ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ཆབ་མདོ་གྲོང་ཁྱེར་དུ་ལྗང་མདོག་གཏེར་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད། བཞུགས་མོལ་ཚོགས་འདུ་ཡང་འཚོགས་ནས་ཆབ་མདོ་གྲོང་ཁྱེར་གྱི་ལྗང་མདོག་གཏེར་ལས་ཀྱི་འཕེལ་རྒྱས་ལ་འཕྲད་པའི་དཀའ་གནད་དང་གནད་དོན་ཐག་གཅོད་ལ་ཞིབ་འཇུག་བྱས་པ་རེད།
ཅང་ཅེས་ལྗང་མདོག་གཏེར་ལས་འཕེལ་རྒྱས་གཏོང་བར་སྣོད་བཅུད་སྔོན་ལ་ལག་བསྟར་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཟོ་བ་དང་ཁོར་ཡུག་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་མ་བྱུང་བའི་གཏེར་ལས་རྣམ་གྲངས་ལ་ཆ་མཚོན་ན། དཔལ་འབྱོར་གྱི་ཁེ་ཕན་ཇི་ལྟར་ཆེན་པོ་ཡོད་རུང་གསར་སྤེལ་གཏན་ནས་བྱ་མི་ཆོག་པ་དང་། འཆར་འགོད་དང་འཚམ་པར་བྱས་ཏེ་གཏེར་ཁའི་བདག་དབང་གང་བྱུང་དུ་བཀོད་སྒྲིག་བྱ་མི་ཆོག་པ། ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་གསར་སྤེལ་མཐའ་འཁྱོངས་བྱས་ཏེ་གཏེར་ཁའི་བདག་དབང་ཆུང་གྲས་རྩ་དོན་ཐོག་ནས་གསར་སྤེལ་མི་བྱེད་པ་དང་། གཏེར་ཁའི་བདག་དབང་ཆེ་གྲས་དང་འབྲིང་གྲས་ལ་ཆ་མཚོན་ན། སྣོད་བཅུད་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཡག་ཤོས་ཁག་གཅིག་བདམས་ནས་གསར་སྤེལ་བྱེད་པ་ལས་གྲོང་ཚོ་ཚང་མར་མེ་སྤོར་མི་རུང་བ་དང་དུད་ཚང་ཚང་མར་དུ་བ་དོན་མི་རུང་བ། ཆེས་སྔོན་ཐོན་གྱི་ཚན་རྩལ་གྱི་གྲུབ་འབྲས་དང་ལག་རྩལ་གྱི་བྱ་ཐབས་སྤྱད་དེ་ཁོར་ཡུག་ལ་གནོད་འཚེ་བཟོ་བའི་ཤུགས་རྐྱེན་ངན་པ་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་ཆུང་དུ་གཏོང་བ་དང་ཐོན་ཁུངས་བེད་སྤྱོད་བྱེད་ཚད་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་མཐོ་རུ་གཏོང་བ། གཏེར་ཁ་གསར་སྤེལ་བྱེད་མཁན་ཁེ་ལས་གདམ་གསེས་ལ་སྣང་ཆེན་གྱིས་དཔལ་འབྱོར་གྱི་སྟོབས་ཤུགས་ལྡན་པ་དང་། སྒྲིག་བཀུར་ཁྲིམས་སྲུང་བྱེད་པ། ཁོར་ཡུག་ལ་གུས་ཤིང་སྐྲག་པ་བཅས་ཀྱི་ཁེ་ལས་ཁྲིམས་ལྟར་བདམས་ནས་མཉམ་ལས་རོགས་ཟླར་བརྩིས་ཏེ་གཏེར་ལས་བདག་དབང་བར་ཚོང་དང་ལོག་ཚོང་རྒྱག་མཁན་བར་འབྲེལ་ཀུང་སི་གཏན་འགོག་བྱེད་པ། གཏེར་ལས་ཐོན་ཁུངས་གསར་སྤེལ་དང་དབུལ་སྒྲོལ་འགག་སྒྲོལ་བྱེད་པ་དང་། དབུལ་སྒྲོལ་བྱས་རྗེས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ལས་ཞུགས་གང་ཐུབ་བྱེད་པ་དང་ས་གནས་དེ་གའི་རྒྱུ་ཆ་བེད་སྤྱོད་བྱས་ནས་ཁྲིམས་ལྟར་ཁྲལ་འཇལ་དགོས་པའི་ནན་བཤད་གནང་བ་རེད།
ཅང་ཅེས་འབྲེལ་ཡོད་འགན་ནུས་སྡེ་ཚན་ཁག་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་འགན་འཁྲི་བདའ་འདེད་ལམ་ལུགས་བཙུགས་ནས་གྲོང་ཁྱེར་ཡོངས་ཀྱི་ལྗང་མདོག་གཏེར་ལས་ཁྲིམས་བསྟུན་སྒྲིག་མཐུན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་སྐྱོན་བྲལ་འཕེལ་རྒྱས་གཏོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།