དབུ་ཤོག>སྲིད་དོན།
  • རླབས་ཆེན་གྱི་མཆོང་སྐྱོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-30

    དཀར་ཆག

    སྔོན་འགྲོའི་གཏམ།

    གཅིག མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས།

    གཉིས། འགོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་རླབས་རྒྱུན།

    གསུམ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་བ།

    བཞི། མི་དམངས་ལ་རང་ཁྱིམ་རང་བདག་བྱུང་བ།

    ལྔ། ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་བ།

    དྲུག བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

    བདུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

    བརྒྱད། ཆོས་དད་རང་མོས་འགན་ལེན་བྱུང་བ།

    དགུ མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ།

    བཅུ། བོད་ཀྱི་འཕེལ་རྒྱས་དུས་རབས་གསར་པར་སླེབས་པ།

    མཇུག་བསྡུའི་གཏམ།

    གླེང་གཞི།

    2019ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཞིག་རེད། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གོམས་སྲོལ་ལྟར་ན་ལོ་དྲུག་ཅུ་ལ་རབ་བྱུང་གཅིག་ཡིན་པས་དྲན་གསོ་ཞུ་འོས་པ་ཞིག་རེད།

    ལོ་དྲུག་ཅུ་ཡི་གོང་གི་དམངས་གཙོའི་བཅོས་སྒྱུར་ནི་བོད་ས་གནས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ངོས་ནས་བརྗོད་ན་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་ཞིག་ཡིན་པས་སྤྱིར་བཏང་མིན་པའི་དོན་སྙིང་ལྡན་ཡོད།

    ལོ་དྲུག་ཅུའི་རིང་མི་ཡུལ་གསར་པ་བརྗེས་ཤིང་། དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་རླབས་ཆེ་ཤོས་དང་གཏིང་ཟབ་ཤོས་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་རེད། དུས་དེ་ནས་བཟུང་བོད་དུ་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་ནས་སྤྱི་ཚོགས་ཀྱི་ལམ་ལུགས་གསར་རྐྱང་ཞིག་བཙུགས་པས་མི་དམངས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ལ། དབང་ཆ་ཁག་སྤྱོད་རྒྱུར་འགན་ལེན་གང་ལེགས་ཀྱང་ཐུབ་ཡོད།

    ལོ་དྲུག་ཅུའི་རིང་མཛེས་སྡུག་གསར་དུ་བཏོད་ཅིང་། དམངས་གཙོའི་བཅོས་སྒྱུར་བྱས་པ་དེས་བོད་ལ་འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་མདུན་ལམ་བཏོད་ཡོད། ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཡར་རྒྱས་བརྩོན་ལེན་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱས་པ་དང་དབུལ་ཕོངས་རྗེས་ལུས་ཀྱི་བོད་རྙིང་པ་དེ་ཉིད་དཔལ་འབྱོར་དར་རྒྱས་གོང་འཕེལ་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན། སྣོད་བཅུད་ཁོར་ཡུག་བཟང་བ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་བོད་ལྗོངས་གསར་པ་ཞིག་ཏུ་བསྐྲུན་ཡོད།

    ལོ་དྲུག་ཅུའི་རིང་མཐུན་སྒྲིལ་ཡར་བརྩོན་བྱས་ཤིང་། དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་བློ་གཅིག་སེམས་གཅིག་དང་ཕྱར་བ་གྲུ་འདེགས་བྱས་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་མི་རིགས་ཀྱི་འབྲེལ་བ་བཏོད་ཡོད། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་པས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཀྱི་ཚོད་བགམ་ཐེག་ལ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱང་བཏོད་ཡོད།

    ལོ་དྲུག་ཅུའི་རིང་རླབས་ཆེན་མཆོང་སྐྱོད་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་སྤྱི་ཚོགས་ལ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ལ། བོད་ཀྱི་འཕེལ་རྒྱས་ལ་དབུལ་ཕོངས་རྗེས་ལུས་ནས་ཤེས་དཔལ་ཡར་ཐོན་གྱི་རླབས་ཆེའི་མཆོང་སྐྱོད་ཀྱང་བྱུང་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་པ་དང་ཆབས་ཅིག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད།

    གཅིག མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས།

    ལོ་རྒྱུས་ཐོག་བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཡུན་རིང་ལག་ལེན་བསྟར་ཡོད། ལམ་ལུགས་དེ་1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་བར་རྒྱུན་མཐུད་ཅིང་། ཞིང་བྲན་ཁྲི་ཚོ་བརྒྱ་བཤུ་གཞོག་དང་གཉའ་གནོན་གྱི་འོག་ཏུ་གནས་ཡོད།

    —— མངའ་བདག་ཆེན་པོ་གསུམ་གྱིས་ཞིང་བྲན་གྱི་དབང་ཆ་མཐའ་དག་བདག་གིར་བཟུང་བ།

    བོད་རྙིང་པའི་ཞལ་ལྕེའི་ནང་མི་ལ་རབ་འབྲིང་མཐའ་གསུམ་དང་རིམ་པ་དགུར་ཕྱེ་བ་དང་། ཞལ་ལྕེའི་ནང་འདྲ་མཉམ་མིན་པའི་གནས་བབ་གཏན་འབེབས་བྱས་པ། ཞིང་བྲན་གྱི་མི་ལུས་དབང་ཆ་མངའ་བདག་གྲལ་རིམ་གྱིས་བདག་གིར་བཟུང་ཡོད། ས་གནས་སྲིད་གཞུང་རྦད་དེ་སྡེ་པ་གཞུང་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་སེར་མོ་བ(མངའ་བདག་ཆེན་པོ་གསུམ)བཅས་ཀྱིས་ཁ་ལོ་སྒྱུར་བ་དང་། རིམ་ཁག་དཔོན་རིགས་ཀྱི་འགན་འཁུར་མཁན་ཚང་མ་མཐོ་རིམ་སེར་མོ་བ་དང་མི་དཔོན་སྐུ་དྲག་ཡིན་ཞིང་། སྐུ་དྲག་ཆེ་རིགས་ཀྱི་བུ་ཕྲུག་ཁག་གཅིག་སྐྱེས་མ་ཐག་རིམ་བཞིའི་གོ་ས་ཡོད་པ་དང་ལོ་བཅུ་བདུན་བཅོ་བརྒྱད་ནས་བཟུང་སྲིད་གཞུང་གི་གོ་གནས་མཐོ་བ་ཞུ་ལེན་བྱེད་ཆོག སྐུ་དྲག་ཆུང་འབྲིང་གི་བུ་ཕྲུག་རྩིས་ཕྲུག་པ་ཞུས་རྗེས་ས་གནས་སྲིད་གཞུང་དུ་འགན་ཁུར་བར་སྐྱོད་ཆོག་གི་ཡོད། སེར་མོ་བའི་དཔོན་རིགས་མང་ཆེ་བའི་འགན་སྐུ་དྲག་གི་རྒྱུད་པ་ཡིན་པའི་གྲྭ་པས་ཁུར་གྱི་ཡོད། རྒྱ་ཆེའི་ཞིང་བྲན་རྣམས་སྤྱི་ཚོགས་ཀྱི་རིམ་པ་དམའ་ཤོས་སུ་གནས་པར་བརྟེན་དབང་ཆ་གང་ཡང་མེད།

    —— མངའ་བདག་ཆེན་པོ་གསུམ་གྱིས་ཞིང་བྲན་གསོད་བཅོམ་འཕྲོག་ལེན་གྱི་དབང་ཆ་ཚང་མ་བཟུང་བ།

    མངའ་བདག་ཆེན་པོ་གསུམ་གྱིས་ཀླ་ཀློ་དང་གདུག་རྩུབ་ཆེ་བའི་ཁྲིམས་ལ་བརྟེན་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྲུང་སྐྱོང་བྱེད་ཅིང་། ཁོ་པ་ཚོས་རང་ཉིད་ཀྱི་དབང་ཤུགས་ནང་ཁྲིམས་འཛིན་ལས་ཁུངས་དང་ཁྲིམས་ར་འཛུགས་ཆོག་པ་དང་། སྡེ་པ་གཞུང་ལ་བཙོན་ཁང་ཡོད་པ་ཕུད། ད་དུང་དགོན་པ་ཆེ་རིགས་དང་སྐུ་དྲག་ཚང་མར་བཙོན་ཁང་ངམ་ཡང་ན་སྒེར་གྱི་བཙོན་ཁང་ཡང་ཡོད་པ། ཁྲིམས་ཆས་སྣ་ཚོགས་ཡོད་ལ་སྒེར་གྱིས་ཁྲིམས་ར་འཚོགས་ཏེ་ཞིང་བྲན་ལ་ཁྲིམས་གཅོད་གཏོང་བ་བཅས་བྱེད་ཆོག་པས། ཁྲིམས་ཐག་གཅོད་པ་དང་། རྟ་ལྕགས་གཞུས་པ། ཉེས་རྡུང་གཏོང་བ་བཅས་བྱེད་པ་མ་ཟད། ཞིང་བྲན་ལ་ལག་ལྕགས་དང་རྐང་ལྕགས་ཀྱང་རྒྱག་གི་ཡོད། བོད་ཡིག་ཡིག་ཚགས་མང་པོ་ཞིག་ནང་ལྕེ་བྲེག་པ་དང་། སྣ་བྲེག་པ། རྡོ་ཞྭ་གཡོག་པ། མིག་རིལ་འདོན་པ། རྟིང་རྩ་གཅོད་པ། ལྤགས་པ་བཤུ་བ། ཆུ་ལ་བསྐྱུར་བ། ཐ་ན་སྡིག་པ་རྭ་ཙའི་བཙོན་ཁང་ནང་འཇུག་པ་སོགས་གདུག་རྩུབ་ཆེ་བའི་ཁྲིམས་ཆད་སྣ་ཁ་བཅུ་གྲངས་ཡོད་པ་གསལ་པོར་འཁོད་ཡོད། ལྷ་སའི་གཙུག་ལག་ཁང་བྱང་ངོས་སུ“སྣང་རྩེ་ཤག”ཅེས་པ་ཞིག་ཡོད་པ་ནི་བོད་རྙིང་པར་ལྷ་སའི་བཙོན་ཁང་ཡིན་པ་དེར“མི་ཡུལ་གྱི་དམྱལ་བ”ཞེས་ཟེར་སྲོལ་ཡོད། གདུག་རྩུབ་ཆེན་པོས་ཁྲིམས་ཆད་གཅོད་པ་དང་དམར་གསོད་གཏོང་བའི་སྐབས་དང་བསྟུན་ཏེ། བཀའ་ཤག་སྲིད་གཞུང་དང་དགོན་སྡེའི་མཐོ་རིམ་མི་སྣར“སྐུ་ཕྱྭའི་ཞབས་བརྟན”ཆེད་མཆོད་རྫས་མཁོ་འདོན་བྱས་པའི་གྲས་སུ་དཔེར་ན། མི་མགོ་དང་། མི་ལྤགས། མི་ཤ སྙིང་། རྒྱུ་མ་ལ་སོགས་ཡོད་པ་རེད།

    —— མངའ་བདག་ཆེན་པོ་གསུམ་གྱིས་ས་ཞིང་དང་འབྲོག་ར་གཙོ་བོར་བྱས་པའི་ཐོན་སྐྱེད་རྒྱུ་ཆ་གཅིག་སྡུད་ཐོག་བཟུང་བ།

    1959ལོར་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་བསྡོམས་རྩིས་བརྒྱབ་པར་གཞིགས་ན། བོད་དུ་ས་ཞིང་སོན་ཁལ་ཁྲི་330(བོད་དུ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཚད་འཇལ་གྱི་རྩིས་གཞི་སྟེ། ཁལ་1མུའུ་1ཙམ་དང་མཚུངས་པ)ཙམ་ཡོད་པའི་ནང་ནས་སྡེ་པ་གཞུང་གིས་སོན་ཁལ་ཁྲི་128.37བཟུང་བ་དང་། དགོན་སྡེ་དང་མཐོ་རིམ་སེར་མོ་བས་སོན་ཁལ་ཁྲི་121.44བཟུང་བ། སྐུ་དྲག་གིས་སོན་ཁལ་ཁྲི་79.2བཟུང་བ་བཅས་ཀྱི་བསྡུར་ཚད་99.7%ཟིན་གྱི་ཡོད། ཐག་རིང་ལུང་ཁུག་ས་ཁུལ་དུ་རང་འདེབས་རྨོ་ཞིང་ཉུང་ཤས་ཤིག་ཡོད་པ་དེས་རྨོ་ཞིང་གི་0.3%ཙམ་ལས་བཟུང་གི་མེད་པ་དང་། འབྲོག་ར་ཕལ་ཆེ་བ་འབྲོག་བདག་གིས་བཟུང་ཡོད། སྐབས་དེ་དུས་རྒྱ་ཆེའི་ཞིང་བྲན་གྱི་ཁྲོད་དུ“གངས་རི་མར་ལ་གྱུར་ཡང་། ཁ་གང་ཟ་དབང་མི་འདུག ཆུ་མོ་འོ་མར་གྱུར་ཡང་། ཧུབ་གང་བཏུང་དབང་མི་འདུག”ཅེས་པའི་དམངས་གཞས་ཤིག་ཀྱང་ངག་རྒྱུན་དུ་འཇགས་ཡོད།

    —— མངའ་བདག་ཆེན་པོ་གསུམ་གྱིས་ཞིང་བྲན་གྱི་མི་ལུས་ཚོད་འཛིན་དང་བྲན་དུ་བཀོལ་ཚུལ་གདུག་རྩུབ་ཤིན་ཏུ་ཆེ་བ།

    མངའ་བདག་ལ་ས་ཞིང་དབང་བའི་ལམ་ལུགས་ཀྱི་རྨང་གཞིའི་ཐོག་བཙུགས་པའི་མི་ལུས་གཞན་བརྟེན་གྱི་འབྲེལ་བར་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྲུང་སྐྱོང་ཆེན་པོ་ཐོབ་ཡོད། བཀའ་ཤག་ས་གནས་སྲིད་གཞུང་གིས། ཞིང་བྲན་རྣམས་ཁོངས་གཏོགས་མངའ་བདག་གི་གཞིས་ཀར་སྡོད་དགོས་པ་ལས་རང་དགར་ཁ་བྲལ་མི་ཆོག་པ་མ་ཟད། བྲོས་བྱོལ་དུའང་གཏན་ནས་འགྲོ་མི་ཆོག་པའི་གཏན་འབེབས་བྱས་ཡོད། བཀའ་ཤག་ས་གནས་སྲིད་གཞུང་དང་ཏཱ་ལའི་བླ་མས་ད་དུང་བྲོས་བྱོལ་དུ་ཕྱིན་པའི་ཞིང་བྲན་ཉར་མི་ཆོག་པའི་བསྒྲགས་ཡིག་ཐེངས་མང་བཀྲམ་ཡོད། མངའ་བདག་ཆེན་པོ་གསུམ་གྱིས་ས་ཞིང་ཡོངས་སུ་བཟུང་བ་ལ་བརྟེན་ནས་ཞིང་བྲན་གྱི་ཤི་གསོན་དང་གཉེན་སྒྲིག་སོགས་ཚོད་འཛིན་བྱེད་ཀྱི་ཡོད། ད་དུང་མངའ་བདག་གིས་ཞིང་བྲན་རྣམས་སྒེར་གྱི་རྒྱུ་ནོར་ལ་བརྩིས་ནས་རྒྱན་འགྱེད་དང་། ཉོ་ཚོང་། བརྒྱུད་བཤུག འབུལ་སྤྲོད། བུན་ཚབ། བརྗེ་རེས་བཅས་རང་དགར་བྱེད་ཀྱི་ཡོད། གལ་ཏེ་ཞིང་བྲན་བྲོས་བྱོལ་དུ་སོང་ཚེ་རྐང་པ་གཅོད་པ་དང་ལྕག་ཚན་གཞུ་བ་སོགས་ཀྱི་ཆད་པ་གཅོད་ཀྱི་ཡོད། མངའ་བདག་ཆེན་པོ་གསུམ་གྱིས་རྒྱ་ཆེའི་ཞིང་བྲན་ལ་མི་ལུས་ཚོད་འཛིན་བྱས་པ་མ་ཟད། ད་དུང་ཁྲལ་འུ་ལག་ལ་བརྟེན་ནས་གདུག་རྩུབ་ཆེན་པོས་བྲན་དུ་བཀོལ་ཞིང་། ཞི་བའི་བཅིངས་འགྲོལ་མ་བཏང་གོང་སྲིད་སྐྱོང་སྟག་བྲག་གི་སྟག་ལུང་གཞིས་ཀར་ཆ་མཚོན་ན། གཞིས་ཀར་ས་ཞིང་སོན་ཁལ་ཁྱོན་1445ཡོད་པ་དང་། དེའི་མངའ་འོག་ལ་ངལ་རྩོལ་ནུས་ཤུགས་དང་ཕྱེད་ངལ་རྩོལ་ནུས་ཤུགས་ལྡན་པའི་ཞིང་བྲན་མི་གྲངས་ཁྱོན་81ཡོད་པ་དག་གིས་ལོ་ཧྲིལ་པོར་ནང་ཁྲལ་ཉིན་11826དང་ཕྱི་ཁྲལ་ཉིན་9440རྒྱུག་དགོས་པར་ཕྱི་ནང་གི་ཁྲལ་ཁྱོན་ཉིན་21266རྒྱུག་དགོས་ཀྱི་ཡོད། ངལ་རྩོལ་ནུས་ཤུགས་ལྡན་མཁན་མི་རེས་ཆ་སྙོམས་ཁྲལ་འུ་ལག་ཉིན་262.5རྒྱུག་དགོས་པ་དེས་ངལ་རྩོལ་ནུས་ཤུགས་ཡོད་ཚད་ཀྱི་72%ཙམ་བཟུང་ཡོད།

    —— མངའ་བདག་ཆེན་པོ་གསུམ་གྱིས་ཞིང་བྲན་ལ་གདུག་རྩུབ་ཆེ་བའི་ཁྲལ་ངན་སྣ་ཚོགས་ལ་བརྟེན་ནས་བཤུ་གཞོག་བཏང་བ།

    བོད་རྙིང་པར་མངའ་བདག་ཆེན་པོ་གསུམ་གྱིས་ཐོན་སྐྱེད་རྒྱུ་ཆ་མང་ཆེ་བ་བདག་གིར་བཟུང་ཞིང་། རྒྱ་ཆེའི་ཞིང་བྲན་ཚོར་ཡ་ང་སྙིང་རྗེ་གཏན་ནས་མེད་པར་གཉའ་གནོན་དང་བཤུ་གཞོག་གཏོང་གི་ཡོད། བཀའ་ཤག་ས་གནས་སྲིད་གཞུང་གིས་བསྡུ་བའི་ཁྲལ་རིགས་ཁོ་ནར་སྣ་ཁ་200ལྷག་ཙམ་ཡོད། འཚོ་ཐབས་བྱ་ཆེད་ཞིང་བྲན་རྣམས་ཀྱིས་བུ་ལོན་ཡང་ནས་ཡང་དུ་མ་གཡར་དཀའ་མེད་བྱུང་ཞིང་། བུ་ལོན་ཟུག་པའི་ཞིང་བྲན་གྱིས་ཞིང་བྲན་བསྡོམས་འབོར་གྱི་90%ཡན་བཟུང་ཡོད། ཞིང་བྲན་ལ་ཟུག་པའི་བུ་ལོན་གྱི་གྲས་སུ་བུ་ལོན་གསར་པ་དང་། དོམ་ཆགས་བུ་ལོན། ཕན་ཚུན་བར་འདུག་གི་བུ་ལོན། མཉམ་སྡེབ་བསྡུ་རྒྱག་བུ་ལོན་སོགས་ཡོད། དེའི་ནང་གསུམ་ཆ་གཅིག་ཡན་ནི་ཕ་ཚ་བུ་རྒྱུད་དུ་ཟུག་པའི་བུ་ལོན་དང་ནམ་ཡང་འཇལ་ཚར་རྒྱུ་མེད་པའི་དོམ་ཆགས་བུ་ལོན་རེད། སྐབས་དེ་དུས་དམངས་གཞས་ནང“ཡང་མེས་སྐབས་ཀྱི་བུ་ལོན། སྤོ་བོས་འཇལ་ཡང་མ་ཚར། ཕྲུ་གུའི་ཕྲུ་གུའི་དུས་ལ། སྐྱེད་ཀ་འཇལ་ཡང་མ་ཚར”ཞེས་ངག་རྒྱུན་དུ་འཇགས་ཡོད། 1959ལོ་ནས་1960ལོ་བར་དམངས་གཙོའི་བཅོས་སྒྱུར་བྱས་པའི་བསྡོམས་རྩིས་ལ་གཞིགས་ན། བོད་དུ་སྐྱེད་ལྕིའི་བུ་ལོན་འབྲུ་རིགས་སོན་ཁལ་ཁྲི་1690(བོད་དུ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་རྩིས་གཞི། སོན་ཁལ་1ལ་ཧ་ལམ་སྤྱི་རྒྱ་14བརྩི་བ)དང་། བོད་དངུལ་ཁྲི་1400ལྷག་ཙམ(བོད་དུ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་རྩིས་གཞི། རྡོ་ཚད་1ལ་ཧ་ལམ་དངུལ་སྲང་50བརྩི་བ)མེད་པར་བཟོས་ཡོད། གལ་སྲིད་1958ལོའི་བོད་ཀྱི་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་སོན་ཁལ་ཁྲི་1250ཡིན་པ་དང་བསྡུར་ན། དམངས་གཙོའི་བཅོས་སྒྱུར་སྐབས་མེད་པར་བཟོས་པའི་སྐྱེད་ལྕིའི་བུ་ལོན་དེ་ལོ་གཅིག་གི་འབྲུ་རིགས་ཐོན་ཚད་བསྡོམས་གྲངས་ལས་བརྒལ་ཡོད།

