དབུ་ཤོག>སྲིད་དོན།
  • ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་2019ལོ་འཁོར་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-10

     ཚེས་8ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་2019ལོ་འཁོར་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་འབྲེལ་ཡོད་མཆན་བཀོད་མཛུབ་སྟོན་དང་ལས་ཀའི་བླང་བྱ་བརྒྱུད་བསྒྲགས་སློབ་སྦྱོང་། དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་སྟེ་ཉེ་དུས་ཀྱི“ཞིང་གསུམ”གྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་རྒྱལ་མཚན་གྱིས་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས“སེམས་ཁྲལ་མེད་པ་གཉིས”དང“འགན་ལེན་གསུམ”གྱི་དམིགས་ཚད་ལས་འགན་ལ་དམིགས་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་ཚོད་འཛིན་བཟོ་བའི་གཡུལ་ས་གཙོ་བོའི་དམིགས་ཚད་ལས་འགན་ལ་དམིགས་ནས་ཆད་ལུས་མེད་པ་དང་དུས་ཚོད་དང་སྤུས་ཚད་འགན་ལེན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་པར་སྒྲུབ་དགོས། ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆར་གཞིས་ཚུགས་ཏེ་ཚན་རྩལ་གྱིས་ཐོན་ལས་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ས་ཁུལ་དབུལ་པོའི་ཐོན་ལས་ཀྱི་དབུལ་སྒྲོལ་གནད་སྨིན་ཐུབ་ཚད་མཐོ་རུ་གཏོང་བ། ཕྱུག་འགྱུར་སྣེ་ཁྲིད་པས་ནུས་པ་འདོན་སྤེལ་ལ་ཁྲིད་སྟོན་ཧུར་ཐག་བཅས་བྱེད་དགོས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པའི་མང་ཚོགས་ཀྱི་བསམ་བློར་སློབ་གསོ་རྒྱག་པའི་ལས་དོན་ཡག་པོ་བསྒྲུབས་ནས་བཀོད་སྒྲིག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུ། ཐོན་ལས་ཆ་འགྲིག་བཅས་དུས་ཚོད་དམ་འཛིན་གྱིས་འཐུས་སྒོ་ཚང་དུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲི་སྔར་བས་ནན་དུ་གཏོང་བ། དབུལ་པོ་དབུལ་རྐྱང་རྩ་བའི་ཆར་སེལ་བའི་དམིགས་ཚད་མངོན་འགྱུར་ཡོང་བར་དམིགས་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་དགོས་པའི་ནན་བཤད་གནང་བ་རེད། 

    བློ་བཟང་རྒྱལ་མཚན་གྱིས་ཞིང་འབྲོག་པར་འབབ་འཕར་གྱི་ལྟེ་བར་དམ་འཛིན་ནན་པོ་བྱས་ནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཚོང་གཉེར་རང་བཞིན་གྱི་ཡོང་འབབ་མཐོ་རུ་གཏོང་བ་དང་། གནད་སྨིན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གླ་ཕོགས་རང་བཞིན་གྱི་ཡོང་འབབ་མཐོ་རུ་གཏོང་བ། ཞིང་དར་ཞིང་ཕན་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་གཞན་སྒྱུར་རང་བཞིན་གྱི་ཡོང་འབབ་མཐོ་རུ་གཏོང་བ། ཞིང་འབྲོག་ཁུལ་སྒྱུར་བཅོས་ཀྱི་གྲུབ་འབྲས་ཆེ་རུ་བཏང་ནས་ནོར་སྲིད་རང་བཞིན་གྱི་ཡོང་འབབ་མཐོ་རུ་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་དར་རྒྱས་ཀྱི་ཕུགས་ཇུས་ལ་དམིགས་ཏེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་དཔེ་སྟོན་རྫོང་དང་ཆུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ་དང་། བཅོས་སྒྲིག་བྱེད་རིགས་གཏན་འཁེལ་བྱེད་པ། གྲོང་གསེབ་འཆར་འགོད་ཀྱི་སྒྲིག་ཁོངས་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ། ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བཅས་བྱེད་དགོས། སྒྱུར་བཅོས་ཀྱི་ཁེ་སྤོགས་བགོ་བཤར་དམིགས་པ་དང་ས་ཞིང་གི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཞིང་འབྲོག་ཁུལ་གྱི་སྒྱུར་འཕེལ་བརྟན་གསུམ་འགན་ལེན་བརྟན་པོ་བྱེད་དགོས། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་གིས་འགན་ནུས་ལས་བགོས་གཞིར་བཟུང་འབྲེལ་བ་གསལ་པོ་བཟོས་ནས། གོང་འོག་འབྲེལ་མཐུད་དང་། ལས་འགན་གཙང་སྒྲུབ། ལག་བསྟར་ནུས་ལྡན་བཅས་བྱས་ཏེ“ཞིང་གསུམ”ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།