྲོང་ཚོ་དེ་གའི་ནགས་སྲུང་པ་5ཡི་ལས་གནས་བཟུང་སྟེ་སྒྲིག་འགལ་ངང་གླ་ཆ་བླངས་པ་དང་ཆབས་ཅིག་ནགས་སྲུང་བའི་ལས་གནས་ཀྱི་གླ་ཆ་སྒོར་49850ལྐོག་ཏུ་བགོ་བཤའ་བརྒྱབ་ཡོད་པ་རེད། 2018ལོའི་ཟླ་11པར། པད་མ་ལྷུན་གྲུབ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་ཆབས་ཅིག་སྒྲིག་འགལ་དངུལ་གཞུང་བཞེས་བཏང་བ་རེད།
ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཐང་དཀར་ཤང་ཆུ་མདའ་གྲོང་ཚོའི་ཚོགས་ཆུང་5པའི་ཙུའུ་ཀྲང་ནོར་བུ་ཚེ་རིང་གིས་དབུལ་སྐྱོར་མ་དངུལ་བཀག་ཉར་བྱས་པའི་གནད་དོན་ཡིན་ཞིང་། 2013ལོ་ནས་2017ལོ་བར། ནོར་བུ་ཚེ་རིང་གིས་དེ་སྔ་སྟག་རྩེ་རྫོང་ཐང་དཀར་ཤང་ཆུ་མདའ་གྲོང་ཚོའི་ཚོགས་ཆུང་5པའི་ཙུའུ་ཀྲང་གི་འགན་ཁུར་རིང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཆག་སྒོའི་ཁ་གསབ་རོགས་དངུལ་དང་། འབྲུ་རིགས་ཀྱི་ཁ་གསབ་རོགས་དངུལ། རྨོ་བསྐྱུར་ནགས་གསོའི་ཁ་གསབ་རོགས་དངུལ། རྩྭ་ཕྱུགས་དོ་སྙོམས་མ་དངུལ་སོགས་དངུལ་སྒོར་ཁྲི་2.21ལྷག་ཙམ་བཀག་ཉར་བྱས་ནས་མཉམ་སྡེབ་ཀྱི་རྒྱུན་གཏན་འགྲོ་སོང་ལ་སྤྱད་པ་དང་། “ཞིང་འཕྲུལ་ལས་སྒྲུབ་རྣམ་གྲངས་གསུམ”གྱི་དམངས་ཕན་མ་དངུལ་སྤྲོད་པའི་རེའུ་མིག་རྫུན་བཟོ་བྱས་ནས་དམངས་ཕན་མ་དངུལ་སྣ་ཚོགས་ལྷག་འཕྲོ་སྒོར་ཁྲི་1.09ལྷག་ཙམ་བཀག་ཉར་བྱས་ནས་མི་གཞན་ལ་གནས་སྐབས་ཉར་དུ་བཅུག་པ་རེད། 2018ལོའི་ཟླ་11པར། ནོར་བུ་ཚེ་རིང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་ཆབས་ཅིག་སྒྲིག་འགལ་དངུལ་གཞུང་བཞེས་བཏང་བ་རེད།
བརྡ་ཁྱབ་ནང་། རིམ་ཁག་ཏང་ཨུད(ཏང་ཙུའུ)དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“སྲུང་སྐྱོང་གཉིས”ཐུབ་པར་བྱས་ནས་རྒྱུན་གཏན་གྱི་ལྟ་སྐུལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ལྟ་སྐུལ་གྱི་ནུས་པ་ཆེ་རུ་གཏོང་བ། ལྟ་སྐུལ་བྱེད་སྟངས་ལེགས་སུ་གཏོང་བ། ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། སྤྱོད་ཚུལ་འགག་སྒྲོལ་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་འགན་ལེན་བྱས་ཏེ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་དང་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ནས་སྤྱོད་ཚུལ་ནན་པོར་བརྟེན་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་འགན་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་ཐུབ་པའི་འགན་ལེན་བྱེད་དགོས་པ། རུལ་སུངས་ལ་ཆད་པ་གཅོད་པའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་ཆད་གཅོད་ཀྱི་གཙོ་གནད་མངོན་གསལ་དོད་པ་དང་། “གྱོད་གཞི་གཅིག་ལ་ཞིབ་བཤེར་གཉིས”མཐའ་འཁྱོངས་བྱེད་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པར་དོ་དམ་ནན་པོ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་པོའི་འགན་འཁྲི་ཡག་པོ་མི་ཁུར་བ་དང་། ལྟ་སྐུལ་གྱི་འགན་འཁྲི་ཁུར་ཤུགས་མི་འདང་བ། ལྟ་སྐུལ་གྱི་འགན་འཁྲི་འཁུར་མཁན་མེད་པའི་རིགས་དང་། སླ་བཅོས་ཁ་གཏད་གཅོག་པ་དང་དག་ཐེར་རྫུས་མ་བྱེད་རིགས་ལ་འགན་འཁྲི་རྩད་གཅོད་དང་འགན་འཁྲི་བདའ་འདེད་ནན་པོ་བཏང་ནས་དཔེ་མཚོན་གནད་དོན་ལ་དམ་འཛིན་བྱེད་པ་དང་ཡོངས་བསྒྲགས་བརྡ་ཁྱབ་བཏང་ནས་ཚང་མས་ཤེས་པ་བྱས་ནས་རུལ་སུངས་བྱེད་མི་ཕོད་པའི་རྣམ་པ་མུ་མཐུད་ལེགས་སུ་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་རེད།