    —— མངའ་བདག་ཆེན་པོ་གསུམ་གྱིས་ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་ལ་བསམ་བློའི་ཐོག་ནས་ཚོད་འཛིན་ནན་པོ་བྱས་པ།

    མངའ་བདག་ཆེན་པོ་གསུམ་གྱིས“བདེ་བ་ཅན་གྱི་ཞིང་ཁམས”དང“ཚེ་ཕྱི་མའི་བདེ་སྐྱིད”ཅེས་པ་འུད་སྒྲོག་བྱས་ཏེ་ཞིང་བྲན་གྱི་བསམ་བློར་ཚོད་འཛིན་གྱིས་ཁོང་ཚོར་བྲན་དུ་བཀོལ་བའི་ལས་དབང་དང་ལེན་བྱེད་དུ་བཅུག་གི་ཡོད། 1913ལོར་བོད་དུ་ཡོང་བའི་རི་པིན་བ་ཏུའུ་ཐན་ཏེང་ཀོན་གྱིས《བོད་སྐྱོད་ཟིན་ཐོའི》ནང“བོད་མིའི་བསམ་བློ་གཏོང་སྟངས་ནི་རྦད་དེ་ཆོས་ལུགས་རང་བཞིན་གྱིས་ཁེངས་ཤིང་། ཁོང་ཚོས་རང་ཉིད་སྡིག་ཉེས་ཤིན་ཏུ་ཆེ་བར་སྙམ་པ་དང་ཏཱ་ལའི་བླ་མས་ཁོང་ཚོ་སྐྱོབ་ཆེད་ཁྲལ་ལྕི་པོ་འཇལ་འཇུག་པར་ངོས་འཛིན་བྱེད་ཀྱི་ཡོད། ད་དུང་ཁོང་ཚོས་ཚེ་འདིའི་སྡིག་པ་གཤག་ཚེ་ཚེ་ཕྱི་མར་བདེ་སྐྱིད་ཐོབ་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱི་འདུག”ཅེས་འཁོད་ཡོད། བོད་རིག་པ་མཁས་ཅན་ཝང་སན་དང་ཝང་ཧྥུའུ་རེན་གྱིས《བོད་ཀྱི་དགོན་སྡེའི་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་དང་བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་རྩ་མེད་གཏོང་དགོས》ཞེས་པའི་ནང“1958ལོ་ནས1959ལོའི་དཔྱིད་ཀ་བར། ལྷ་སའི་ནུབ་འདབ་ཀྱི་ཆོས་ཁང་ཞིག་ནང་ཆོས་འདོན་སྨོན་འདེབས་ཀྱི་ཆོ་གའི་ཆེད་འགོ་པ་ཞིག་གི་ས་ནས་མི་མགོ་27དང་། ཀ་ལི་6 རྐང་རུས་4 མི་ལྤགས་1 མི་རོ་1 མིའི་རྒྱུ་མ་14 མིའི་ཤ་ལྷེབ་8 མིའི་ཁྲག་ཤེལ་དམ་9བཅས་སྔ་རྗེས་སུ་བླངས་ཡོད”ཅེས་དམར་འདོན་བྱས་ཡོད། བོད་རྙིང་པའི་སྤྱི་ཚོགས་ཀྱི་རྣམ་པ་དེ་རིགས་1940ལོའི་གོང་དུ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་གསེར་ཁྲི་མངའ་གསོལ་གཙོ་སྐྱོང་བྱེད་མཁན་གོ་མིན་སྲིད་གཞུང་སོག་བོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་ཀྲུང་ཤིན་གྱིས་ལྟ་ཞིབ་ཟབ་མོ་བྱས་ཡོད། ཁོང་གིས《བཀའ་བཞིན་བོད་ཀྱི་ལས་དོན་སྒྲུབ་པའི་སྙན་ཞུ》ཡི་ནང“རིམ་གྲས་ཁག་གི་མི་སྣས་རང་ཉིད་གཏོགས་སའི་གྲལ་རིམ་དེ་ཚེ་སྔོན་ལས་ཀྱིས་བསྐོས་པར་བརྩིས་ཏེ། ཆེས་ཐ་དམན་བ་ཡིན་ཡང་ལས་དབང་ལ་མགོ་སྒུར་གྱི་ཡོད”ཅེས་བྲིས་ཡོད། མངའ་བདག་ཆེན་པོ་གསུམ་གྱིས་བསམ་པའི་རིག་གནས་ཀྱི་འཚོ་བ་སྒེར་འདེམས་བྱས་ཤིང་། ཁོ་པ་ཚོའི་ཁེ་ཕན་ནམ་ཡང་ན་ལྟ་བ་དང་རྒྱབ་འགལ་ཡིན་པའི་བསམ་བློ་དང་རིག་གནས་ཡིན་ཕྱིན་ཚང་མ་ལུགས་འགལ་ལོག་བཤད་ལ་བརྩི་ཡི་ཡོད། ཉེ་རབས་ཀྱི་བོད་རིག་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་སེར་མོ་བའི་རུལ་སུངས་དང་ངན་ལྷུང་གི་བྱ་ལས་ཐེར་འདོན་བྱས་པ་དང་བོད་བརྒྱུད་ནང་བསྟན་སྒྱུར་བཅོས་བྱ་རྒྱུའི་གྲོས་འགོ་བཏོན་པས་བཀའ་ཤག་ས་གནས་སྲིད་གཞུང་གི་བློ་ལ་མ་བབས་པར་བཙོན་དུ་བཅུག་ནས་མནར་གཅོད་བཏང་ཡོད།

    གཉིས། འགོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་རླབས་རྒྱུན།

    ཞིང་བྲན་ལམ་ལུགས་ནི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་ཆེས་གདུག་རྩུབ་ཆེ་བའི་བྲན་བཀོལ་རྣམ་པ་ཞིག་ཡིན་ཞིང་། དཔལ་འབྱོར་གྱི་འཕེལ་རྒྱས་དང་། ཆབ་སྲིད་ཀྱི་དམངས་གཙོ། ཡང་ན་འགྲོ་བ་མིའི་ཐོབ་ཐང་འགན་ལེན་བཅས་གང་ཞིག་གི་ངོས་ནས་བལྟས་ཀྱང་། ཞིང་བྲན་ལམ་ལུགས་ནི་ཀླ་ཀློ་རྗེས་ལུས་ཀྱི་སྤྱི་ཚོགས་ལམ་ལུགས་ཤིག་རེད། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་ཅུ་པའི་བར། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་གནས་པ་ནི་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་རྦད་དེ་ལྡོག་པ་ཞིག་རེད། ལམ་ལུགས་དེ་ནི་ཤེས་དཔལ་གྱི་མཚན་ཤས་ཡིན་པས་ལོ་རྒྱུས་ཀྱིས་མཆིལ་མ་བཞིན་འདོར་ངེས།

    མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལོ་རྒྱུས་ཐོག མི་ལུས་གཞན་བརྟེན་གྱི་འབྲེལ་བ་ལྡན་པའི་བྲན་གཡོག་ལམ་ལུགས་དང་ཞིང་བྲན་ལམ་ལུགས་འཛམ་གླིང་གི་ས་ཆ་མང་ཆེ་བར་ཐོན་མྱོང་ཡོད། ཉེ་རབས་ཚུན་དུ། བསམ་བློ་གསར་པ་དང་བློ་འབྱེད་ལས་འགུལ་ཐོན་པ་དང་སྦྲགས། བྲན་གཡོག་ལམ་ལུགས་དང་ཞིང་བྲན་ལམ་ལུགས་དེ་རྗེས་ལུས་དང་དུས་ཚོད་ཡོལ་བའི་ལམ་ལུགས་ཤིག་ཡིན་པ་ངོས་འཛིན་ཐུབ་ནས། ཞིང་བྲན་ལམ་ལུགས་མེད་པར་བཟོ་བའམ་ཡང་ན་ཞིང་བྲན་ལམ་ལུགས་མེད་པར་བཟོ་བའི་ལས་འགུལ་རྒྱལ་ཁབ་ཁག་གཅིག་ཏུ་ཐོན་འགོ་ཚུགས་ནས་བྲན་གཡོག་ལམ་ལུགས་དང་ཞིང་བྲན་ལམ་ལུགས་རྩ་མེད་འགྲོ་རྒྱུའི་འཆི་བརྡ་གྲགས། ཡོ་རོབ་དང་མེ་གླིང་དུ་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་དར་བ་དང་སྦྲགས་ཧྥ་རན་སེ་དང་། དབྱིན་ཇི། ཨུ་རུ་སུ། ཨ་རི་སོགས་ཀྱིས་ཀྱང་བྲན་གཡོག་ལམ་ལུགས་དང་ཞིང་བྲན་ལམ་ལུགས་གཅིག་རྗེས་གཉིས་མཐུད་དུ་མེད་པར་བཟོས་ཤིང་། ཧྥ་རན་སེའི་གསར་བརྗེ་ཆེན་པོའི་རྗེས་སུ་ཧྥ་རན་སེས་1794ལོར་བྲན་གཡོག་ལམ་ལུགས་མེད་པར་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། 1807ལོ་དང་1833ལོར་དབྱིན་ཇིས《བྲན་གཡོག་ཉོ་ཚོང་མེད་པ་བཟོ་རྒྱུའི་ཁྲིམས་སྲོལ》དང《བྲན་གཡོག་ལམ་ལུགས་མེད་པར་བཟོ་རྒྱུའི་ཁྲིམས་སྲོལ》ལ་སྔ་རྗེས་སུ་གྲོས་འཆམ་བྱས་པ། 1861ལོར་ཨུ་རུ་སུས་གོང་ནས་འོག་བར་གྱི་ཞི་བའི་སྒྱུར་བཅོས་བྱས་ཏེ་ཞིང་བྲན་ལམ་ལུགས་མེད་པ་བཟོས་པ། 1865ལོར་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ལྷོ་བྱང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་བརྟེན་ནས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་རྣམ་པར་བརྟེན་ནས་ཞིང་བྲན་ལམ་ལུགས་དང་བཙན་ཤེད་ཀྱི་ལས་ཁྲལ་མེད་པར་བཟོས་པ་རེད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་དམག་ཆེན་གྱི་དུ་ཞག་ཁྲོད་ནས་ཐར་བའི་འཛམ་གླིང་གིས་འཕེལ་རྒྱས་ཀྱི་དུས་རབས་གསར་པ་ཞིག་བསུས་ཤིང་། ཞི་བདེ་དང་། འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་མིའི་རིགས་སྤྱི་ཚོགས་ཀྱི་བླ་ན་མེད་པའི་དོན་གཉེར་བྱ་ཡུལ་དུ་གྱུར་ཡོད། 1948ལོར། མཉམ་འབྲེལ་རྒྱལ་ཚོགས་ཐོག་གྲོས་འཆམ་བྱུང་བའི《འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ》ནང“མི་སུ་འདྲ་ཞིག་ཀྱང་བྲན་དུ་བཀོལ་མི་ཆོག རྣམ་པ་གང་རུང་གི་བྲན་གཡོག་ལམ་ལུགས་དང་བྲན་གཡོག་ཉོ་ཚོང་ཚང་མ་གཏན་འགོག་བྱེད་དགོས”ཞེས་ཁ་གསལ་བཏོན་ཡོད། 1956ལོར། མཉམ་འབྲེལ་རྒྱལ་ཚོགས་ཐོག《བྲན་གཡོག་ལམ་ལུགས་དང་། བྲན་གཡོག་ཉོ་ཚོང་། དེ་བཞིན་བྲན་གཡོག་ལམ་ལུགས་དང་འདྲ་བའི་ལམ་ལུགས་དང་གོམས་སྲོལ་བཅས་མེད་པར་བཟོ་རྒྱུའི་སྐོར་གྱི་ཁ་གསབ་སྤྱི་ཆིངས》ལ་ཆེད་མངགས་གྲོས་འཆམ་བྱུང་ཞིང་། ཆིངས་འཇོག་རྒྱལ་ཁབ་ཁག་ལ་དོན་དངོས་དང་དགོས་ངེས་ཀྱི་ཁྲིམས་འཛུགས་དང་བྱེད་ཐབས་གཞན་དག་མཐའ་དག་སྤྱད་དེ་རིམ་བཞིན་དང་གང་མགྱོགས་རྦད་དེ་མེད་པར་བཟོ་དགོས་པའི་བླང་བྱ་བཏོན་ཡོད།

    1949ལོའི་ཟླ་10ཚེས་1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ཀྲུང་གོའི་ལོ་རྒྱུས་ཐོག་གི་དུས་རབས་གསར་རྐྱང་གི་འགོ་ཚུགས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གསར་དུ་དབུ་བརྙེས་པའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གསར་པ་བཙུགས་པ་བརྒྱུད། མི་དམངས་ལ་རང་ཁྱིམ་རང་བདག་བྱུང་། 1951ལོའི་ཟླ་5ཚེས་23ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ས་གནས་སྲིད་གཞུང་དང《ད་་བས་བངས་བལ་འང་ཐབས་ར་་ས་མན》(གཤམ་དུ《གྲོས་མཐུན་དོན་ཚན་བཅུ་བདུན》ཞེས་བསྡུ་རྒྱུ)ལ་མིང་རྟགས་བཀོད་ནས། བོད་ཞི་བས་བཅིངས་འགྲོལ་བཏང་བ་དངོས་སུ་ཁྱབ་བསྒྲགས་བྱས། ཀྲུང་གོ་གསར་པ་དབུ་བརྙེས་ཙམ་དུ་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་དོ་སྙོམས་མེད་པ་དང་ལྷག་པར་དུ་ས་ཁུལ་ཁག་གཅིག་གི་དམིགས་བསལ་གནས་ཚུལ་ལ་གཞིགས་ཏེ། 1954ལོར། སྐབས་དེ་དུས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཡིན་པའི་ལིའུ་ཧྲའོ་ཆི་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོའི་ཐོག“ད་ལྟ་སྔར་བཞིན་དམངས་གཙོའི་བཅོས་སྒྱུར་ལེགས་གྲུབ་བྱུང་མེད་པའི་གྲངས་ཉུང་མི་རིགས་ས་ཁུལ་གྱིས་སླད་ཕྱིན་ཞི་འཇམ་གྱི་བྱེད་ཐབས་ག་གེ་མོར་བརྟེན་ནས་དམངས་གཙོའི་བཅོས་སྒྱུར་ལེགས་སྒྲུབ་བྱེད་ཆོག་པ་དང་དེ་ནས་རིམ་བཞིན་སྤྱི་ཚོགས་རིང་ལུགས་སུ་བར་བརྒལ་བྱེད་ཆོག”ཅེས་གསུངས། 1953ལོར་ཤིན་ཅང་དུ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས(པོའོ་ཁེ་ལམ་ལུགས)ལྷག་འཕྲོ་རྩ་མེད་བཏང་བ་དང་། 1956ལོ་ནས་བཟུང་ཀན་སུའུ་དང་། སི་ཁྲོན། མཚོ་སྔོན་སོགས་ཞིང་ཆེན་གྱི་བོད་རིགས་ས་ཁུལ་དུ་དམངས་གཙོའི་བཅོས་སྒྱུར་གཅིག་རྗེས་གཉིས་མཐུད་ངང་བྱེད་འགོ་ཚུགས། ཡུན་ནན་དུ་ཞི་བའི་གྲོས་མོལ་གྱི་བྱ་ཐབས་བརྒྱུད་1956ལོར་ལི་སུའུ་རིགས་དང་། ཅིང་ཕོ་རིགས། དབའ་རིགས་བཅས་ཀྱི་ཁྱིམ་བདག་ཞིང་བྲན་ལམ་ལུགས་དང་ཡུང་ཉིང་མོའོ་སུའོ་བའི་ཞིང་བྲན་ལམ་ལུགས་མེད་པར་བཟོས་པ་དང་། 1958ལོར་ཉིང་ལེང་ཞའོ་ལེང་ཧྲན་དབྱི་རིགས་ཀྱི་ཞིང་བྲན་ལམ་ལུགས་དང་བདེ་ཆེན་བོད་རིགས་ས་ཁུལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱང་མེད་པར་བཟོས། 1956ལོའི་ལོ་འགོ་ནས་1957ལོའི་ལོ་མཇུག་བར་སི་ཁྲོན་ཞིང་ཆེན་ལེང་ཧྲན་དབྱི་རིགས་འདུས་སྡོད་ཁུལ་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས། ཞིང་བྲན་ལམ་ལུགས་རྩ་མེད་བཏང་། ཞིང་བྲན་ལམ་ལུགས་མེད་པ་བཟོ་རྒྱུ་དེ་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་ཀྲུང་གོ་གསར་པའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་ཞིག་ཏུ་གྱུར་མོད། འོན་ཏེ་སྐབས་དེའི་བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་རྒྱུན་སྔར་བཞིན་ཆད་མེད་པས་སྤྱི་ཚོགས་འཕེལ་རྒྱས་དང་ཤེས་དཔལ་ཡར་ཐོན་ལ་འགོག་རྐྱེན་ཚབས་ཆེན་ཕོག་ཡོད།

    —— ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལས་བོད་ཀྱི་ཐོན་སྐྱེད་དུས་ཡུན་རིང་པོ་འཕེལ་མེད་རང་སོར་གནས་པ།

    དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་ཅུའི་བར། བོད་ཀྱི་ཞིང་ལས་ད་དུང་རྨོ་འདེབས་རགས་ལས་ཙམ་དང་མཐའ་ན“བསྲེགས་རྨོད་གྲིས་འདེབས”ཀྱི་གདོད་མའི་ཐོན་སྐྱེད་བྱེད་སྟངས་མཚམས་སུ་གནས་ཤིང་། ཤིང་ཆའི་ཞིང་ལས་ཡོ་བྱད་རྒྱ་ཁྱབ་ཏུ་སྤྱོད་པ་དང་ཆ་སྙོམས་ཐོན་འབབ་ས་བོན་གྱི་ལྡབ་བཞི་ལྔ་ཙམ་ལས་ཟིན་གྱི་མེད་པ་དེ་ལོ་བརྒྱ་ཕྲག་དུ་མའི་སྔོན་དང་བསྡུར་ན་ཁྱད་པར་ཆེན་པོ་མེད། ཟས་གོས་དང་ཡོ་བྱད་མང་ཆེ་བ་མི་སྒེར་རམ་གཞིས་ཀས་ལག་པས་བཟོ་ཡི་ཡོད་པས་སྤྱི་ཚོགས་ལ་སྐྱེ་སྟོབས་སམ་གསོན་ཤུགས་ཅི་ཡང་མེད།

    —— ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ཐོན་སྐྱེད་འབྲེལ་བ་དེ་ངལ་རྩོལ་པ་དང་རྣོ་ངར་ཆེ་བའི་འགལ་ཟླ་དང་ཁ་གཏད་དུ་གྱུར་པ།

