དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ལོ་འཁོར་གྱི་གདེང་འཇོག་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-03

    སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཟླ་3ཚེས་25ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ལོ་འཁོར་གྱི་གདེང་འཇོག་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་2017ལོའི་ལོ་འཁོར་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གདེང་འཇོག་གྲུབ་འབྲས་བརྡ་ཁྱབ་བཏང་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ལྗང་མདོག་འཕེལ་རྒྱས་ཀྱི་གདེང་འཇོག་ལས་དོན་བཀོད་སྒྲིག་ཀྱང་གནང་ཡོད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུ་གཞི་རྩའི་བྱེད་ཐབས་སུ་བྱེད་པ། གལ་ཆེའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་པའི་འཐབ་ཇུས་ཀྱི་ངེས་གནས་ལ་དམ་པོར་དམིགས་པ། སྣོད་བཅུད་སྔོན་ལ་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་སྟོན་ཕྱོགས་སུ་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ་བཅས་བྱས་ནས་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་ཐོན་རྒྱུ་འགན་ལེན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་མུ་མཐུད་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

    ཚོགས་འདུའི་ཐོག་2017ལོའི་རང་ལྗོངས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་སྟོན་གྲངས་རྒྱལ་ཡོངས་ཀྱི་ཨང་རིམ་ཁྲོད་ཇེ་ཆེར་འཕར་བ་དང་དེ་བཞིན་ཕན་འབྲས་ལྡན་པའི་ལས་དོན་འབོར་ཆེན་བསྒྲུབས་པར་ཁས་ལེན་གང་ལེགས་བྱས་ཡོད།

    ཚོགས་འདུའི་ཐོག རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་བ། ཞན་ཆ་གསབ་པ། རང་ལྗོངས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་དུས་བབ་གསར་པ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་གདེང་འཇོག་གི་དམིགས་ཚད་ཁག་མཐོར་གཏོང་གསར་པ་ཡོང་བའི་འགན་ལེན་བྱེད་དགོས། མངོན་གསལ་དོད་པའི་ཁྱབ་ཁོངས་ལ་དམིགས་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ཞན་ཆ་མགྱོགས་མྱུར་གསབ་པ། “ཁོར་ཡུག་སྤུས་ཚད་དང་། སྣོད་བཅུད་སྲུང་སྐྱོང་། ཁོར་ཡུག་བཅོས་སྒྲིག ཐོན་ཁུངས་བེད་སྤྱོད། སྤུས་ཚད་མཐོར་གཏོང”བཅས་རིགས་5ཡི་སྟོན་གྲངས་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག་དཀའ་གནད་ལ་དམིགས་པ་དང་། བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པ། འབེན་ཡོད་སར་མདའ་འཕེན་པ་བཞིན་ལས་དོན་སྒྲུབ་པ་བཅས་བྱས་ནས་རང་ལྗོངས་ཀྱི་ལྗང་མདོག་འཚོ་བའི་རིགས་དབྱེའི་སྟོན་གྲངས་ཀྱི་མངོན་གསལ་དོད་པའི་ཞན་ཆ་མགྱོགས་མྱུར་གསབ་དགོས། ཁྲིམས་དང་སྒྲིག་སྲོལ་ལ་དམིགས་ནས་ཁྲིམས་ལྟར་བསྡོམས་རྩིས་དང་ཚན་རིག་དང་མཐུན་པའི་ངང་བསྡོམས་རྩིས་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་བསྡོམས་རྩིས་གྲངས་གཞི་དོན་དངོས་དང་མཐུན་པ་དང་གནད་ལ་འཁེལ་བའི་འགན་ལེན་བྱས་ཏེ་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཕན་འབྲས་གང་ལེགས་མངོན་དགོས། སྙན་སེང་སྦྲེལ་མཐུད་ལ་དམིགས་པ་དང་། རྒྱལ་ཁབ་ཀྱི་ཁ་གཏད་པུའུ་ཨུད་ལ་སྙན་སེང་ཞུ་རྒྱུར་ཤུགས་སྣོན་རྒྱག་པ། རང་ལྗོངས་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཐོབ་པའི་རླབས་ཆེའི་གྲུབ་འབྲས་དང་འཕྲད་པའི་དཀའ་ངལ་དངོས་དངོས་ཐོག་བདེན་འཚོལ་གྱིས་གོང་ཞུ་བཅས་བྱས་ཏེ་སྔར་བས་ལེགས་པའི་སྲིད་ཇུས་དང་། སྔར་བས་མང་བའི་མ་དངུལ། སྔར་བས་མང་བའི་རྣམ་གྲངས་བཅས་བརྩོན་ལེན་གྱིས་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་འདེགས་སྐྱོར་བྱེད་དགོས། དམིགས་ཚད་ལས་འགན་ལ་དམིགས་པ་དང་། འགན་འཁྲི་ཕྲག་ཐོག་ཏུ་མཐའ་གཅིག་ཏུ་འཁུར་བ། མི་དམངས་མང་ཚོགས་དང་ཕ་ཚ་བུ་རྒྱུད་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ལ་བརྟེན་པ། རང་འགན་གཙང་སྒྲུབ་དང་ནུས་ཤུགས་ཡོད་རྒུས་དགག་སྒྲོལ་དཀའ་སེལ་བཅས་བྱས་ནས་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། དྲིལ་བསྒྲགས་ཁྲིད་སྟོན་ལ་དམིགས་པ་དང་། དྲ་རྒྱ་དང་། བརྙན་འཕྲིན། ཚགས་པར་སོགས་སྨྱན་སྦྱོར་གང་ལེགས་སྤྱོད་པ། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་དང་སྟབས་བདེ་ཞིང་སྐྱིད་སྣང་དོད་པོ་དང་ལྗང་མདོག་ཐཱན་ཉུང་གི་ཕྱིར་སྐྱོད་བྱེད་སྟངས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་བར་མཐོངས་བཀོད་པ་དང་། ཐོན་ལས་གྲུབ་ཆ། ཐོན་སྐྱེད་བྱེད་སྟངས་བཅས་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཁྲོད་མི་ཚང་མ་ཞུགས་པ་དང་སྣོད་བཅུད་ཤེས་དཔལ་གྱི་ཕན་འབྲས་མི་ཚང་མས་ལོངས་སུ་སྤྱོད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།