    ཞིང་བྲན་བདག་པོས་ཞིང་བྲན་ལ་བཤུ་གཞོག་བཏང་ནས་བྱུང་བའི་སྤྱི་ཚོགས་ཀྱི་རྒྱུ་ནོར་རྣམས་སེར་སྐྱ་དཔོན་རིགས་ལ་ཞབས་ཏོག་སྒྲུབ་པ་དང་བྲན་གཡོག་གསོག་ཉར་ཕུད། དེ་བྱིངས་ཚང་མ་བག་མེད་ལོངས་སྤྱོད་ཀྱི་འཚོ་བར་སྤྱོད་ཀྱི་ཡོད། ཞིང་བྲན་ཚོས་དཀའ་སྤྱད་ངལ་རྩོལ་བྱས་ནས་བྱུང་བའི་འབྲས་བུ་རྣམས་ཞིང་བྲན་བདག་པོས་གདུག་རྩུབ་ཆེན་པོས་བཤུ་གཞོག་བཏང་བས་ཞིང་བྲན་ཚོ་འཁྱག་ལྟོགས་བཀྲེས་སྐོམ་གྱིས་མནར་ནས་ཡ་ང་བའི་གནས་སུ་ལྷུང་བ་དང་འཚོ་བའི་ནུས་པ་ཤོར་བས་འགོག་རྒོལ་མ་བྱས་རང་བྱས་དང་བྲོས་བྱོལ་དུ་མི་འགྲོ་ཀ་མེད་དུ་གྱུར།

    —— ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱིས་དེང་རབས་ཀྱི་ཚན་རྩལ་རིག་གནས་བརྒྱུད་སྤེལ་དང་འཕེལ་རྒྱས་འགྲོ་རྒྱུར་འགོག་རྐྱེན་ཚབས་ཆེན་བཟོས་པ།

    མངའ་བདག་ཆེན་པོ་གསུམ་གྱིས་དབང་ཆ་ཆ་ཚང་སྟངས་འཛིན་བྱས་པའི་བོད་ས་གནས་སྲིད་དབང་གིས་རང་ཉིད་ཀྱི་དབང་སྒྱུར་སྲ་བརྟན་དུ་གཏོང་ཆེད། ལྷ་དབང་རྨོངས་དད་སྒྲོག་སྤེལ་དང་ཚན་རིག་ལ་ངོ་རྒོལ་བྱས་པས་དེང་རབས་ཀྱི་ཚན་རིག་ལག་རྩལ་བརྒྱུད་སྤེལ་དང་བེད་སྤྱོད་གཏོང་རྒྱུར་འགོག་རྐྱེན་ཚབས་ཆེན་བཟོས་ཡོད། དབང་སྒྱུར་ཚོགས་པས་སྐུ་དྲག་གི་བུ་ཕྲུག་ཕྱི་རྒྱལ་དུ་དེང་རབས་ཀྱི་ཚན་རིག་ལག་རྩལ་སྦྱོང་བར་མངགས་མོད། འོན་ཏེ་དེའི་དམིགས་ཡུལ་གཙོ་བོ་ནི་དབང་སྒྱུར་པ་རང་ཉིད་ཀྱི་འདོད་པ་སྐོང་ཆེད་ལས་སྔོན་ཐོན་སློབ་སྦྱོང་དང་ཚན་རིག་དར་སྤེལ་གཏོང་རྒྱུའི་ཆེད་དུ་མིན།

    ཞི་བའི་བཅིངས་འགྲོལ་བཏང་རྗེས། ཀྲུང་དབྱང་སྲིད་གཞུང་གི་འབད་བརྩོན་འོག བོད་དུ་དུས་ཡུན་རིང་བའི་ནང་ཁུལ་གྱི་ཟིང་འཁྲུག་དང་རྩོད་གཞི་མཇུག་འགྲིལ་ནས་བོད་ཀྱི་སྤྱི་ཚོགས་ཡུན་རིང་བཀག་སྡོམ་སོར་གནས་ཀྱི་རྣམ་པར་འགྱུར་ལྡོག་རགས་ཙམ་ཕྱིན་ཞིང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྣམ་པ་གསར་པ་དང་འགྱུར་ལྡོག་གསར་པ་བྱུང་ཡོད། 《གྲོས་མཐུན་དོན་ཚན་བཅུ་བདུན》གཞིར་བཟུང་། 1951ལོའི་ཟླ་10པར་བཅིངས་འགྲོལ་དམག་བོད་དུ་འབྱོར་བ་དང་1952ལོར་བོད་དམག་ཁུལ་ཁང་བཙུགས་ནས་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་བའི་ལས་འགན་ཁུར། ཀྲུང་དབྱང་གིས་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པ་བརྒྱུད། ལྷ་ས་དང་ས་ཁུལ་ཁག་ཏུ་ཡན་ལག་སྒྲིག་གཞི་བཙུགས་པ་མ་ཟད་ལས་དོན་ཡང་སྤེལ། 1959ལོར་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། བོད་དུ་བཀའ་ཤག་ས་གནས་སྲིད་གཞུང་དང་པཎ་ཆེན་ནང་མ་སྒང་དང་དེ་བཞིན་ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་སོགས་ངོ་བོ་མི་འདྲ་བའི་སྲིད་དབང་རྩ་འཛུགས་གཉིས་དུས་གཅིག་ཏུ་གནས་ཡོད། 《གྲོས་མཐུན་དོན་ཚན་བཅུ་བདུན》གྱི་གཏན་འབེབས་གཞིར་བཟུང་། “བོད་ཀྱི་ད་ལྟ་ལག་ལེན་བསྟར་བཞིན་པའི་ཆབ་སྲིད་ལམ་ལུགས་ལ་ཀྲུང་དབྱང་ནས་འགྱུར་ལྡོག་གཏོང་གི་མིན”དང“བོད་དང་འབྲེལ་བ་ཡོད་པའི་སྒྱུར་བཅོས་ལས་དོན་ཁག་ཀྲུང་དབྱང་གིས་བཙན་གནོན་ཨུ་ཚུགས་བྱེད་ཀྱི་མིན། བོད་ས་གནས་སྲིད་གཞུང་རང་གིས་སྒྱུར་བཅོས་བྱ་རྒྱུ་དང་། མི་དམངས་ཀྱིས་སྒྱུར་བཅོས་རེ་བ་འདོན་སྐབས་བོད་ཀྱི་འགོ་ཁྲིད་མི་སྣ་དང་གྲོས་མོལ་བྱས་ནས་ཐག་གཅོད་དགོས” ཀྲུང་དབྱང་མི་དམངས་སྲིད་གཞུང་གིས“གཟབ་ནན་བརྟན་བགྲོད”ཀྱི་བྱེད་ཕྱོགས་དང་ཧ་ཅང་གུ་ཡངས་ཀྱི་སྲིད་ཇུས་མཐའ་འཁྱོངས་བྱས་ཏེ་རྒྱལ་གཅེས་མཐོ་རིམ་མི་སྣ་བརྩོན་ལེན་ཧུར་ཐག་དང་མཐུན་སྒྲིལ་བྱས་ནས་བོད་ས་གནས་ཀྱི་གོང་རིམ་དབང་སྒྱུར་ཚོགས་པས་རང་ངོས་སྒྱུར་བཅོས་བྱ་རྒྱུ་ངང་སྒུག་བྱས་ཡོད། དེ་དང་ཆབས་ཅིག བོད་ལ་དུས་ཡུན་རིང་པོ་ལྷ་དབང་དབང་སྒྱུར་གྱི་ཤུགས་རྐྱེན་ཐེབས་པར་དམིགས་ཏེ་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་རིམ་ཁག་རྩ་འཛུགས་དང་ལས་དོན་པས་མང་ཚོགས་ལས་དོན་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་ངང་སྤེལ་བ་དང་། “ལོ་དྲུག་འགྱུར་བ་མི་གཏོང་རྒྱུའི”ལས་ཀའི་བྱེད་ཕྱོགས་ལག་ལེན་ནན་ཏན་བསྟར་བར་རྒྱལ་གཅེས་མཐོ་རིམ་མི་སྣ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་ཡོད།

    ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྫོགས་མཐའི་མཚམས་སུ་སླེབས་ནའང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་བོད་ཀྱི་མཐོ་རིམ་ལོག་སྤྱོད་རུ་ཚོགས་ཀྱིས་སྒྱུར་བཅོས་བྱ་རྒྱུའི་བསམ་བློ་མི་གཏོང་བར་སྔར་བཞིན་ལམ་ལུགས་དེར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། ཁོ་ཚོར་སྒྱུར་བཅོས་བྱས་ན་ཆོས་སྲིད་ཀྱི་དམིགས་བསལ་དབང་ཆ་ཤོར་རྒྱུ་མ་ཟད། ད་དུང་དཔལ་འབྱོར་གྱི་ཁེ་ཕན་ཧ་ཅང་ཆེན་པོ་དེའང་ཤོར་རྒྱུའི་སེམས་ཁྲལ་བྱུང་བས་རེད།

    མངའ་བདག་ཆེན་པོ་གསུམ་གྱིས་རྟག་ཏུ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་བརྒྱུད་རྒྱུ་ནོར་ཧམ་ལེན་ཤུགས་ཆེན་བྱས་ཤིང་། བསྡོམས་རྩིས་བྱས་པར་གཞིགས་ན། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཁྱིམ་རྒྱུད་ཀྱིས་བོད་ཀྱི་གཞིས་ཀ་27དང་འབྲོག་ར་30བཟུང་བ་དང་། ཞིང(འབྲོག)བྲན་6000ལྷག་དབང་བ། ལོ་ལྟར་ཞིང་བྲན་ས་ནས་ནས་ཁལ་33000ལྷག་ཙམ(ཁལ་1ལ་སྤྱི་རྒྱ14ཙམ་ཡོད་པ)དང་། མར་ཁལ་2500ལྷག་ཙམ། དངུལ་སྲང་ཁྲི་200ལྷག་ཙམ། ནོར་ལུག་མགོ་གྲངས་300 སྣམ་བུ་བུབས་175བཅས་གདུག་རྩུབ་ཆེན་པོས་བཤུ་གཞོག་གཏོང་གི་ཡོད།

    གསུམ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་བ།

    《གྲོས་མཐུན་དོན་ཚན་བཅུ་བདུན》གཞིར་བཟུང་། ཞི་བའི་བཅིངས་འགྲོལ་བཏང་བའི་ཐོག་མའི་དུས་སུ། ཀྲུང་གོ་གུང་ཁྲན་ཏང་གི་བོད་ཀྱི་ལས་དོན་དེ་མཐོ་རིམ་འཐབ་ཕྱོགས་གཅིག་གྱུར་བྱ་རྒྱུ་གཙོ་བོ་དང་མང་ཚོགས་ལ་ཤུགས་ཆེན་བཟང་པོ་སྤྲོད་རྒྱུ་ཕལ་པར་བྱེད་པ་ལས་མང་ཚོགས་གང་མགྱོགས་ཐད་ཀར་སྐུལ་སློང་བྱས་ནས་སྒྱུར་བཅོས་བྱེད་པ་ཞིག་མིན། བོད་སྐྱོད་མི་དམངས་བཅིངས་འགྲོལ་དམག་དང་ལས་དོན་མི་སྣས་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པ་དང་། འགོ་ནད་བཅོས་པ། ཆུ་ཡུར་སྐྲུན་པ། ཟམ་པ་རྒྱག་པ་དང་ལམ་བཟོ་བ། གེགས་འགོག་གེགས་སེལ་བྱེད་པ། སྐྱེད་མེད་དངུལ་བུན་གཏོང་བ། སོན་བཟང་དང་ཞིང་ལས་ཡོ་བྱད་སྤྲོད་པ། གློག་བརྙན་སྟོན་པ། རྒུད་གསབ་ལས་སྤྲོད་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་ལ་བྱ་བ་བཟང་པོ་ཧུར་ཐག་བསྒྲུབས་པ་དང་དཀའ་སྤྱད་ཞིབ་ཚགས་ཀྱི་ལས་དོན་སྤེལ་ཡོད། ཁྲོན(ཁམས)བོད་གཞུང་ལམ་སྐྲུན་རིང་། གཞུང་ལམ་བསྐྲུན་རྒྱུ་དེ་བཅིངས་འགྲོལ་དམག་ལ་ཁྲལ་འུ་ལག་རྒྱུག་པ་ཞིག་མིན་ལ་སྐུ་ངོ་ཚོར་གཡོག་པོ་རྒྱུག་པ་ཞིག་ཀྱང་མིན་པར་ཕ་ཚ་བུ་རྒྱུད་ལ་བདེ་སྐྱིད་སྐྲུན་པ་ཞིག་ཡིན་པ་མང་ཚོགས་ཚོས་ངོས་འཛིན་གསལ་པོ་ཐུབ་ཡོད། ཇོ་མོ(ད་ལྟའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ཁོངས)དང་རྩེ་ལ(ད་ལྟའི་སྨན་གླིང་རྫོང་གི་ཁོངས)སོགས་རྫོང་གི་ལས་མིས“བཅིངས་འགྲོལ་དམག་མི་ཚང་མ་བྱང་ཆུབ་སེམས་དཔའ་ཤ་སྟག་རེད་འདུག བཅིངས་འགྲོལ་དམག་མིར་ངན་སྨྲས་བྱེད་མཁན་དེ་དག་ནི་ལུག་ལྤགས་གྱོན་པའི་སྤྱང་ཀི་དང་ང་ཚོ་བོད་རིགས་ནང་འཁྱམ་མྱུལ་བྱེད་མཁན་གདོན་འདྲེ་རང་རེད”ཅེས་བརྗོད།

    1954ལོའི་ཟླ་7པར། མྱང་ཆུའི་སྟོད་རྒྱུད་ཀྱི་འཁྱགས་རོམ་བརྡིབས་ནས་ཆུ་ལོག་ཆེན་པོ་བྱུང་སྟེ། རྒྱལ་རྩེ་དང་པ་སྣམ་རྫོང་གཉིས་ཀྱི་མི་སེར་91ཆུས་འཁྱེར་ནས་ཤི་བ་དང་། གྲོང་ཚོ་170ཆུས་བསྣུབས་་བ། མང་ཚོགས་ཁྲི་1.6ལྷག་ཙམ་ལ་གནོད་འཚེ་ཕོག་པ། ས་ཞིང་སོན་ཁལ་ཁྲི་6ལྷག་ཙམ་བསྣུབས་པ། ཕྱུགས་ཟོག་མགོ་གྲངས་8000ཤི་བ་བཅས་ཀྱི་རྐྱེན་ངན་ལྷག་ཡོད། གེགས་བར་བྱུང་རྗེས་ཀྲུང་དབྱང་གིས་འཕྲལ་མར་རྡ་ཡང་ཁྲི་80བཏང་ནས་གེགས་སེལ་བྱས་ཤིང་། རྒྱལ་རྩེ་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་དང་ཡུལ་དེ་གར་བཅའ་སྡོད་བཅིངས་འགྲོལ་དམག་མིས་རང་སྲོག་བློས་གཏོང་གིས་གནོད་འཚེ་ཕོག་མཁན་མང་ཚོགས་མྱུར་སྐྱོབ་བྱས་ཡོད། ཡུལ་དེ་གར་བཅའ་སྡོད་དམག་དཔུང་དང་ལས་དོན་མི་སྣས་མཁོ་སྤྲོད་ཤིན་ཏུ་དཀའ་བའི་གནས་ཚུལ་འོག སྔར་བཞིན་གནོད་འཚེ་ཕོག་པའི་མི་སེར་ལ་བཟའ་འབྲུ་སྤྱི་རྒྱ་ཁྲི་73ལྷག་ཙམ་རོགས་སྐྱོར་བྱས་པ་དང་། ས་བོན་སྤྱི་རྒྱ་ཁྲི་56བུ་ལོན་བཏང་བ། རྡ་ཡང་ཁྲི་1.5ལྷག་ཙམ་རི་བའི་ཞིང་སྤྱོད་ཡོ་བྱད་དང་ཏིར་པར་སྨི་ཁྲི་2.8རིན་མི་དགོས་པར་སྤྲད་པ། ལས་བྱེད་པ་དང་འཐབ་འཛིང་པས་རྡ་ཡང་ཁྲི་10ལྷག་རི་བའི་གྱོན་གོས་དང་དངུལ་སྨར་ཞལ་འདེབས་བརྒྱབ་ཡོད། དེ་དང་བསྡུར་གཞི་མངོན་གསལ་དོད་པོ་ཞིག་ཆགས་པ་ནི་ནག་ཆུར(ད་ལྟ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས)གངས་སྐྱོན་ཚབས་ཆེན་ཞིག་བྱུང་སྐབས་བོད་ས་གནས་སྲིད་གཞུང་གིས་གེགས་སྐྱོབ་ཕར་བཞག དེ་ལས་ལྡོག་སྟེ་འབྲོག་པར་ཁྲལ་སྤྲོད་རྒྱུའི་འདེད་སྐུལ་བཏང་བ་མ་ཟད། ཆག་ཡང་གཏོང་མི་ཆོག་པའི་བཀའ་ཡང་བཏང་ཡོད། ཐ་ན་འདམ་གཞུང་རྫོང་གི་འགོ་པས་ནག་ཆུ་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་གིས་ནས་དང་ཇ་སྤྲད་ནས་ཉམ་ཐག་མི་སེར་རྒུད་སྐྱོབ་བྱེད་པར་འགོག་རྐྱེན་བཟོས་ཡོད། དཔེ་མཚོན་དེ་དག་ལས་མང་ཚོགས་ཀྱིས་གུང་ཁྲན་ཏང་དང་བཅིངས་འགྲོལ་དམག་ལ་ལྟ་སྟངས་འཛིན་སྟངས་ཟབ་ཏུ་སོང་ལ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་ཚེ་གཞི་ནས་འཚོ་བ་གསར་པ་སྐྱེལ་ཐུབ་རྒྱུ་ཡིན་པའི་མྱོང་ཚོར་ཡང་ཐུབ་ཡོད།

    བོད་གསར་རྙིང་བསྡུར་བ་བརྒྱུད། མི་དམངས་མང་ཚོགས་གོ་རྟོགས་རིམ་གྱིས་སད་ཅིང་། ཞིང་བྲན་ལ་ལས་གཉའ་གནོན་དང་བཤུ་གཞོག་མྱོང་འདོད་མི་བྱེད་པ་དང་ལ་ལས་ཁོང་ཁྲོ་ཆེན་པོས་ཞིང་བྲན་བདག་པོའི་ཚོད་འཛིན་ལས་ཐར་ཐབས་བྱས་ཏེ་བྲོས་བྱོལ་དུ་སོང་། དེ་སྔ་ཞིང་བྲན་བདག་པོའི་བྲན་གཡོག་ཡིན་པ་དང་རྗེས་སུ་མཐོ་རིམ་ལས་བྱེད་པར་གྱུར་པའི་པ་སངས་ཀྱིས་དྲན་གསོས་པར་གཞིགས་ན། ཁོང་གིས་ལོ་བཅུ་ལྷག་ཙམ་ནས་ཞིང་བྲན་བདག་པོར་ཁྲལ་འུ་ལག་རྒྱུག་པ་དང་ལོ་15ལ་སླེབས་སྐབས་ཞིང་བྲན་བདག་པོའི་ཉེས་རྡུང་དྲག་པོ་བཟོད་མི་ཐུབ་པར་གཞིས་ཀ་ནས་བྲོས་བྱོལ་དུ་སོང་། 

    1956ལོར། སྣང་རྫོང་དང་དཔལ་འབར་རྫོང་གི་ཞིང་པ་100ལྷག་ཙམ་གྱིས་རང་འགུལ་ངང་སྒྲིག་འཛུགས་བྱས་ནས་ཚོགས་འདུ་འཚོགས་ཏེ་དམངས་གཙོའི་བཅོས་སྒྱུར་ལ་བརྩི་སྲུང་ཞུས། 1956ལོའི་ཟླ་7ཚེས་25ཉིན། ལྷ་སའི་ལྷུན་གྲུབ་ནས་ཡིན་པའི་ཞིང་པ་65ཡིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་མཛུབ་ཐེལ་65བརྒྱབ་པའི་མིང་མཉམ་བཀོད་ཀྱི་ཡི་གེ་ཞིག་བརྒྱུད་སྤྲོད་བྱས། ཡི་གེའི་ནང“ང་ཚོ་ཚང་མ་ནི་ས་ཞིང་འདེབས་མཁན་གྱི་ཞིང་པ་ཤ་སྟག་ཡིན་པས། སྒྱུར་བཅོས་བྱེད་པའི་རེ་སྒུག་མི་སུ་འདྲ་ཞིག་ལས་ཀྱང་ཆེ་བ་དང་ཛ་དྲག་པ་ཡོད”ཅེས་འཁོད་ཡོད།

    གསར་རྙིང་བསྡུར་བ་བྱས་པ་བརྒྱུད། བོད་ཀྱི་མཐོ་རིམ་མི་སྣ་ཁག་གཅིག་གིས་ཀྱང་སྒྱུར་བཅོས་ལ་བརྩི་སྲུང་ཞུ་འགོ་ཚུགས། 1952ལོ་ནས་བཟུང་། བོད་ལྗོངས་ལས་དོན་ཨུ་ལྷན་གྱིས་བོད་ལྗོངས་ས་ཁུལ་གྱི་གུས་འདུད་ཚོགས་པ་དང་། རྒྱལ་སྟོན་མཛད་གཟིགས་ཚོགས་པ། ལྟ་སྐོར་ཚོགས་པ། ནང་བསྟན་འཐུས་མི་ཚོགས་པ་སོགས་ཚོགས་པ་བཅུ་ཕྲག་སྔ་རྗེས་སུ་སྒྲིག་འཛུགས་བྱས་ནས་ནང་སར་ལྟ་སྐོར་དུ་བསྐྱོད། ཚོགས་པ་ཁག་གི་ཁོངས་མིས་མེས་རྒྱལ་ནང་སར་འཕེལ་རྒྱས་མྱུར་པོ་ཕྱིན་པ་མིག་མཐོང་ལག་ཟིན་བྱུང་ནས་རྒྱལ་གཅེས་མཐོ་རིམ་མི་སྣ་ཁག་གཅིག་གི་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་སྟེ་སྒྱུར་བཅོས་བྱ་རྒྱུའི་ཐད་ཀྱི་སེམས་ཁྲལ་རིམ་གྱིས་སེལ།

    སྟོད་ལུང་བདེ་ཆེན་ཆུས་ཕང་གྲོང་ཚོའི་གྲོང་མིས་ཕྱིར་དྲན་བྱས་པར་གཞིགས་ན། 1956ལོར། སྲིད་གཞུང་གིས་བོད་ཀྱི་གཞིས་བདག་ནང་སར་ལྟ་སྐོར་དུ་གདན་དྲངས་ཤིང་། སློབ་གསོ་དང་སྐུལ་ལྕག་ཐེབས་པ་བརྒྱུད། རྒྱ་ཚ་སྐལ་བཟང་ཤེས་རབ་ཟེར་བའི་གཞིས་བདག་ཅིག་བོད་དུ་ལོག་རྗེས་ས་ཞིང་ཞིང་བྲན་ལ་བགོ་བ་དང་། ཁོང་ཚོར་རང་དབང་ཡང་སྤྲོད་རྒྱུའི་ཐག་གཅོད་བྱས། 1956ལོར། སྐྱེ་ཁུངས་སྐུ་དྲག་ཆེ་རིགས་ཡིན་པའི་ཐང་སྨད་དཀོན་མཆོག་དཔལ་མོས་ཚོགས་གཙོ་བྱས་པའི་བོད་ཀྱི་བུད་མེད་ལྟ་སྐོར་ཚོགས་པས་ནང་སར་ལྟ་སྐོར་ཐེངས་དང་པོ་བྱས། བོད་དུ་ལོག་རྗེས་ལྷ་སའི་གྲོང་འདབས་ཀྱི་ཞིང་པར་དམངས་གཙོའི་བཅོས་སྒྱུར་གྱིས་མི་དམངས་ལ་ཕན་པ་ཐོབ་ལུགས་དྲིལ་བསྒྲགས་དང་དམངས་གཙོའི་བཅོས་སྒྱུར་གྱི་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་བོད་ཀྱི་རྒྱལ་གཅེས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་གཅེས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་མི་མང་པོར་རང་འགུལ་ངང་དམངས་གཙོའི་བཅོས་སྒྱུར་ལ་བརྩི་སྲུང་ཞུ་རྒྱུའི་སྐུལ་ལྕག་བྱས།

    1957ལོའི་ཟླ་9པར། རྒྱལ་རྩེར་འགོ་པ་དཔལ་མགོན་ཆོས་གྲུབ་ཀྱིས་ཞིང་བྲན་དབང་ཆེན་ཕུན་ཚོགས་ལ་ཉེས་རྡུང་དྲག་པོ་བཏང་བའི་དོན་རྐྱེན་ཞིག་ཐོན་ཞིང་། སྐབས་དེ་དུས་བོད་ས་གནས་སྲིད་གཞུང་གི་བཀའ་བློན་ཡིན་པའི་ང་ཕོད་ངག་དབང་འཇིགས་མེད་ཀྱིས་གནས་ཚུལ་དེ་མཁྱེན་རྟོགས་བྱུང་རྗེས་སྐུ་རླུང་ཆེན་པོ་བཞེངས་ནས“བོད་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་སྐྱོད་དགོས་ངེས་རེད་ལ། དམངས་གཙོའི་བཅོས་སྒྱུར་ཡང་བྱེད་དགོས་ངེས་རེད། དེ་ནི་བོད་མི་དམངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་བྱ་གཞག་འཕེལ་རྒྱས་གཏོང་བ་དང་བདེ་སྐྱིད་ཀྱི་ལམ་བུར་སྐྱོད་པའི་དགོས་མཁོ་ཞིག་ཡིན་ལ། མིའི་རིགས་མདུན་སྐྱོད་དང་འཕེལ་རྒྱས་འགྲོ་བའི་ལྡོག་མེད་ཀྱི་ཆོས་ཉིད་ཅིག་ཀྱང་ཡིན་པས། དེ་ནི་ལྡོག་ཕྱོགས་ཀྱི་རླབས་རྒྱུན་གང་ཞིག་གིས་ཀྱང་བཀག་འགོག་བྱེད་ཐབས་བྲལ་བ་ཞིག་རེད”ཅེས་ཁ་གསལ་གསུངས་ཡོད།

    སྐུ་དྲག་ཆེ་རིགས་ཏེ་གཡུ་ཐོག་གཟིམ་ཤག་གི་སྲས་མོ་བསམ་གླིང་ཚེ་རིང་པད་སྒྲོན་གྱིས་1952ལོར་བོད་སྐྱོད་བཅིངས་འགྲོལ་དམག་མིར་བོད་སྐད་ཡིག་སློབ་ཁྲིད་བྱས་པ་དང་ལོག་སྤྱོད་མཐོ་རིམ་ཤོག་ཁག་གིས་འཇིགས་སྣང་སྐུལ་བར་མི་སྐྲག་པར“བོད་མི་དམངས་ཚོ་ནམ་ཞིག་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་གཉའ་གནོན་དང་བཤུ་གཞོག་ལས་ཐར་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མི་དམངས་མང་ཚོགས་རང་ཉིད་ཀྱི་སྲིད་དབང་ཞིག་འཛུགས་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད”ཅེས་གསུངས་ཡོད།

    མི་དམངས་མང་ཚོགས་ཀྱི་གོ་རྟོགས་མཐོ་རུ་སོང་བ་དང་དེ་བཞིན་མཐོ་རིམ་མི་སྣའི་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་བོད་ཀྱི་མཐོ་རིམ་ལོག་སྤྱོད་ཚོགས་པས་རང་ཉིད་ཀྱི་ཁེ་ཕན་མི་ཤོར་བ་དང་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནམ་ཡང་གནས་པ་བྱ་ཆེད་མི་འགའ་ཞིག་གིས་འཛེམ་བག་མེད་པར་ངོ་ལོག་ཟིང་འཁྲུག་བསླངས་ནས་སྤྱི་ཚོགས་ཡར་ཐོན་ལ་བཀག་འགོག་བྱས།

    1959ལོའི་ཟླ་3པར། བོད་ས་གནས་སྲིད་གཞུང་ཁྲོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བོད་ཀྱི་རྒྱ་ཆེའི་མི་དམངས་ཀྱི་འདོད་འདུན་དང་རྒྱབ་འགལ་གྱིས《གྲོས་མཐུན་དོན་ཚན་བཅུ་བདུན》མངོན་སུམ་འཛེམ་མེད་ངང་རྩིས་མེད་དུ་བཏང་སྟེ་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས། དེ་འདྲའི་གནས་ཚུལ་འོག་ཀྲུང་དབྱང་སྲིད་གཞུང་གིས་འཕྲལ་ཐག་ཆོད་པོས་བོད་ས་གནས་སྲིད་གཞུང་མེད་པར་བཟོ་བ་དང་ངོ་ལོག་ཟིང་འཁྲུག་རྦད་དེ་ཞོད་འཇགས་བཏང་བ་མ་ཟད། བློ་རྒྱ་ཆེན་པོས་མང་ཚོགས་སྐུལ་སློང་མཐའ་གཅིག་ཏུ་བྱས་ཏེ་དམངས་གཙོའི་བཅོས་སྒྱུར་བྱ་རྒྱུའི་གཏན་འཁེལ་བྱས།

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཀྲུང་གོའི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། རུལ་སུངས་ཀྱི་སྤྱི་ཚོགས་རྣམ་པ་དེ་ཡར་ཐོན་གྱི་སྤྱི་ཚོགས་རྣམ་པས་ཚབ་བྱས་པའི་ལྡོག་མེད་ཀྱི་འབྲས་བུ་ཞིག་ཀྱང་རེད། དེ་ཕྱིར་གྲོང་གསེབ་དང་། འབྲོག་ཁུལ། དགོན་སྡེ། གྲོང་ཁྱེར་དང་གྲོང་རྡལ་སོགས་སུ་དམངས་གཙོའི་བཅོས་སྒྱུར་རིམ་གྱིས་བྱེད་འགོ་ཚུགས།

    མི་འབོར་ཁྲི་80ཡོད་པའི་ཞིང་ཁུལ་དུ་མང་ཚོགས་སྐུལ་སློང་གང་ལེགས་བྱས་པ་བརྒྱུད། གོམ་སྟབས་དང་པོར“ངོ་རྒོལ་གསུམ་དང་ཆག་ཡང་གཉིས”ལག་བསྟར་བྱས་པ་སྟེ། ཟིང་འཁྲུག་ལ་ངོ་རྒོལ་དང་། ཁྲལ་འུལ་ལམ་ལུགས་ལ་ངོ་རྒོལ། བྲན་བཀོལ་ལ་ངོ་རྒོལ་བཅས་དང་བོགས་མ་ཆག་ཡང་དང་སྐྱེད་ཁ་ཆག་ཡང་བཅས་ཡིན་པ། གོམ་སྟབས་གཉིས་པར་ས་ཞིང་བགོ་བཤའ་བརྒྱབ་སྟེ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོས་ཤིང་། མི་རབས་ནས་མི་རབས་བར་བཤུ་གཞོག་དང་བྲན་དུ་བཀོལ་བའི་ཞིང་བྲན་ལ་རང་དབང་དང་བཅིངས་འགྲོལ་ཐོབ་ནས་ས་ཞིང་མུའུ་ཁྲི་280ལྷག་ཙམ་དང་དེ་མིན་གྱི་ཐོན་སྐྱེད་རྒྱུ་ཆ་ཐོབ་ཡོད། ས་ཞིང་གི་གན་རྒྱ་དང་བུན་གན་སོགས་མེ་ལྕེའི་དྲག་པོའི་ཁྲོད་སྲེག་སྐབས་ཡར་ལངས་བྱུང་བའི་ཞིང་བྲན་ཚོས་གླུ་ལེན་གར་འཁྲབ་བྱས་ནས་ཡར་ལངས་བཅིངས་འགྲོལ་ཐོབ་པའི་འོད་ཟེར་སྟོང་ལྡན་གྱི་དུས་ཆེན་ལ་རྟེན་འབྲེལ་ཞུས་། 1960ལོའི་ལོ་འགོར། བོད་ཀྱི་ཞིང་དུད་ཁྲི་20ལ་ས་ཞིང་གི་ལག་ཁྱེར་རག་པ་དང་། “སུས་བཏབ་ན་སུ་ལ་ཁེ་ཕན་ཐོབ་པ”དང་། “བོགས་ཆག་སྐྱེད་ཆག”བུན་རྙིང་མེད་པ་བཟོ་བ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པར་བརྟེན། ངལ་རྩོལ་མི་དམངས་ལ་ཐོབ་པའི་དཔལ་འབྱོར་གྱི་ཁེ་ཕན་འབྲུ་རིགས་ལ་ཕབ་ན་རྒྱ་མ་དུང་ཕྱུར་10ལྷག་ཙམ་ཟིན་པ་དང་ཆ་སྙོམས་མི་རེར་རྒྱ་མ་1500ལྷག་ཙམ་ཐོབ་ཡོད། སྣེ་གདོང་རྫོང་གི་ཁེ་གསུམ་གཞིས་ཀའི་ལོ་68ལ་སླེབས་པའི་ཚེ་རིང་སྒྲོལ་དཀར་གྱིས“ང་ཚོས་ཚེ་གང་འུ་ལག་རྒྱུག་ནའང་རང་ཉིད་ལ་དབང་བའི་ས་ཞིང་ཞིག་ཡོད་པ་བསམ་པའི་ཡུལ་ལའང་འཁོར་མ་མྱོང་། དེ་ལས་ལྡོག་སྟེ་ཉིན་ལྟར་ལྟོ་ཡིས་གྲོད་པ་མི་རྒྱག་པའི་སེམས་ཁྲལ་བྱས་ནས་སྡོད་དགོས་ཀྱི་ཡོད། ད་ཆ་མི་དམངས་སྲིད་གཞུང་གིས་ང་ཚོར་ས་ཞིང་བགོས་པས་སླད་ཕྱིན་བཀྲེས་ལྟོགས་ཀྱི་་སེམས་ཁྲལ་བྱེད་དགོས་མེད”ཅེས་བཤད། རྒྱ་ཆེའི་ཡར་ལངས་ཞིང་བྲན་ཚོས་དགའ་ཚོར་ཆེན་པོས“ཏཱ་ལའི་ཉི་འོད་སྐུ་དྲག་གི་ལུས་ལ་འཕྲོས། མའོ་ཀྲུའུ་ཞིའི་ཉི་འོད་ང་ཚོ་དབུལ་པོའི་ལུས་ལ་འཕྲོས། ད་ཆ་སྐུ་དྲག་གི་ཉི་མ་བཞུད་པ་དང་ང་ཚོའི་ཉི་མ་ཤར་སོང”ཞེས་བཤད།

    མི་འབོར་ཁྲི་28ཡོད་པའི་འབྲོག་ཁུལ་དུ་འབྲོག་བདག་གི་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་མེད་པར་བཟོས་ནས། གཙོ་བོ“གསུམ་རྒོལ་གསུམ་དང་ཁེ་ཕན་གཉིས”ལག་ལེན་བསྟར་བ་སྟེ། ངོ་ལོག་ཟིང་འཁྲུག་ལ་ངོ་རྒོལ་དང་། ཁྲལ་འུ་ལག་ལ་ངོ་རྒོལ། བྲན་བཀོལ་ལ་ངོ་རྒོལ། འབྲོག་པ་དང་འབྲོག་བདག་གཉིས་ཀར་ཁེ་ཕན་ཐོབ་པ་བཅས་ཡིན། ངོ་ལོག་ཟིང་འཁྲུག་ནང་ཞུགས་མཁན་མངའ་བདག་དང་འབྲོག་བདག་གི་ཕྱུགས་རིགས་གཞུང་བཞེས་བཏང་སྟེ་དེ་སྔའི་ཕྱུགས་རྫི་དང་འབྲོག་པ་དབུལ་ཕོངས་ལ་བགོས་པ་དང་ངོ་ལོག་ཟིང་འཁྲུག་ནང་མ་ཞུགས་པར“འཐབ་རྩོད་མི་བྱེད་པ་དང་། བགོ་བཤའ་མི་རྒྱག་པ། གྲལ་རིམ་གྱི་དབྱེ་བ་མི་འབྱེད་པ”བཅས་ཀྱི་སྲིད་ཇུས་ལག་བསྟར་བྱས་པར་བརྟེན་ཕྱུགས་རིགས་སྔར་བཞིན་འབྲོག་བདག་ལ་དབང་ཡོད། སྲུང་སྐྱོང་གི་བྱེད་ཐབས་དེ་དག་སྤྱད་པ་བརྒྱུད། བཀས་བཀོད་རྒྱུད་འཛིན་གྱི་བདག་པོ་དང་བྲན་གཡོག་དབར་གྱི་འབྲེལ་བ་དེ་གླ་པའི་འབྲེལ་བར་གྱུར་ནས་ཕྱུགས་རིགས་སྲུང་སྐྱོང་དང་འབྲོག་ལས་འཕེལ་རྒྱས་གཏོང་བའི་འབྲོག་པ་གླ་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་ཐུབ་པ་མ་ཟད། འབྲོག་ལས་འཕེལ་རྒྱས་དང་འབྲོག་ལས་གཉེར་སྐྱོང་བྱེད་པའི་འབྲོག་བདག་གི་ཧུར་བརྩོན་རང་བཞིན་ཡང་སྐོང་འཐེན་ཐུབ་སྟེ། རྩ་བའི་ཆ་ནས་མི་ཕྱུགས་གཉིས་བདེ་བྱུང་བ་དང་། ངོ་ལོག་ཟིང་འཁྲུག་པས་ནོར་ལུག་འབོར་ཆེན་བཤས་པ་ལས་བྱུང་བའི་དཀའ་ངལ་ཁྱད་བསད་ཐུབ་ནས་འབྲོག་ལས་མགྱོགས་མྱུར་སླར་གསོ་དང་འཕེལ་རྒྱས་བྱུང་ཡོད། འདམ་གཞུང་རྩྭ་ཐང་ཐོག་གི་འབྲོག་པས་དགའ་དགའ་སྤྲོ་སྤྲོའི་ངང“བྱང་འདམ་གཞུང་རྩྭ་ཡི་བང་མཛོད་རེད། དང་ཐོག་མ་ང་ཚོའི་ལག་ན་ཡོད། དབང་ཆེ་བའི་སེ་ར་དགོན་པས་འཕྲོག འབྲོག་མི་དམངས་དམྱལ་བའི་ཡུལ་ལ་ལྷུང་། དཔོན་བཟང་པོ་ང་ཚོ་རང་གིས་བདམས། ཡིད་རབ་ཏུ་འཕྲོག་པའི་རྩྭ་ཐང་ཉིད། ཡང་བསྐྱར་དུ་ང་ཚོའི་ལག་ཏུ་འབྱོར”ཅེས་གླུ་གཞས་གཏོང་གི་ཡོད།

    དགོན་སྡེར་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་གཟབ་ནན་དང་བརྟན་བརླིང་གི་བྱེད་ཐབས་སྤྱད་པ་དང་། “ངོ་རྒོལ་གསུམ་དང་གཙང་རྩིས་གསུམ”ལག་བསྟར་བྱས་པ་སྟེ། ངོ་ལོག་ཟིང་འཁྲུག་ལ་ངོ་རྒོལ་དང་། བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆར་ངོ་རྒོལ། བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་ལ་ངོ་རྒོལ་བཅས་དང་། ཆབ་སྲིད་ཀྱི་གཉའ་གནོན་གཙང་རྩིས་དང་། གྲལ་རིམ་གྱི་གཉའ་གནོན་གཙང་རྩིས། དཔལ་འབྱོར་གྱི་བཤུ་གཞོག་གཙང་རྩིས་བཅས་ཀྱི་ལས་འགུལ་སྤེལ་བ། དགོན་སྡེའི་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་དང་བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་གཉའ་གནོན་གྱི་ལམ་ལུགས་རྦད་དེ་མེད་པ་བཟོས་ནས་ཆབ་སྲིད་གཅིག་གྱུར་དང་ཆོས་སྲིད་ལོགས་དབྱེ་ལག་བསྟར་བྱས་པ། ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་ངོ་ལོག་ཟིང་འཁྲུག་པ་དང་གསར་བརྗེའི་ངོ་ལོག་པར་རྡུང་རྡེག་མཐའ་གཅིག་ཏུ་བཏང་ཡོད། ཆོས་དད་རང་མོས་ཀྱི་སྲིད་ཇུས་མཐའ་འཁྱོངས་བྱས་ཏེ་སྤྱི་དམངས་ཀྱི་ཆོས་དད་རང་མོས་ཀྱི་དབང་ཆར་བརྩི་འཇོག་དང་སྲུང་སྐྱོང་བྱས་པ་དང་། རྒྱལ་གཅེས་ཁྲིམས་སྲུང་གི་དགོན་སྡེར་སྲུང་སྐྱོང་བྱས་པ། དགོན་སྡེའི་དམངས་གཙོ་དོ་དམ་ལམ་ལུགས་བཙུགས་པ་བཅས་བྱས་ཡོད། ངོ་ལོག་ཟིང་འཁྲུག་ནང་ཞུགས་མེད་པའི་དགོན་སྡེར་དབང་བའི་ཐོན་སྐྱེད་རྒྱུ་ཆ་གཅིག་མཚུངས་སུ་བླུ་ཉོའི་སྲིད་ཇུས་སྤྱད་ཡོད། དམངས་གཙོའི་བཅོས་སྒྱུར་ནང་གྲྭ་བཙུན་མང་པོ་ཞིག་གིས་རང་མོས་ངང་སྐྱ་ཕབ་ནས་ཁྱིམ་དུ་ལོག དམངས་གཙོའི་བཅོས་སྒྱུར་ལེགས་གྲུབ་བྱུང་རྗེས། བོད་དུ་དགོན་སྡེ་553རང་སོར་བཞག་པ་དང་གྲྭ་བཙུན་7000ལྷག་ཙམ་དགོན་སྡེར་བཞག་པས་སྐབས་དེ་དུས་ཀྱི་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་འཚོ་བའི་དགོས་མཁོ་རྩ་བའི་ཆ་ནས་བསྐངས་ཡོད།

    གྲོང་ཁྱེར་དང་གྲོང་རྡལ་དུ“ངོ་རྒོལ་བཞི་དང་ཆག་ཡང་གཉིས”ལག་བསྟར་བྱས་པ་སྟེ། མང་ཚོགས་སྐུལ་སློང་གིས་ངོ་ལོག་ཟིང་འཁྲུག་ལ་ངོ་རྒོལ་དང་། བཀས་བཀོད་རྒྱུད་འཛིན་ལམ་ལུགས་ལ་ངོ་རྒོལ། བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་ལ་ངོ་རྒོལ། བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆར་ངོ་རྒོལ་བཅས་དང་། བོགས་མ་ཆག་ཡང་དང་སྐྱེད་ཀ་ཆག་ཡང་གི་ལས་འགུལ་སྤེལ་ཞིང་། ངོ་ལོག་ཟིང་འཁྲུག་ནང་ཞུགས་མེད་པའི་ཞིང་བྲན་བདག་པོ་དང་དེའི་མངའ་ཚབ་ཀྱིས་བཟུང་བའི་ས་ཞིང་དང་ཐོན་སྐྱེད་རྒྱུ་ཆ་ལྷག་མ་སོགས་བླུ་ཉོ་བྱས་ཡོད། བཟོ་ཚོང་ལས་རིགས་སྲུང་སྐྱོང་གི་སྲིད་ཇུས་ལག་བསྟར་བྱས་པ་དང་། ངོ་ལོག་ཟིང་འཁྲུག་ནང་ཞུགས་མཁན་དང་མ་ཞུགས་མཁན་དབྱེ་བ་ཕྱེ་ནས་ལྟ་སྟངས་འཛིན་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། བཟོ་ཚོང་ལས་རིགས་ནང་ཞུགས་མཁན་གྱི་ཁེ་ཕན་ལ་སྲུང་སྐྱོང་བྱས་པ་དང་། དེ་བཞིན་གྲོང་མི་དབུལ་པོ་དང་མི་འཁྱམ་སྒྲིག་འཛུགས་བྱས་ཏེ་ཚོང་ལས་དང་རང་མོས་ཉོ་ཚོང་སླར་གསོ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཁོ་སྤྲོད་འགན་ལེན་བྱས་པ་དང་སྤྱི་ཚོགས་སྒྲིག་ལམ་མགྱོགས་མྱུར་སླར་གསོ་དང་དཔལ་འབྱོར་དང་འཚོ་བ་རྒྱུན་གཏན་ལྟར་ཡོང་བའི་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ཤིང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱས་པ་དང་བཙན་རྒོལ་རྒྱལ་གཅེས་དང་དམངས་གཙོའི་བཅོས་སྒྱུར་དང་ལེན་བྱེད་མཁན་ཞིང་བྲན་བདག་པོ་དང་དེའི་མངའ་ཚབ་ལ་འོས་འཚམ་གྱི་ལས་ཀ་དང་འཚོ་བ་བཀོད་སྒྲིག་བྱས་ཡོད།

    བཞི། མི་དམངས་ལ་རང་ཁྱིམ་རང་བདག་བྱུང་བ།

    དམངས་གཙོའི་བཅོས་སྒྱུར་བྱས་པ་དེས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་བཏང་བས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ངོ་བོའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་ལ། ལོ་རྒྱུས་ཀྱི་མཆོང་སྐྱོད་ཀྱང་བྱུང་ཡོད། བཅོས་སྒྱུར་བྱས་པ་བརྒྱུད། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་མི་ལུས་རང་དབང་ཐོབ་ཡོད་ལ། སྤྱི་ཚོགས་གསར་པའི་བདག་པོར་ཡང་གྱུར་ཡོད། བཅོས་སྒྱུར་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ནས་བོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།

    —— ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་མི་ལུས་རང་དབང་བྱུང་བ།

    དམངས་གཙོའི་བཅོས་སྒྱུར་བྱས་པ་དེས་བཀས་བཀོད་རྒྱུད་འཛིན་གྱི་ས་ཞིང་དབང་བའི་ལམ་ལུགས་རྩ་མེད་བཏང་ནས་ཞིང་བྲན་ཉིད་ཞིང་བྲན་བདག་པོའི་སྒེར་གྱི་རྒྱུ་ནོར་ལ་བརྩིས་ནས་རང་དགར་བཀོལ་སྤྱོད་བྱེད་པ་ཞིག་མིན་པ་དང་ཞིང་བྲན་བདག་པོས་ཞིང་བྲན་གྱི་མི་ལུས་བཙན་བཟུང་བྱེད་པའི་རྨང་གཞི་དེའང་མེད་པར་གྱུར་ཡོད།

    དམངས་གཙོའི་བཅོས་སྒྱུར་གྱིས་ཞིང་བྲན་གྱི་འཚོ་གནས་དང་། བག་མ་གཏོང་ལེན། འགྲོ་སྐྱོད། གནས་སྡོད། ངལ་རྩོལ། མི་ལུས་རང་དབང་། མིའི་ཐོབ་ཐང་དང་ལ་རྒྱ། སློབ་གསོ་མྱོང་བ་སོགས་ཀྱི་དབང་ཆར་བཙན་གནོད་གཏོང་བའི་ལམ་ལུགས་ཀྱི་ལྕགས་སྒྲོག་གཏོར་ནས་ཞིང་བྲན་ཁྲི་ཚོ་བརྒྱར་མི་ལུས་བཅིངས་འགྲོལ་དངོས་འབྲེལ་ཐོབ་ཡོད། ཨ་རིའི་རྩོམ་པ་པོ་གྲགས་ཅན་ཨན་ན·ལུའུ་དབྱི་སི·སི་ཐེ་ལང་གི《ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་ཐོབ》ཅེས་པའི་དཔེ་དེབ་ནང“ངས་དེ་སྔ་་བུ་སློབ་གྲྭར་བཏང་ནས་ཡི་གེ་སྦྱོང་བ་དང་འཚེམ་བཟོ་སོགས་ཀྱི་ལག་ཤེས་ཕྲན་བུ་སྦྱོང་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་སྔོན་ཆད་དེ་འདྲ་ཡོང་མི་སྲིད་པ་ཞིག་རེད། ད་ཆ་བུ་ནང་སར་སློབ་གྲྭར་འགྲོ་བཞིན་ཡོད་ལ། འབྱུང་འགྱུར་ལག་རྩལ་ལྡན་པའི་བཟོ་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པས། ང་ཚོ་དང་འདྲ་བའི་གཉའ་གནོན་མྱོང་དགོས་མེད”ཅེས་མི་ལུས་རང་དབང་ཐོབ་པའི་ཞིང་བྲན་ཞིག་ལ་བཅར་འདྲི་བྱས་པའི་སྐོར་འཁོད་ཡོད།

    དམངས་གཙོའི་བཅོས་སྒྱུར་བྱས་པ་དེས་དགོན་སྡེའི་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་ཚང་མ་མེད་པ་བཟོས་ཡོད། གྲྭ་བཙུན་ལ་འདྲ་མཉམ་གྱི་དབང་ཆ་དང་རང་ཉིད་ཀྱི་ལས་དབང་སྟངས་འཛིན་ཐུབ་པའི་དབང་ཆ་ཐོབ་པ་མ་ཟད། རིམ་པ་དམའ་ཤོས་སུ་གནས་པའི་གྲྭ་བཙུན་མང་པོ་ཞིག་འཆིང་རྒྱ་ལས་གྲོལ་ཏེ་སྐྱ་ཕབ་ནས་ཁྱིམ་དུ་ལོག་ཡོད། དགའ་ལྡན་དགོན་ཁོ་ནར་ཕ་ཡུལ་དུ་ལོག་པའམ་ཡང་ན་རང་སར་སྐྱ་ཕབ་ཀྱི་རེ་བ་ཞུ་མཁན་དགེ་འདུན་པ་300ལྷག་ཙམ་ཟིན་ཡོད་པས་སྲིད་གཞུང་གིས་ལམ་ཐག་རིང་ཐུང་ལ་གཞིགས་ནས་ལམ་གྲོན་དང་ཁྱིམ་གཞིས་འཛུགས་པའི་གྲོན་དངུལ་ཁག་སོ་སོར་འདང་ངེས་སྤྲད་ཡོད། དེ་དང་དུས་མཚུངས། ལས་ཀར་ཞུགས་རྒྱུའི་རེ་བ་ཞུ་མཁན་གཞོན་སྐྱེས་དགེ་འདུན་པ་13ལྷ་སའི་བརྒྱ་ཟོག་ཀུང་སིར་ཚོང་ཟོག་འཚོང་མཁན་དུ་ངོ་སྤྲོད་བྱས་པ་མ་ཟད། ཨེན་ཆུང་འགའ་ཞིག་སློབ་གྲྭར་བཏང་ཡོད། དགའ་ལྡན་དགོན་དུ་མུ་མཐུད་སྡོད་འདོད་ཡོད་པའི་དགེ་འདུན་པ་312ལ་རྒྱུན་གཏན་གྱི་འཚོ་བ་འགན་ལེན་གྱི་བཀོད་སྒྲིག་བྱས་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་པ་དེས་ད་དུང་དགོན་སྡེས་རྫོང་དང་། གཞིས་ཀ ཚོ་པ་བཅས་ནས་གྲྭ་པ་བསྡུ་བའི་ལམ་ལུགས་མེད་པ་བཟོས་ཏེ་དགོན་སྡེས་མང་ཚོགས་ལ་བཙན་ཤེད་ངང་གྲྭ་པ་བྱེད་དུ་འཇུག་རྒྱུ་གཏན་འགོག་བྱས་ཡོད།

    —— མི་དམངས་ཀྱི་སྲིད་དབང་བཙུགས་ནས་རང་ཁྱིམ་རང་བདག་གི་དབང་ཆ་སྤྱོད་པ།

    1959ལོའི་ཟླ་3ཚེས་28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ས་གནས་སྲིད་གཞུང་མེད་པ་བཟོ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་དུས་མཚུངས་ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་དང་པཎ་ཆེན་ནང་མ་སྒང་ཨུ་ཡོན་ལྷན་ཁང་ཡང་སྔ་རྗེས་སུ་མེད་པ་བཟོས་པ་དང་དེའི་ལས་ཀ་མཇུག་འགྲིལ་ཡོད། དུས་དེ་ནས་བཟུང་བོད་དུ་སྲིད་དབང་མཉམ་གནས་ཀྱི་རྣམ་པ་མཇུག་འགྲིལ་ཡོད། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་བོད་ཀྱི་རིམ་ཁག་མི་དམངས་སྲིད་དབང་རིམ་བཞིན་བཙུགས་ཡོད། 1959ལོའི་ཟླ་7 པའི་ཟླ་དཀྱིལ་དུ་བོད་ཀྱི་ཤང་རིམ་པའི་ཞིང་པའི་མཐུན་ཚོགས་ཨང་དང་པོ་ཁེ་གསུམ་ཞིང་པའི་མཐུན་ཚོགས་དང་རྫོང་རིམ་པའི་ཞིང་པའི་མཐུན་ཚོགས་ཨང་དང་པོ་སྣེ་གདོང་རྫོང་ཞིང་པའི་མཐུན་ཚོགས་སྔ་རྗེས་སུ་བཙུགས་ཡོད། སྔོན་ཆད་ཀྱི་ཞིང་བྲན་རྣམས་ཞིང་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཞིང་པའི་མཐུན་ཚོགས་ཀྱི་ཨུ་ཡོན་ལ་བདམས་ནས་རྒྱ་ཆེའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དམངས་གཙོའི་བཅོས་སྒྱུར་བྱས་ཡོད། 1960ལོའི་ལོ་མཇུག་ཏུ་སླེབས་སྐབས་བོད་དུ་ཤང་རིམ་པའི་སྲིད་དབང་1009དང་། ཆུས་རིམ་པའི་སྲིད་དབང་283 རྫོང་རིམ་པའི་སྲིད་དབང་78 ཀྲོན་ཆུས(གྲོང་ཁྱེར)རིམ་པའི་སྲིད་དབང་8བཅས་བཙུགས་ཡོད་པར་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པ་མི་གྲངས་ཁྲི་1ལྷག་ཙམ་ཟིན་པ་དང་ཡར་ལངས་ཐོབ་པའི་ཞིང་བྲན་4400ལྷག་ཙམ་གཞི་རིམ་གྱི་ལས་བྱེད་པར་གྱུར་ཡོད། 1961ལོའི་ལོ་སྨད་དུ་བོད་ཀྱི་ས་གནས་ཁག་ཏུ་ཡོངས་ཁྱབ་འདེམས་བསྐོ་འགོ་ཚུགས་ཏེ་ཡར་ལངས་བྱུང་བའི་རྒྱ་ཆེའི་ཞིང་བྲན་རྣམས་སྔོན་ཆད“སྐད་ཆ་ཤོད་ཤེས་པའི་ལག་ཆ”ཡིན་པའི་གནས་བབ་ལ་འགྱུར་ལྡོག་མཐར་ཕྱིན་པ་བྱུང་ནས་ཐེངས་དང་པོ་བདག་པོའི་རྣམ་འགྱུར་གྱི་ཐོག་ནས་བོད་ཀྱི་ཆབ་སྲིད་ཀྱི་གར་སྟེགས་ཐོག་བསྐྱོད་དེ་བོད་ལྗོངས་གསར་པའི་བདག་པོར་གྱུར་པ་དང་། ཁོང་ཚོར་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱིས་དཀྲིས་པའི་སྤྱི་ཚོགས་རྙིང་པར་མེད་པའི་ཆེས་རྒྱ་ཁྱབ་ཀྱི་དམངས་གཙོའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་བྱུང་ནས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོར་བརྟེན་ནས་འདེམས་བསྐོའི་ལས་དོན་ནང་ཞུགས་ཏེ་གཞི་རིམ་གྱི་རིམ་ཁག་དབང་ཆའི་ལས་ཁུངས་དང་སྲིད་གཞུང་བདམས་ཐོན་བྱུང་ཡོད། བོད་ཀྱི་ལོ་རྒྱུས་ཐོག་གདམ་བྱ་འདེམས་བྱེད་ཀྱི་དབང་ཆ་ཐོག་མར་ལག་ལེན་བསྟར་ནས་དམངས་གཙོའི་འདེམས་བསྐོ་བརྒྱུད་རིམ་ཁག་ས་གནས་ཀྱི་སྲིད་དབང་ཐོན་ཡོད། 1965ལོའི་ཟླ་བདུན་པར་སླེབས་སྐབས་ཡོངས་ཁྱབ་འདེམས་བསྐོའི་ལས་དོན་སྤྱིར་ན་ལེགས་གྲུབ་ཟིན་ནས་བདམས་ཐོན་བྱུང་བའི་མི་དམངས་ཀྱི་འཐུས་མི་2600ལྷག་ཙམ་ཟིན་པའི་ནང་དབུལ་པོ་དང་ཞིང་བྲན་མི་གྲངས་2200ཡོད་པ་རེད། རྒྱལ་རྩེ་རྫོང་གི་འདེམས་དམངས་ཀྱིས་འདེམས་དམངས་ལག་ཁྱེར་ལ“རང་ཁྱིམ་རང་བདག་གི་ལག་ཁྱེར”ཞེས་བརྗོད་པ་དང་འདེམས་བསྐོ་བྱེད་རྒྱུ་བཀྲ་ཤིས་པའི་དོན་ཆེན་ཞིག་ལ་བརྩིས་ནས་མི་དམངས་ཀྱི་འཐུས་མི་འདེམས་བསྐོའི་ལས་དོན་ནང་རང་འགུལ་ངང་ཧུར་ཐག་ཞུགས་ཡོད།

    1965ལོའི་ཟླ་8ཚེས་25ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་བཅོ་ལྔ་པ་འཚོགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་རྒྱུའི་གྲོས་གཞི་བཏོན་པར་ཆོག་མཆན་གནང་ཡོད། 1965ལོའི་ཟླ་9ཚེས་1ནས་9ཉིན་བར། བོད་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་ཡོད། ང་ཕོད་ངག་དབང་འཇིགས་མེད་རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ་དང་། ཡར་ལངས་ཞིང་བྲན་མང་པོ་ཞིག་གིས་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྲིད་དབང་ལས་ཁུངས་ཀྱི་འགོ་ཁྲིད་ཀྱི་གོ་གནས་ཁུར་ཡོད། བོད་རང་སྐྱོང་ལྗོངས་དང་དེའི་རང་སྐྱོང་ལས་ཁུངས་དབུ་བརྙེས་པ་དེས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་མི་དམངས་དམངས་གཙོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། དེ་ཐོག་ནས་བོད་དུ་མི་དམངས་དམངས་གཙོའི་སྲིད་དབང་བཙུགས་ཏེ་ཕྱོགས་ཡོངས་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་འགོ་ཚུགས་པ་མཚོན་ཡོད། 1979ལོར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་ཡོད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་གདམ་བྱ་དང་འདེམས་བྱེད་ཀྱི་དབང་ཆ་ལོངས་སྤྱོད་གང་ལེགས་ཐུབ་ཡོད། 1978ལོ་ཚུན་དུ། བོད་དུ་ཁྲིམས་ལྟར་ཤང་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་བསྐོ་ཐེངས་11དང་། རྫོང་རིམ་པའི་འདེམས་བསྐོ་ཐེངས་10 ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་འདེམས་བསྐོ་ཐེངས་8བཅས་བྱས་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྫོང(ཆུས)དང་། ཤང(གྲོང་རྡལ)གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་ཐད་ཀར་འདེམས་བསྐོ་བྱས་པ་དང་། འཐུས་མི་འདི་དག་གིས་སླར་ཡང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་བདམས་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་རྒྱལ་ཁབ་དང་ས་ཁུལ་གྱི་ལས་དོན་ལ་དོ་དམ་བྱེད་པའི་དབང་ཆ་སྤྱད་ཡོད། མིག་སྔར་བོད་རང་སྐྱོང་ལྗོངས་སུ་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་35963ཡོད་པའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་92.18%བཟུང་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱས་ཏེ་བཅའ་ཁྲིམས་དང་ལམ་ལུགས་ཐད་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རང་ཁྱིམ་རང་བདག་ཐུབ་པའི་འགན་ལེན་ཐུབ་པ་དང་། མི་རིགས་ཁག་གི་མི་དམངས་ལ་ཁྲིམས་ལྟར་དབང་ཆ་ལོངས་སྤྱོད་དང་རང་དབང་རྒྱ་ཁྱབ་ཐུབ་ནས་སྤྱི་དམངས་སྒྲིག་ལམ་ལྡན་པའི་ངང་ཆབ་སྲིད་ནང་ཞུགས་ཚད་རྒྱ་ཆེར་སོང་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་ལྟར་ལས་འགན་སྒྲུབ་རྒྱུར་རྒྱབ་སྐྱོར་དང་འགན་ལེན་ཐུབ་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་དབར་འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་ཐུབ་པ། མི་དམངས་ལ་འགན་འཁུར་བ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་ཐུབ་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་ཐུབ་པ་བཅས་བྱུང་ནས་མིའི་རིགས་ཀྱི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་ཡོད། བསྡོམས་རྩིས་ལ་གཞིགས་ན། རང་སྐྱོང་ལྗོངས་དབུ་བརྙེས་ཚུན་དུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོས་པ་དང་ཆོག་མཆན་སྤྲད་པ། དེ་བཞིན་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོད་ཆོས་དང་གཏན་འབེབས་300ལྷག་ཙམ་བཏོན་ནས་མི་རིགས་ས་ཁོངས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་དབང་ཆ་ལག་བསྟར་ཏན་ཏིག་ཐུབ་པ་དང་། རང་སྐྱོང་ལྗོངས་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་ལས་དོན་ལ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། 2009ལོའི་ཟླ་1ཚེས་19ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པས་མི་དམངས་མང་ཚོགས་ཀྱི་ཆབ་སྲིད་ཀྱི་འདོད་འདུན་དང་བསྟུན་ནས《བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཏན་འབེབས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྟེ་ལོ་ལྟར་གྱི་ཟླ་3ཚེས་28ཉིན་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པར་དྲན་གསོ་ཞུས་ཡོད།

    —— མི་རིགས་ཁག་གི་མི་དམངས་ཀྱི་སྲིད་ཞུགས་སྲིད་གླེང་གི་དབང་ཆ་འགན་ལེན་གང་ལེགས་ཐུབ་པ།

    སྤྱི་ཚོགས་ལས་རིགས་ཁག་གི་སྲིད་ཞུགས་སྲིད་གླེང་གི་དབང་ཆ་འགན་ལེན་ཏན་ཏིག་ཐུབ་ཆེད། 1959ལོའི་ཟླ་12པར། སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་བཙུགས། 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག》གཞིར་བཟུང་། སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ཁྲིམས་ལྟར་བསྒྲུབས་ནས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་འཕེལ་རིམ་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད། སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ཁོ་ནས་བོད་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཟོ་བ་དང་ལག་ལེན་བསྟར་བ་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་ལ་དམིགས་ནས་གྲོས་གཞི་ཁག་2401བཏོན་པ་དང་འབྲེལ་གྲོས་གཞི་ཁག་2347ཐོ་འགོད་བྱས་ཡོད། བོད་ཀྱི་རིམ་ཁག་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་འཚོག་རིང་། རིམ་གྲས་ཁག་རྒྱ་ཁྱབ་ངང་ཞུགས་ཏེ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། དཔེར་ན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་518ཁྲོད་ཆོས་ལུགས་རིགས་ཁོངས་(ནང་བསྟན་མཐུན་ཚོགས)ཀྱི་ཨུ་ཡོན་80ཡོད་པས་ཨང་དང་པོར་སླེབས་པ་དང་། མི་རིགས་རིགས་ཁོངས་ཀྱི་ཨུ་ཡོན་64ཡོད་པས་ཨང་གཉིས་པར་སླེབས་ཡོད་པ་ལྟ་བུ་རེད།

    གཞི་རིམ་གྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ཡང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་ཕྱིན་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་ཀྱི་རིམ་ཁག་མི་དམངས་སྲིད་དབང་སྔ་རྗེས་སུ་བཙུགས། 1980ལོར། བོད་ལྗོངས་ཡོངས་སུ་ཤང་རིམ་པ་ཐད་ཀར་འདེམས་བསྐོ་བྱས་པ་དང་1984ལོའི་རྗེས་སུ་རྫོང་རིམ་པ་བར་རྒྱ་སྐྱེད་བཏང་ཡོད། 1987ལོར། བོད་རང་སྐྱོང་ལྗོངས་ཀྱིས《གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》དང《ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》བྱས་ཡོད། ལོ་མང་འཚོལ་ཞིབ་བྱས་པ་བརྒྱུད། བོད་དུ་ཞིང་འབྲོག་ཁུལ་གྱི་གཞི་རིམ་དམངས་གཙོའི་ལམ་ལུགས་རིམ་བཞིན་ཆགས་པ་དང་འཕེལ་རྒྱས་ཕྱིན་ཡོད། གྲོང་གསེབ་ཏུ་གྲོང་མིའི་འཐུས་མིའི་ཚོགས་འདུའི་ལམ་ལུགས་བཙུགས་ཡོད། གྲོང་ཁྱེར་དང་སྡེ་ཁུལ་ཚང་མར་སྡེ་ཁུལ་གྱི་གྲོང་མིའི་འཐུས་མི་ཚོགས་ཆེན་དང་སྡེ་ཁུལ་གྱི་གྲོང་ལྷན་སོགས་སྡེ་ཁུལ་གྱི་རྩ་འཛུགས་བཙུགས་པས་སྡེ་ཁུལ་གྱི་གྲོང་མིའི་རང་སྐྱོང་ལ་རྩ་འཛུགས་ཀྱི་འགན་ལེན་གང་ལེགས་བྱས་ཡོད། ཁེ་ལས་དང་བྱ་གཞག་ཚན་པར་ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཁྱབ་གདལ་རྒྱ་ཁྱབ་བཏང་ཞིང་། 2018ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་གཞི་རིམ་བཟོ་ཚོགས་རྩ་འཛུགས་5756དང་བཟོ་ཚོགས་ཀྱི་ཚོགས་མི་497082ཟིན་ཡོད།

    དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད། བོད་ཀྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་ནང་ཞུགས་པའི་དབང་ཆ་ཐོབ་ཡོད། 1959ལོའི་ཟླ་7པར་རང་སྐྱོང་ལྗོངས་དང་ས་ཁུལ་རིམ་གཉིས་སྲིད་འཛིན་ལས་ཁུངས་ལ་མཐོ་རིམ་མི་སྣ་565ཡོད་པའི་ནང་སྐུ་དྲག་དང་། དཔོན་རིགས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་མི་415ཡོད། དེ་རྗེས་ཀྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནང་དེ་སྔ་ཀྲུའུ་ཞི་གཞོན་པ་སྐྱིད་སྦུག་ཕུན་ཚོགས་ཚེ་བརྟན་དང་ལྷག་པ་ཕུན་ཚོགས་རྣམ་གཉིས་སྐྱིད་སྦུག་གཞིས་ཀར་འཁྲུངས་མོད། འོན་ཀྱང་བོད་རྙིང་པར་སྐྱིད་སྦུག་ཕུན་ཚོགས་ཚེ་བརྟན་ནི་ཞིང་བྲན་བདག་པོ་དང་ལྷག་པ་ཕུན་ཚོགས་ནི་ཞིང་བྲན་རེད། མི་དམངས་སྲིད་གཞུང་ནང་ཁོང་གཉིས་ཀ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ནས་མི་དམངས་སྲིད་གཞུང་གིས་ཐབས་ཇུས་འདིང་བའི་ནང་མཉམ་དུ་ཞུགས་པའི་ལས་རོགས་སུ་གྱུར་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད། བུད་མེད་ལ་ཆབ་སྲིད་ཀྱི་དབང་ཆ་ཐོབ་ནས་རྒྱ་ཆེའི་བུད་མེད་ཚོ་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་ནང་ཞུགས་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་པའི་གོ་གནས་ཁུར་བ་དང་བུད་མེད་རྩ་འཛུགས་བཙུགས་པ་སོགས་བརྒྱུད་སྲིད་ཞུགས་ཧུར་ཐག་བྱས་ཡོད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་མཁན་པ་སངས་དང་ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་མཁན་ཚེ་བརྟན་སྒྲོལ་མ་རྣམ་གཉིས་ནི་བུད་མེད་ལས་རིགས་ཀྱི་སྲིད་ཞུགས་སྲིད་གླེང་གི་དཔེ་མཚོན་ཚབ་མཚོན་ཞིག་རེད། ལྷ་སའི་སྐུ་དྲག་གི་ཁྱིམ་ཚང་ཆེ་གྲས་ཤིག་ཏུ་སྐྱེས་པ་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཁུར་མྱོང་བའི་ཐང་སྨད་དཀོན་མཆོག་དཔལ་མོས“སྤྱི་ཚོགས་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་ས་གནས་སྲིད་གཞུང་གི་བཀའ་བློན་གྱི་ལྕམ་ལའང་ཆབ་སྲིད་ཐད་སྐད་ཆ་འདྲི་དབང་མེད། དེ་དག་ཚང་མ་ནི་སྐྱེས་པས་ཐག་གཅོད་ཀྱི་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཕོ་མོ་འདྲ་མཉམ་བྱུང་ནས་བུད་མེད་ལའང་དབང་ཆ་ཡོད། དེའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་གསུངས།

    ལྔ། ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་བ།

    དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད། བཀས་བཀོད་རྒྱུད་འཛིན་གྱི་མི་ལུས་གཞན་རྟེན་གྱི་འབྲེལ་བ་མེད་པ་བཟོས་པས་མི་དམངས་རང་ཁྱིམ་རང་བདག་བྱུང་བ་མ་ཟད། ཞིང་བྲན་བདག་པོའི་ས་ཞིང་དབང་བའི་ལམ་ལུགས་དེ་ཞིང་པའི་ས་ཞིང་དབང་བའི་ལམ་ལུགས་སུ་གྱུར་ནས་ཞིང་བྲན་ཚོར་རང་ཉིད་ཀྱི་ཐོན་སྐྱེད་རྒྱུ་ཆ་དབང་ནས་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་པ་དང་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཡོད། རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་དང་བསྟུན་ནས་བོད་ཀྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ཆུ་ཚད་རིམ་བཞིན་རྒྱལ་ཡོངས་དང་གཅིག་མཚུངས་བྱུང་སྟེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་དེང་རབས་ཤེས་དཔལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ལོངས་སྤྱོད་ཐུབ་ཡོད།

    —— ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པ།

    དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད་ཡར་ལངས་ཞིང་བྲན་ལ་རང་ཉིད་ཀྱི་ས་ཞིང་དང་། ཞིང་ལས་ཡོ་བྱད། ཕྱུགས་རིགས་སོགས་ཐོན་སྐྱེད་ཀྱི་རྒྱུ་ཆ་ཐེངས་དང་པོ་དབང་སྟེ། ཐོན་སྐྱེད་གོང་འཕེལ་གྱི་སྤྲོ་སེམས་དང་རྒྱུ་ནོར་གསོག་པའི་གསོན་ཤུགས་སྔར་བྱུང་མྱོང་མེད་པ་འཕེལ་ནས་བོད་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་འཕེལ་རྒྱས་མྱུར་པོ་བྱུང་ཡོད། བསྡུར་གཞི་ཡོད་པའི་རིན་གོང་ཐོག་ནས་རྩིས་བརྒྱབ་པར་གཞིགས་ན། བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་1960ལོ་དང་1959ལོ་བསྡུར་ཚེ་45.8%འཕར་བ་དང་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་42.9%འཕར་ནས་ཚང་མ་ལོ་རྒྱུས་ཀྱི་མཐོ་ཤོས་སུ་སླེབས་ཡོད། 1959ལོའི་དགུན་ཁ་ནས་1960ལོའི་དཔྱིད་ཀ་བར་ཞིང་ལས་ཁུལ་དུ་ཆུ་ཡུར་སྤྱི་ལེ་1500བཟོས་པ་དང་། ཆུ་རྫིང་300བཟོས་ཡོད་ལ། ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་37ལྷག་ཙམ་རྒྱ་ཆེར་ཕྱིན་ཡོད། 1960ལོར། སླར་ཡང་ཆུ་ཡུར་སྤྱི་ལེ་5000བཟོས་པ་དང་། ཆུ་མཛོད་དང་ཆུ་རྫིང་1500བཟོས་པ། ཞིང་ཆུ་འདྲེན་ཁྱོན་སྔར་བས་རྒྱ་ཆེར་ཕྱིན་ཡོད། 1959ལོའི་དགུན་ཁ་ནས་1960ལོའི་ལོ་སྟོད་བར། བོད་ཀྱིས་ཁྱོན་ཁྱིམ་ལུད་སྤྱི་རྒྱ་དུང་ཕྱུར་110བསགས་ཡོད། 1960ལོའི་དཔྱིད་ཀར་སླེབས་སྐབས། ཞིང་ཁུལ་གྱི་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་273བར་རྒྱ་ཆེར་བཏང་ནས་1959ལོ་ལས་མུའུ་ཁྲི་30འཕར་ཡོད། ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཆེན་པོ་བྱུང་ནས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། སྣེ་གདོང་རྫོང(ད་ལྟའི་སྣེ་གདོང་ཆུས)ཁེ་གསུམ་ཤང་ལ་མཚོན་ན། དམངས་གཙོའི་བཅོས་སྒྱུར་བྱས་མ་ཐག་པའི་སྐབས་སུ། ཤང་ཡོངས་ཀྱི་དུད་ཚང་119ཡི་ནང་ནས་དུད་ཚང་90ལ་བཟའ་འབྲུ་འདང་གི་མེད། 1964ལོར་སླེབས་སྐབས་ཤང་ཡོངས་ཀྱི་ཞིང་དུད་ཚང་མར་བཟའ་འབྲུ་དང་། ས་བོན། གཟན་ཆག་བཅས་འདང་ངེས་ཡོད་པ་མ་ཟད། མི་ཚང་95%ལ་འབྲུ་རིགས་ལྷག་མ་ཡོད། 1961ལོའི་ལོ་མཇུག་ཏུ་སླེབས་སྐབས་བོད་ཀྱི་ལག་ཡོད་ཕྱུགས་རིགས་མགོ་གྲངས་བསྡོམས་འབོར་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་མ་བཏང་གོང་གི་ཚད་གཞི་མཐོ་ཤོས་ལས་བརྒལ་ནས་མགོ་གྲངས་ཁྲི་1206ཟིན་ཡོད།

    ཐོན་སྐྱེད་རྒྱུ་ཆ་རག་པའི་རྨང་གཞིའི་ཐོག རྒྱལ་ཁབ་ཀྱིས་ས་ཞིང་རག་པའི་ཞིང་པར་ཐོན་སྐྱེད་ཡོ་བྱད་སྤྲད་དེ་རིན་མི་དགོས་པར་ཞིང་འབྲོག་པར་ལྕགས་ཀྱི་ཞིང་སྤྱོད་ཡོ་བྱད་366957སྤྲད་ཡོད། དེ་རྗེས་ཀྱི་ལོ་འགའ་ཞིག་ནང་། སྲིད་གཞུང་གིས་ཞིང་འབྲོག་པར་ལྕགས་ཀྱི་ཞིང་སྤྱོད་ཡོ་བྱད་ཁྲི་བཅུ་ཕྲག་སྤྲད་པ་མ་ཟད། ལྷ་ས་དང་། ཆབ་མདོ། གཞིས་རྩེ། རྒྱལ་རྩེ། རྩེད་ཐང་། ཉིང་ཁྲི་སོགས་ཀྱི་ས་ཆར་ཞིང་སྤྱོད་ཡོ་བྱད་བཟོ་གྲྭ་ཆུང་གྲས་གསར་པ་བསྐྲུན་ཡོད།

    དམངས་གཙོའི་བཅོས་སྒྱུར་བྱས་པ་དང་ཆབས་ཅིག ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས“བརྟན་པོའི་ངང་འཕེལ་རྒྱས་གཏོང་བའི”མཛད་ཕྱོགས་བཏོན་ཡོད། 1961ལོར“གྲོང་གསེབ་ཏུ་དོན་ཚན་26”དང“འབྲོག་ཁུལ་དུ་དོན་ཚན་30”བཀྲམ་རྗེས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྙིང་དབུས་ནས་བརྩི་བཀུར་ཐོབ་ཡོད། བསྡོམས་རྩིས་ལ་གཞིགས་ན། 1965ལོར་སླེབས་སྐབས་བོད་ཀྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་29ཟིན་ནས་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་1958ལོ་ལས་66.1%འཕར་བ་དང་ལག་ཡོད་ཕྱུགས་རིགས་མགོ་གྲངས་བསྡོམས་འབོར་ཁྲི་1701ཟིན་པ་དེ་1958ལོ་ལས་54.1%འཕར་ཡོད། དུས་སྐབས་དེའི་རིང་། བོད་ཀྱི་འགྲིམ་འགྲུལ་དང་། སློབ་གསོ། རིག་གནས། འཕྲོད་བསྟེན་སོགས་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལའང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། 1965ལོར་སླེབས་སྐབས་བོད་ཀྱི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་14721ཟིན་པ་དེ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་ལྡབ་2.6ཡིན་པ་རེད། བོད་ཀྱི་རྫོང་90%ཡན་ལ་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ལྷ་ས་གྲོང་ཁུལ་ཁོ་ནར་སྣུམ་ནག་ལམ་8གསར་དུ་བཏིང་ཡོད་ལ། གྲོང་མི་95%ཡན་ལ་གློག་སྤྱོད་རྒྱུ་བྱུང་ཡོད། བོད་དུ་སློབ་ཆུང་1822ཡོད་པ་དེར་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་66781ཟིན་པ་དང་། སློབ་འབྲིང་4ཡོད་པ་དེར་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་1359ཟིན་པ། འབྲིང་རིམ་ཆེད་ཚན་སློབ་གྲྭ་1དང་མཐོ་རིམ་སློབ་གྲྭ་1ཡོད། ཆེད་ལས་རིག་རྩལ་ཚོགས་པ་དང་གློག་བརྙན་སྟོན་མཁན་ཚན་པ་133ཡོད། སྨན་བཅོས་སྒྲིག་གཞི་193བར་འཕེལ་རྒྱས་ཕྱིན་ནས་ནད་ཁྲི་1631དང་། འཕྲོད་བསྟེན་མི་སྣ་2947བར་མང་དུ་ཕྱིན་ནས་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་ལྡབ་3.1དང་། ལྡབ་3.4 ལྡབ་3.7བཅས་སོ་སོར་ཟིན་ཡོད། 1966ལོར་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པའི་ཉིང་ཁྲིའི་འཁལ་འཐག་བཟོ་གྲྭ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་དེང་རབས་ཅན་གྱི་འཁལ་འཐག་ཁེ་ལས་དང་པོ་དེ་རེད། 1965ལོར་ཀྲུང་ནེའི་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། 1973ལོར་ཡུན་བོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཡོད།

    —— དཔལ་འབྱོར་གྱི་གྲུབ་ཆར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བ།

    ལོ་60ཡི་རིང་འབད་འཐབ་བྱས་པ་བརྒྱུད། བོད་ཀྱི་ཞིང་འབྲོག་ལས་ཐད་གནམ་ཆུ་སྒུག་པ་དང་གནམ་ཆུར་བརྟེན་ནས་ཕྱུགས་རིགས་གསོ་བའི་དཀའ་གནད་ལས་རྦད་དེ་གྲོལ་ཏེ་དེང་རབས་ཅན་གྱི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཞིང་ནགས་འབྲོག་ཉའི་ལས་རིགས་ཀྱི་རིན་ཐང་འཕར་མ(ཞིང་ནགས་འབྲོག་ཉའི་ཞབས་ཞུའི་ལས་རིགས་ཚུད་པ)1959ལོའི་སྒོར་དུང་ཕྱུར་1.28ནས་2018ལོའི་སྒོར་དུང་ཕྱུར་134.14བར་འཕར་ཡོད། འབྲུ་རིགས་ཐོན་ཚད་1959ལོའི་ཏུན་ཁྲི་18.29ནས་2018ལོའི་ཏུན་ཁྲི་104.9བར་འཕར་ཡོད། འབྲུ་རིགས་མུའུ་རེའི་ཐོན་ཚད་1959ལོའི་སྤྱི་རྒྱ/སྤྱི་ཆིང1370ནས་2018ལོའི་སྤྱི་རྒྱ/སྤྱི་ཆིང5688བར་མཐོ་རུ་ཕྱིན་ཡོད། ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་མྱུར་པོ་ཕྱིན་ནས་བོད་ཀྱི་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་སྤུས་རྟགས་གཏོད་པའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། སྤུས་ལེགས་འབྲུ་རིགས་དང་པད་ཁའི་ཐོན་སྐྱེད་དང་། སྤྱི་གནོད་མེད་པའི་སྔོ་ཚལ་འདེབས་འཛུགས། ཚད་ལྡན་ཅན་གྱི་བཞོན་མ་གཞི་ཁྱོན་ལྡན་པའི་གསོ་ཚགས། ཁྱད་ལྡན་བོད་ཕག་དང་བོད་བྱ་གསོ་ཚགས། ཁུལ་ལྡན་ར་གསོ་ཚགས་སོགས་ཀྱི་ཁྱད་ལྡན་ཐོན་ལས་རྟེན་གཞི་ཁག་གཅིག་བསྐྲུན་ཡོད།

    དེང་རབས་བཟོ་ལས་མེད་པ་ནས་ཡོད་པའི་བར་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཡོད། ལོ་60ཡི་འཕེལ་རྒྱས་བརྒྱུད་བོད་ཀྱིས་ནུས་རྒྱུ་དང་། ཨར་ལས་རྒྱུ་ཆ། འཕྲུལ་འཁོར། གཏེར་འདོན། ཡང་བའི་བཟོ་ལས། བཟའ་བཅའ་ལས་སྣོན། མི་རིགས་ལག་ཤེས་བཟོ་ལས། བོད་ལུགས་གསོ་རིག་སོགས་ཚུད་པའི་རིགས་20ལྷག་ཙམ་གྱི་དེང་རབས་བཟོ་ལས་མ་ལག་བཙུགས་པ་དང་འབྲེལ་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་མཇུག་འགྲིལ་ནས་རིམ་བཞིན་དེང་རབས་ཅན་གྱི་ཆུ་ཚད་དུ་སླེབས་ཡོད། བཟོ་ལས་ཀྱི་རིན་ཐང་འཕར་མ་1959ལོའི་སྒོར་དུང་ཕྱུར་0.15ནས་2018ལོའི་སྒོར་དུང་ཕྱུར་114.51བར་འཕར་ཡོད།

    དཔལ་འབྱོར་བསྡོམས་འབོར་མཆོང་སྐྱོད་ཧ་ཅང་ཆེན་པོ་བྱུང་ཡོད། 2018ལོར་བོད་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1477.63ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན། 1959ལོའི་སྒོར་དུང་ཕྱུར་1.74ལས་ལྡབ་191ཙམ་འཕར་ཡོད། དཔལ་འབྱོར་གྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ནས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཐོན་ལས་དང་པོའི་རིན་ཐང་འཕར་མས་བཟུང་བའི་བསྡུར་གྲངས་1959ལོའི་73.6%ནས་8.8%བར་ཆག་པ་དང་། ཐོན་ལས་གཉིས་པ་དང་གསུམ་པའི་བསྡུར་གྲངས་42.5%དང་48.7%བར་འཕར་ཡོད།

    ཐོན་ལས་གསུམ་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་འདེད་མགྱོགས་མྱུར་ཐུབ་ཡོད། 2018ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་3368.73ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་490.14བྱུང་ནས་ཞིང་འབྲོག་པ་ཁྲི་10ལྷག་ཙམ་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་བྱུང་ཡོད་ལ། འཛམ་གླིང་གི་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཚོང་དོན་ཟོག་འགྲེམས་དང་། དངུལ་རྩའི་འགན་བཅོལ། དྲ་ཐོག་ཚོང་དོན། ཟོག་འགྲེམས་སྡེབ་སྐྱེལ་སོགས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་མྱུར་པོ་ཕྱིན་ནས་དཔལ་འབྱོར་གྱི་འཕར་གཞི་གསར་པ་ཞིག་ཏུ་འཚར་ལོངས་ཡོང་བཞིན་ཡོད།

    —— རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཐེབས་པ།

    བོད་རྙིང་པར་ཚད་ལྡན་གྱི་གཞུང་ལམ་གཅིག་ཀྱང་མེད། ཞི་བའི་བཅིངས་འགྲོལ་བཏང་རྗེས་བོད་ལ་དེང་རབས་ཀྱི་དོན་སྙིང་ལྡན་པའི་གཞུང་ལམ་སྐྲུན་འགོ་ཚུགས་ནས་དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་རྒྱལ་ཁབ་ཀྱིས་མཚོ་བོད་དང་ཁྲོན་བོད་གཞུང་ལམ་དང་དེ་བཞིན་ས་ཁུལ་ཁག་ཏུ་ཤར་བགྲོད་ཐུབ་པའི་རིམ་པ་དམའ་ཙམ་གྱི་གཞུང་ལམ་བསྐྲུན་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཤིན་བོད་དང་། ཡུན་བོད། ཀྲུང་ནེ་སོགས་ཀྱི་གཞུང་ལམ་ཨ་མ་མགྱོགས་མྱུར་བསྐྲུན་ཡོད་ལ། མཚོ་བོད་དང་ཁྲོན་བོད་གཞུང་ལམ་ལའང་སྔ་རྗེས་སུ་སྣུམ་ནག་བཏིང་བ་དང་འབྲེལ་ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་ཡང་བསྐྲུན་ཡོད། མིག་སྔར་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་གཙོ་བོར་བྱས་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་ཞིག་སྤྱིར་ན་ཆགས་ཡོད། 2018ལོའི་ལོ་མཇུག་བར། བོད་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི་9.78ཟིན་པའི་ནང་རིམ་མཐོའི་གཞུང་ལམ་སྤྱི་ལེ་660ཟིན་པ་དང་། ལྗོངས་ཡོངས་ཀྱི་རྫོང་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་697ཁྲོད་ནས་ཤང་དང་གྲོང་རྡལ་579ལ་གཞུང་ལམ་ཤར་བགྲོད་ཐུབ་པ་དང་ཤང་དང་གྲོང་རྡལ་696ལ་འགྲོ་ལམ་ཤར་གཏོང་ཐུབ་པ། ལྗོངས་ཡོངས་ཀྱི་སྒྲིག་ཚུད་གྲོང་ཚོ་5467གྱི་ཁྲོད་ནས་གྲོང་ཚོ་2624ལ་གཞུང་ལམ་ཤར་བགྲོད་ཐུབ་པ་དང་གྲོང་ཚོ་5457ལ་འགྲོ་ལམ་ཤར་གཏོང་ཐུབ་ཡོད། 2006ལོར་མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་ལྕགས་ལམ་དུམ་བུ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་སྟེ་བོད་ལ་མེ་འཁོར་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། 2014ལོར་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་བསྐྲུན་པ་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ད་ཆ་འདིང་བཞིན་ཡོད།

    མཁའ་འགྲུལ་ས་ཚིགས་དང་གནམ་ཐང་འཛུགས་སྐྲུན་ལ་སྐུལ་འདེད་རྒྱུན་ཆད་མེད་པར་ཐེབས་པ། 1956ལོར། བོད་ལ་སྟབས་བདེའི་གནམ་ཐང་དང་པོ་དེ་བསྐྲུན་པ་དང་། ད་ཆ་གནམ་གྲུ་ཤར་གཏོང་ཐུབ་པའི་གནམ་ཐང་5བསྐྲུན་ནས་རྒྱལ་ནང་དང་རྒྱལ་ཕྱིར་མཁའ་ལམ་92བཏོད་ཡོད་པས་ལྷ་ས་གོང་དཀར་གནམ་ཐང་མཁའ་ལམ་ཨ་མར་བྱས་པ་དང་། ཆབ་མདོའི་སྤང་མདའ་དང་། ཉིང་ཁྲིའི་སྨན་གླིང་། མངའ་རིས་ཀྱི་དགུན་ས། གཞིས་རྩེའི་གནམ་ཐང་བཅས་ཉིང་ལག་མཁའ་ལམ་དུ་བྱས་པའི་མཁའ་འགྲུལ་དྲ་རྒྱ་ཞིག་རགས་ཙམ་ཆགས་ཡོད།

    ཞི་བའི་བཅིངས་འགྲོལ་མ་བཏང་གོང་། བོད་ལ་ཆན་ཝ་125ཟིན་པའི་ཆུ་ཤུགས་གློག་ཁང་ཆུང་གྲས་གཅིག་རང་ལས་མེད་པ་དེས་མཐོ་རིམ་སྐུ་དྲག་ཉུང་ཤས་ལ་མ་གཏོགས་གློག་གཏོང་གི་མེད་ལ། གློག་ཀྱང་བརྟན་པོ་མེད། 1960ལོར། རྔ་ཆེན་ཆུ་ཤུགས་གློག་ཁང་བསྐྲུན་ནས་གློག་གཏོང་འགོ་ཚུགས་པས་ལྷ་སའི་གྲོང་མི་དཀྱུས་མས་གློག་ཐེངས་དང་པོ་སྤྱོད་རྒྱུ་བྱུང་ཡོད། དེ་རྗེས་ཡར་འབྲོག་དང་། འོལ་ཁ། ཚ་ལུང་། གསེར་ཆུ། འབྲི་གུང་། སེང་གེ་ཁ་འབབ། ཞོ་ཁ། དངོས་ཨ་ཕྲང་། རྫམ། རྡོ་ཕུར། མགོན་མདོ། ཇོ་པ་སོགས་ཆུ་ཤུགས་གློག་ཁང་དང་། ཡངས་པ་ཅན་ས་འོག་ཚ་ནུས་གློག་ཁང་། དྲ་སྦྲེལ་འོད་ཤུགས་གློག་ཁང་ཆེ་གྲས་སོགས་སྔ་རྗེས་སུ་བསྐྲུན་ཡོད། ད་ཆ་ཆུ་གློག་གཙོ་བོར་བྱས་པ་དང་སྣུམ་རླངས་དང་བསྐྱར་སྐྱེས་ནུས་རྒྱུ་གསབ་རེས་བྱེད་པའི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་ཅིག་སྤྱིར་ན་ཆགས་ཡོད་ལ། མཚོ་བོད་དང་ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ཐུབ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་དྲོད་རླངས་མཁོ་འདོན་ལ་ཚད་བརྒལ་ཆེན་པོ་བྱུང་ནས་2014ལོའི་དགུན་ཁར་ལྷ་ས་གྲོང་ཁུལ་དུ་རང་བྱུང་སོལ་རླངས་ཀྱི་དྲོད་ཐེངས་དང་པོ་མཁོ་འདོན་ཐུབ་པ་དང་ཆབས་ཅིག གྲོང་མིའི་འཚོ་བའི་སོལ་རླངས་ཀྱི་དགོས་མཁོ་བསྐངས་ཡོད། 2018ལོའི་ལོ་མཇུག་བར་ལྗོངས་ནང་ཁུལ་གྱི་གློག་དྲ་གཙོ་བོ་རྫོང(ཆུས)62བར་སྣུར་སྲིང་ཐུབ་ནས་མི་འབོར་ཁྲི་272ལ་གློག་མཁོ་འདོན་བྱས་པ་དང་། ས་ཁུལ་གཞན་དག་ལ་ཆུ་ཤུགས་གློག་ཁང་ཆུང་གྲས་དང་། འོད་ཤུགས་ཁྱབ་ཆུང་གློག་དྲ། ཁྱིམ་སྤྱོད་འོད་ཤུགས་མ་ལག་སོགས་ཀྱི་བྱ་ཐབས་བརྒྱུད་མི་ཚང་མར་གློག་སྤྱོད་རྒྱུ་བྱུང་ཡོད།

    དྲུག བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

    དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད། བོད་ལྗོངས་འདི་ཉིད་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བར་མཆོང་སྐྱོད་རླབས་པོ་ཆེ་བྱུང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་བརྒྱུད་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་ཐུབ་པ་དང་། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཐུབ་པ་མ་ཟད། ད་དུང་བོད་ཀྱི་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད།

    —— མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པ།

    ལོ་60ཡི་རིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཏེ་བདེ་སྐྱིད་སྟོན་གྲངས་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། རྒྱ་ཆེའི་ཞིང་བྲན་ཚོ་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་དྲོས་ཀྱི་མེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། 2018ལོར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་33797དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11450ཟིན་ཡོད། ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་དང་། མང་ཚོགས་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད། ཡོམ་འགོག་བརྟན་གཏོང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་གཏོང་། དབུལ་སྐྱོར་གནས་སྤོ། འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད། འགན་སྲུང་སྡོད་ཁང་འཛུགས་སྐྲུན་བཅས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པའི་སྡོད་ཁང་ནང་ཡོངས་ཁྱབ་ངང་སྡོད་རྒྱུ་བྱུང་ཡོད། ནུས་རྒྱུའི་གྲུབ་ཆ་ལེགས་གཏོང་ལ་སྐུལ་འདེད་ཧུར་ཐག་བཏང་བ་སྟེ། ལྷ་ས་དང་། ནག་ཆུ། མངའ་རིས། ཉིང་ཁྲི་སོགས་ས་ཁུལ་དང་གྲོང་ཁྱེར་གནས་ཡུལ་4དང་རྫོང་གྲོང་9ལ་གཅིག་སྡུད་དྲོད་རླངས་མཁོ་འདོན་ལས་གྲྭ་བསྐྲུན་པ་དང་ཆབས་ཅིག སྔ་རྗེས་སུ་བེད་སྤྱོད་གཏོང་འགོ་ཚུགས་པས་མི་དེ་བས་མང་པོ་ཞིག་ལ་དགུན་ཁ་དྲོ་སོབ་སོབ་སྐྱེལ་རྒྱུ་བྱུང་ཡོད། ལྗོངས་ཡོངས་ཀྱི་ཤང་ཚང་མར་འོད་སྐུད་དང་དྲ་ཆེན་ཤར་གཏོང་ཐུབ་པ་དང་། སྲིད་འཛིན་གྲོང་ཚོར་དྲ་ཆེན་ཤར་གཏོང་ཐུབ་ཚད་85%ཟིན་པ། སྲིད་འཛིན་གྲོང་ཚོ་ཚང་མར་སྒུལ་བདེའི་བརྡ་རྟགས་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱུང་ཡོད།

    དེང་རབས་ཅན་གྱི་སྤྱོད་ཤེད་ཆེ་བའི་འཛད་རྫས་ཁྱབ་གདལ་འགྲོ་ཚད་དང་དེའི་རིམ་པ་མཐོ་རུ་ཤུགས་ཆེན་ཕྱིན་ཡོད་པ་སྟེ། འཁྱག་སྒམ་དང་། ཚོན་ཁྲ་ཅན་གྱི་བརྙན་འཕྲིན། གོས་འཁྲུད་འཕྲུལ་ཆས། གློག་ཀླད། ལག་ཐོགས་ཁ་པར། སྒེར་འཁོར་སོགས་འཛད་རྫས་རིམ་བཞིན་མི་སེར་དཀྱུས་མའི་ཁྱིམ་ཚང་དུ་སྤྱོད་འགོ་ཚུགས་ཡོད། རླུང་འཕྲིན་དང་། བརྙན་འཕྲིན། འཕྲིན་གཏོང་། དྲ་སྦྲེལ་སོགས་ཀྱི་དེང་རབས་ཆ་འཕྲིན་བརྒྱུད་སྤྲོད་བྱེད་སྟངས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དང་མཉམ་དུ་འཕེལ་རྒྱས་བྱུང་ནས། མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ནང་སྤྱོད་འགོ་ཚུགས་ཡོད། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་རྒྱུན་ཆད་མེད་པར་ཐེབས་ནས། 2018ལོར་སླེབས་སྐབས་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་31%ཟིན་པ་དང་། ལྷ་ས་ལྟེ་བར་བྱེད་པ་དང་། གྲོང་ཁྱེར(ས་ཁུལ)གནས་ཡུལ་ཡན་ལག་ས་ཚིགས་སུ་བྱེད་པ། རྫོང་གྲོང་དང་། མཐའ་མཚམས་གྲོང་རྡལ། ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་བཅས་དྲ་རྒྱར་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་ཅིག་རགས་ཙམ་ཆགས་ཡོད།

    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། དཔལ་འབྱོར་རྗེས་ལུས་དང་། ཕྲུ་གུ་དམར་འབྱར་གསོན་ཚད་དམའ་བ། སྨན་བཅོས་ཆ་རྐྱེན་ཞན་པ། གྲྭ་བཙུན་མི་འབོར་གྱི་བསྡུར་ཚད་མཐོ་བ་སོགས་ཀྱིས་རྐྱེན་པས་བོད་ཀྱི་མི་འབོར་དུས་ཡུན་རིང་པོའི་ནང་འཕེལ་མེད་རང་སོར་གནས་ཡོད། ལོ་60ཡི་འཕེལ་རྒྱས་བརྒྱུད། 1959ལོར་བོད་ཀྱི་མི་འབོར་ཁྲི་122.8ཟིན་པ་ནས་2018ལོའི་མི་ཁྲི་343.82བར་འཕར་བ་དང་། དེའི་ནང་བོད་རིགས་མི་འབོར་གྱིས་མི་འབོར་བསྡོམས་འབོར་གྱི་90%ཡན་བཟུང་ཡོད། བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་1959ལོའི་གོང་གི་ལོ་35.5ནས་མིག་སྔའི་ལོ་68.2བར་རིང་དུ་ཕྱིན་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་དང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་སོགས་ཀྱིས་མཉམ་དུ་གཉེར་བའི“CCTVདཔལ་འབྱོར་དང་འཚོ་བའི་བརྟག་དཔྱད་ཆེ་མོའི”ནང་ལྷ་ས་གྲོང་ཁྱེར་འདི་ཉིད་ལོ་ལྔ་བསྟུད་མར“ཀྲུང་གོའི་བདེ་སྐྱིད་སྟོན་གྲངས་མཐོ་ཤོས་ཀྱི་གྲོང་ཁྱེར”དུ་བདམས་ཡོད།

    —— རིག་གནས་བྱ་གཞག་ཐད་དར་རྒྱས་ཀྱི་རྣམ་པ་མངོན་པ།

    བོད་རྙིང་པར་ཞིང་བྲན་ཁྲི་ཚོ་བརྒྱའི་ངོས་ནས་བརྗོད་ན། རིག་གནས་ཀྱི་འཚོ་བ་ཧ་ཅང་སྐྱོ་པོ་རེད། ལོ་60ཡི་རིང་། ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་ཤུགས་ཆེན་བཏང་བས། བོད་ཀྱི་རིག་གནས་བྱ་གཞག་ཐད་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་བྱུང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དེ་བས་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་འཚོ་བ་ལོངས་སྤྱོད་ཐུབ་ཡོད། 

    བོད་ཀྱིས་སྔ་རྗེས་སུ་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་དང་། ལྷ་ས་། དེ་བཞིན་ས་ཁུལ་ཁག་གི་གློག་བརྙན་ཁང་བཙུགས་པ་མ་ཟད། བོད་ལྗོངས་གླུ་གར་ཚོགས་པ་དང་། ལྷ་མོ་ཚོགས་པ། གཏམ་བརྗོད་ཟློས་གར་ཚོགས་པ། ས་ཁུལ་དང་གྲོང་ཁྱེར་ཁག་གི་མི་རིགས་སྒྱུ་རྩལ་ཚོགས་པ། དེ་བཞིན་རྫོང(ཆུས)75ཡི་སྒྱུ་རྩལ་ཚོགས་པ་དང་གྲོང་གསེབ་ཀྱི་ལས་ཞོར་རིག་རྩལ་རུ་ཁག་2400སོགས་ཀྱི་རིག་རྩལ་འཁྲབ་སྟོན་ཚོགས་པ་བཙུགས་ནས། ཞིང་འབྲོག་ཁུལ་དང་ཐག་རིང་ལུང་ཁུག་གི་ཤང་དང་གྲོང་ཚོར་བསྐྱོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གསར་པ་དྲིལ་བསྒྲགས་བྱས་ཡོད། རིག་གནས་ཐོན་རྫས་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས། 《འཁྲུད་གཞས》དང་། 《གྲོང་གསར་སྐོར་བ》 《ཁྲི་གདུགས་ཉི་མའི་བུ་མོ》 《ཐུན་མོང་གི་ཁྱིམ་གཞིས》 《སྒྲ་སྙན་རྒྱུད་དྲུག་གི་ལས་འཕྲོ》 《མཁའ་ལམ》སོགས་ཀྱི་རིག་རྩལ་བརྩམས་ཆོས་རྩེ་གྲ་ཁག་གཅིག་བརྩམས་ཡོད། ད་དུང་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》དང་མི་རིགས་ཀྱི་གླུ་གར《བདེ་སྐྱིད་ཀྱི་ལམ་བུ》དང《ཤམ་བྷ་ལ་འཚོལ་བ》སོགས་ཀྱི་རིག་གནས་ཐོན་ལས་ཀྱི་འཁྲབ་ཚན་རྣམ་གྲངས་ཁག་གཅིག་ལ་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་ཡག་པོ་ཐོབ་ནས་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད། 2018ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་མི་འབོར་ལ་ཕྱོགས་བསྡུས་ཁྱབ་ཚད་སོ་སོར་97.1%དང་98.2%ཟིན་ཡོད། གྲོང་ཁྱེར(ས་ཁུལ)ལ་དཔེ་མཛོད་ཁང་དང་། རྫོང་ལ་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས། ཤང་ལ་རིག་གནས་ཞབས་ཞུའི་ལྟེ་གནས་བཅས་སྤྱིར་ན་ཡོད་པ་དང་སྦྲགས། སྲིད་འཛིན་གྲོང་ཚོ་ཚང་མར་རིག་གནས་ཁང་དང་། ཞིང་པའི་དེབ་ཁང་། གློག་བརྙན་ཁང་བཅས་ཡོད། ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་46ཟིན་པ་དང་། རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར(ས་ཁུལ)རྫོང་བཅས་རིམ་བཞིའི་རིག་གནས་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི(གླིང)234ཟིན་ཡོད།

    བོད་སྐད་ཡིག་སྲུང་སྐྱོང་དང་འཕེལ་རྒྱས་བྱུང་ཡོད། ཆབ་སྲིད་དང་འཚོ་བའི་ཁྲོད་བོད་སྐད་ཡིག་བེད་སྤྱོད་རྒྱ་ཁྱབ་བྱུང་ཞིང་། བོད་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་དང་ཁྲིམས་སྲོལ་དང་། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་ཁོངས་གཏོགས་སྡེ་ཚན་གྱིས་ཡོངས་བསྒྲགས་བྱས་པའི་དངོས་གཞིའི་ཡིག་ཆ་དང་སྤྱི་བསྒྲགས་ཚང་མར་བོད་རྒྱ་ཡིག་རིགས་གཉིས་སྤྱད་ཡོད། ཁྲིམས་འཛིན་གོ་རིམ་ཁྲོད་གཏུག་བཤེར་ལ་ཞུགས་མཁན་བོད་རིགས་ཀྱིས་བོད་ཡིག་སྤྱད་དེ་གྱོད་གཞི་འདྲི་ཞིབ་བྱེད་པ་དང་འབྲེལ་ཁྲིམས་དོན་ཡིག་རིགས་ནང་དུའང་བོད་ཡིག་སྤྱད་ཡོད། བོད་ཡིག་གི་བེད་སྤྱོད་ཆ་འཕྲིན་ཅན་དུ་མངོན་འགྱུར་བྱུང་ནས་བོད་ཡིག་ཡིག་རྟགས་རྩིས་འཁོར་ཨང་སྒྲིག་དེ་རྒྱལ་ཁབ་ཀྱི་ཚད་གཞི་དང་རྒྱལ་སྤྱིའི་ཚད་གཞིར་སླེབས་ཡོད། རྒྱལ་ཁབ་ཀྱིས་བོད་སྐད་ཡིག་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས》ནང“རྒྱལ་ཁབ་ཀྱིས་སྤྱི་སྐད་ཁྱབ་གདལ་གཏོང་བ་དང་ཚད་ལྡན་རྒྱ་ཡིག་ཁྱབ་སྤེལ་གཏོང་དགོས”པ་དང“སྤྱི་དམངས་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་དབང་ཡོད་པའི”གཏན་འབེབས་གཞིར་བཟུང་། བོད་རིགས་སོགས་མི་རིགས་ས་ཁུལ་ཚུད་པའི་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་གི་སྤྱི་དམངས་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་ཡོད།

    མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་ཡོད། བོད་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་སྲོལ་ཡིག》དང་། 《ལྷ་སའི་གྲོང་ཁུལ་རྙིང་པ་སྲུང་སྐྱོང་སྲོལ་ཡིག》 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》 《བོད་རང་སྐྱོང་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དོ་དམ་སྲོལ་ཡིག》 《བོད་རང་སྐྱོང་ལྗོངས་ཀྱི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་འཆར་གཞི》སོགས་ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་ཁྲིམས་སྲོལ་དང་། སྒྲིག་སྲོལ། ཚད་ལྡན་གྱི་ཡིག་ཆ་བཅས་མང་པོ་ཞིག་སྔ་རྗེས་སུ་གཏན་འབེབས་བྱས་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱེད་ཆེད་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་50ལྷག་ཙམ་བཏང་ནས་ལྗོངས་ཡོངས་སུ་ཡོད་པའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་55དང་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་616སྲུང་སྐྱོང་དང་འཛུགས་སྐྲུན་བྱས་ཡོད། ལྷ་སའི་གྲོང་ཁུལ་རྙིང་པ་སྲུང་སྐྱོང་བྱེད་པར་མཚོན་ན། ལྷ་ས་གྲོང་ཁྱེར་གྱིས་ལོ་1300ཡི་ལོ་རྒྱུས་ལྡན་པའི་བར་སྐོར་ཁྲོམ་གཞུང་གི་གྲོང་ཁུལ་རྙིང་པ་ཁྲིམས་ལྟར་སྲུང་སྐྱོང་དང་སྒྱུར་བཀོད་གཟབ་ནན་བྱས་ནས་མི་རིགས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་གྱི་ལས་དོན་ལ་སྤྱི་འདོམས་བསམ་གཞིག་གིས་བོད་མི་རིགས་ཀྱི་ཕུལ་བྱུང་གི་ལོ་རྒྱུས་རིག་གནས་ཀྱི་གྲུབ་ཆ་བསྡུ་ལེན་དང་། མཉམ་འདྲེས། འགྲེམ་སྟོན་གང་ལེགས་བྱེད་པ། སྡེ་ཁུལ་གྱི་མང་ཚོགས་དང་། དགོན་སྡེའི་དགེ་འདུན་པ། སྲོལ་རྒྱུན་སྒྱུ་རྩལ་པ་བཅས་ཀྱི་བསམ་འཆར་དང་གྲོས་འགོ་ཉན་པ། མང་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་ཐེངས་མང་བྱས་ཏེ་ས་གནས་ས་ཐོག་ཏུ་ལྟ་སྐོར་མཛུབ་ཁྲིད་ཀྱི་བྱེད་སྒོ་སྤེལ་བ་བཅས་བྱས་པས་ལྷ་སའི་གྲོང་ཁུལ་རྙིང་པའི་རིག་གནས་སྲུང་སྐྱོང་ཏན་ཏིག་ཐུབ་ཡོད། ཕོ་བྲང་པོ་ཏ་ལའི་ལོ་རྒྱུས་ཀྱི་འཛུགས་སྐྲུན་བཀོད་པ་ཚང་མ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི《འཛམ་གླིང་གི་ཤུལ་བཞག་མིང་གཞུང》དུ་ཚུད་པ་དང་། ལྷ་མོ་དང་། གླིང་སྒྲུང་། བོད་ལུགས་གསོ་རིག་གི་ལུམས་བཅོས་བཅས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་དུ་ཚུད་ཡོད། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་89དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ96ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་460དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་350ཡོད། ཕོ་བྲང་པོ་ཏ་ལ་སོགས་ཚན་པ་4རྒྱལ་ཡོངས་ཀྱི་དཔེ་རྙིང་གཙོ་གནད་སྲུང་སྐྱོང་ཚན་པར་བཅུག་པ་དང་དཔེ་རྙིང་291རྒྱལ་ཡོངས་ཀྱི་དཔེ་རྙིང་རྩ་ཆེན་ནང་བཅུག་ཡོད།

    བོད་ཀྱི་སྒོ་མོ་འབྱེད་ཤུགས་ཉིན་རེ་བཞིན་ཆེ་རུ་ཕྱིན་པ་དང་ཆབས་ཅིག བོད་ཀྱི་རིག་གནས་ཀྱང་རིམ་བཞིན་འཛམ་གླིང་ལ་ཁྱབ་ཅིང་། བོད་ལྗོངས་རིག་གནས་གཟའ་འཁོར་དང་། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སོགས་འཛམ་གླིང་ལ་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འགྲེམས་སྟོན་བྱེད་པའི་སྟེགས་བུ་ཞིག་ཏུ་གྱུར་ཡོད། བོད་ཀྱིས་ད་དུང་སྒྱུ་རྩལ་ཚོགས་པ་སྣ་ཚོགས་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་དུ་འཁྲབ་སྟོན་དང་། འགྲེམས་སྟོན། རིག་གཞུང་སྤེལ་རེས་བཅས་ཀྱི་བྱེད་སྒོ་སྤེལ་བར་མངགས་ཡོད།

    —— སློབ་གསོའི་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་བ།

    བོད་རྙིང་པར་སློབ་གསོ་དང་ལེན་བྱེད་མཁན་མང་ཆེ་བ་ནི་སྐུ་དྲག་གི་བུ་ཕྲུག་ཡིན་པ་དང་། མི་འབོར་བསྡོམས་འབོར་གྱི་95%ཟིན་པའི་ཞིང་བྲན་ལ་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་མེད་པས་གཞོན་དར་ཡིག་རྨོངས་བ་95%ཡན་ཟིན་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཆབ་མདོ་སློབ་ཆུང་དང་། ལྷ་ས་སློབ་ཆུང་། ལྷ་ས་སློབ་འབྲིང་། བོད་ལྗོངས་སྤྱི་སློབ་སོགས་ཀྱི་གཞི་ཁྱོན་གང་མགྱོགས་ཆེ་རུ་སོང་བ་དང་། ས་ཁུལ་དང་རྫོང་ཁག་ཏུ་སློབ་འབྲིང་དང་སློབ་ཆུང་གཅིག་རྗེས་གཉིས་མཐུད་ངང་བཙུགས་པ་མ་ཟད། ཤང་མང་ཆེ་བ་དང་གྲོང་ཚོ་ཁག་གཅིག་ལ་སློབ་ཆུང་བཙུགས་ཡོད། 1961ལོར་བོད་ཀྱི་དགེ་འོས་སློབ་གྲྭ་ཐོག་མ་སྟེ་ལྷ་ས་དགེ་འོས་སློབ་གྲྭར་དངོས་སུ་སློབ་འགོ་ཚུགས་པ་དང་དེ་རྗེས་བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་། བོད་ལྗོངས་གསོ་རིག་སློབ་གླིང(ད་ཆའི་བོད་ལྗོངས་གསོ་རིག་སློབ་ཆེན)བོད་ལྗོངས་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་བཅས་སྔ་རྗེས་སུ་བཙུགས་ཤིང་། མིག་སྔར་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཚུད་པའི་འཐུས་སྒོ་ཚང་བའི་དེང་རབས་སློབ་གསོའི་མ་ལག་ཆ་ཚང་ཞིག་རིམ་བཞིན་ཆགས་ནས་མི་རིགས་ཁག་གི་མི་དམངས་ཚོའི་སློབ་གསོ་དང་ལེན་བྱེད་པའི་དབང་ཆར་འགན་ལེན་གང་ལེགས་ཐུབ་ཡོད།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས། དེ་བཞིན་བོད་ལྗོངས་ས་གནས་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་བཅས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུ་གཏན་འབེབས་ཁ་གསལ་བྱས་པ་དང་ཆབས་ཅིག་ཅུང་འཐུས་སྒོ་ཚང་བའི་སྐད་གཉིས་སློབ་ཁྲིད་མ་ལག་ཀྱང་བཙུགས་ཡོད། མིག་སྔར་བོད་ཀྱི་ཞིང་འབྲོག་ཁུལ་ཚང་མ་དང་གྲོང་ཁྱེར་དང་གྲོང་རྡལ་ཁག་གཅིག་གི་སློབ་ཆུང་དུ་བོད་སྐད་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ནས་དུས་གཅིག་ཏུ་སློབ་ཁྲིད་བྱེད་པ་དང་སློབ་ཚན་གཙོ་བོ་བོད་སྐད་ནས་སློབ་ཁྲིད་བྱེད་ཀྱི་ཡོད། སློབ་འབྲིང་དུས་མཚམས་སུའང་བོད་སྐད་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ནས་སློབ་ཁྲིད་བྱེད་ཀྱི་ཡོད།

    2017ལོ་བར་བོད་དུ་ཁྱོན་བུ་བཅོལ་ཁང་1239དང་། སློབ་ཆུང་806 རིམ་ཁག་སློབ་འབྲིང་132 མཐོ་རིམ་སློབ་གསོའི་སློབ་གླིང་དང་སློབ་གྲྭ་7བཅས་བཙུགས་པ་དང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ནས་ཐོན་པའི་མི་གྲངས་1959ལོའི་མི་ཁྲི་1.8ནས་མི་ཁྲི་53ལྷག་ཙམ་བར་མང་དུ་ཕྱིན་ཡོད། ནང་སའི་སློབ་གཉེར་གྲུབ་འབྲས་མངོན་གསལ་དོད་ཅིང་། ད་ཆ་ཞིང་ཆེན་དང་གྲོང་ཁྱེར་21ཏུ་བོད་ལྗོངས་འཛིན་གྲྭ(སློབ་གྲྭ)བཙུགས་པ་དང་རིམ་རྩིས་བརྒྱབ་ན་དེ་དག་གིས་བོད་ལ་འབྲིང་རིམ་ཆེད་ལས་སློབ་གྲྭ་ཡན་གྱི་ཤེས་ལྡན་པ་ཁྲི་3.6ལྷག་ཙམ་གསོ་སྐྱོང་བྱས་ཡོད། 1985ལོར་རྒྱལ་ཁབ་ཀྱིས་ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ“འགན་ལེན་གསུམ”(ལྟོ་ཆས་འགན་ལེན་དང་། སྡོད་གནས་འགན་ལེན། གཞི་རྩའི་སློབ་ཡོན་འགན་ལེན་བཅས)གྱི་སྲིད་ཇུས་ལག་བསྟར་བྱེད་འགོ་བཙུགས་པ་མ་ཟད་ཚད་གཞི་དེ་མཐོ་རུ་ཐེངས་18བཏང་ནས། “འགན་ལེན་གསུམ”གྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་པ་དང་། འགན་ལེན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། 2012ལོ་ནས་བཟུང་། བོད་དུ་ལོ་15ཡི་འོས་འགན་སློབ་གསོའི་སློབ་ཡོན་མི་དགོས་པའི“འགན་ལེན་གསུམ”གྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། 2018ལོར་བོད་ཀྱི་སློབ་ཆུང་དུ་ན་མཉམ་བྱིས་པ་སློབ་གྲྭར་ཞུགས་ཚད་དང་། དམའ་རིམ་སློབ་འབྲིང་དང་། མཐོ་རིམ་སློབ་འབྲིང་། མཐོ་རིམ་སློབ་གསོ་བཅས་སུ་ན་འདྲེས་སློབ་མ་ཞུགས་ཚད་སོ་སོར་99.5%དང་། 99.5% 82.3% 39.2%བཅས་ཟིན་ནས་མི་རེས་ཆ་སྙོམས་སློབ་གསོ་དང་ལེན་བྱེད་པའི་ལོ་ཚད་ལོ་9.55ཟིན་ཡོད།

    —— སྨན་བཅོས་འཕྲོད་བསྟེན་བྱ་གཞག་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་པ།

    ལོ་60ཡི་འཕེལ་རྒྱས་བརྒྱུད་བོད་སྨན་བཅོས་འཕྲོད་བསྟེན་རྗེས་ལུས་ཡིན་པའི་རྣམ་པ་ལས་རྦད་དེ་ཐར་ནས་རྒྱལ་ཡོངས་དང་མཉམ་དུ་གོམ་སྟབས་གཅིག་མཚུངས་ངང་འཕེལ་རྒྱས་འགྲོ་བ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་དང་མི་རིགས་ཁག་གི་མི་དམངས་ཀྱི་བདེ་ཐང་གི་དབང་ཆར་འགན་ལེན་ནུས་ལྡན་བྱུང་ཡོད། སྨན་བཅོས་ཞབས་ཞུ་དང་། མ་བུ་འཕྲོད་སྦྱོར། བོད་ཀྱི་གསོ་བ་རིག་པ། ནད་ཡམས་སྔོན་འགོག་ཚོད་འཛིན་སོགས་ཀྱི་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་ཞིང་། དུས་རབས་20པའི་ལོ་རབས་70པའི་དུས་མཇུག་བར་སྔོན་ཆད་མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་ལྗོངས་ཡོངས་རང་བཞིན་གྱི་འགོས་ནད་གཞི་རྩའི་ཆ་ནས་ཚོད་འཛིན་ཐུབ་པ་དང་། རིགས་མི་འདྲ་བའི་འགོས་ནད་དང་ཡུལ་ནད་ཐོན་ཚད་དང་མི་ཤི་ཚད་ཇེ་ཉུང་དུ་སོང་ཡོད། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བའི་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ་རང་སྐྱོང་ལྗོངས་རིམ་པ་དང་། གྲོང་ཁྱེར(ས་ཁུལ)རིམ་པའི་སྨན་ཁང་དང་རྫོང་རིམ་པའི་སྨན་ཁང་71གཅིག་རྗེས་གཉིས་མཐུད་ངང་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱེད་འགོ་ཚུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་ཁུལ) རྫོང་། ཤང་བཅས་རིམ་པ་བཞིའི་སྨན་བཅོས་ཞབས་ཞུའི་མ་ལག་ཅིག་རགས་ཙམ་ཆགས་ཡོད། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ལ་ཆ་མཚོན་ན་བོད་ཀྱིས་སྔ་བར་ཕྱི་གསུམ་དུ་ཞིང་འབྲོག་པར་དམིགས་བསལ་གྱི་རིན་མེད་སྨན་བཅོས་སྲིད་ཇུས་ལག་ལེན་བསྟར་ཞིང་། རིན་མེད་སྨན་བཅོས་རྨང་གཞིར་བྱེད་པ་དང་། སྲིད་གཞུང་གིས་གཏོང་ཆ་གཏོང་རྒྱུ་གཙོ་ཁྲིད་དུ་བྱེད་པ། ཁྱིམ་ཚང་གི་རྩིས་ཐོ་དང་ནད་ཆེན་གཅིག་འདོམས་དང་སྨན་བཅོས་རོགས་སྐྱོབ་ཟུང་འབྲེལ་བཅས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཤིག་ཕྱོགས་ཡོངས་ནས་བཙུགས་ཡོད། ལྷག་པར་དུ་ཏང་ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་འོག་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་ཏེ་རྒྱལ་ཡོངས་ཀྱི་གྲགས་ཅན་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གཅིག་སྡུད་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། གྲོང་ཁྱེར(ས་ཁུལ)བདུན་གྱི་མི་དམངས་སྨན་ཁང་ལ་རོགས་སྐྱོར་བྱེད་པར་བསྐྱོད་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་མགྱོགས་མྱུར་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།

    བོད་ལུགས་གསོ་བ་རིག་པ་རྒྱུན་འཛིན་དང་འཕེལ་རྒྱས་ནུས་ལྡན་བྱུང་ཞིང་། གྲོང་ཁྱེར(ས་ཁུལ)དང་རྫོང་ཁག་གིས་སྔ་རྗེས་སུ་སྨན་རྩིས་ཁང་བཙུགས་པ་མ་ཟད་བོད་ཀྱི་གསོ་བ་རིག་པའི་སྨན་དཔྱད་ཚད་གཞི་ཟམ་མི་ཆད་པར་ཚད་ལྡན་དུ་བཏང་ཡོད། “ལོ་ལྔ་ཚན་བཅུ་གཉིས་པ”(2011—2015)ཡི་ཚུན་དུ། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་སྡེ་ཚན་གྱིས་ཀྲུང་གོའི་གྲངས་ཉུང་མི་རིགས་29ཡི་སྨན་གཞུང་དཔྱད་ཡིག་ཁག་150སྒྲིག་འཛུགས་བྱས་ནས་ལེགས་སྒྲིག་བྱས་པ་ལས། བོད་ཀྱིས་བོད་ལུགས་གསོ་བ་རིག་པའི་ཚད་ལྡན་ཡིག་ཆ་ཁག་20ལེགས་སྒྲིག་དང་འཕྲོད་སྦྱོར་ལག་རྩལ་ཁག་10འདེམས་སྒྲུག་གི་ལས་དོན་སྒྲུབ་འགན་ཁུར་ཡོད། 2018ལོར“བོད་ལུགས་གསོ་བ་རིག་པའི་ལུམས་བཅོས”མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་མིང་གཞུང་དུ་བཅུག་ཡོད། 2018ལོའི་ལོ་མཇུག་བར་བོད་ལ་གཞུང་བཙུགས་བོད་ལུགས་གསོ་བ་རིག་པའི་སྨན་བཅོས་སྒྲིག་གཞི་ཁྱོན་50དང་ཉལ་ཁྲི་2412ཙམ་ཡོད།

    མིག་སྔར་ལྷ་ས་གཙོ་བོར་བྱས་པ་དང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་ཀྲུང་ལུགས་གསོ་རིག་དང་། ཕྱི་ལུགས་གསོ་རིག བོད་ལུགས་གསོ་བ་རིག་པ་བཅས་ཕན་ཚུན་ཟུང་འབྲེལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཅིག་གཞི་རྩའི་ཆ་ནས་གྲུབ་པ་དང་། ལྗོངས་ཡོངས་ལ་རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1547དང་། ཉལ་ཁྲི་16787 སྨན་བཅོས་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣའི་བསྡོམས་འབོར་19035བཅས་ཟིན་པ་དེ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ལས་སོ་སོར་ལྡབ་24དང་། ལྡབ་35 ལྡབ་23བཅས་འཕར་ཡོད། ལྗོངས་ཡོངས་སུ་སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་བུད་མེད་ཤི་ཚད་བཅིངས་བཀྲོལ་བཏང་མ་ཐག་པའི་ཁྲི་10ཡི་ཆ་5000ཙམ་ནས་2017ལོའི་ཁྲི་10ཡི་ཆ་102བར་ཆག་པ་དང་ཕྲུ་གུ་དམར་འབྱར་ཤི་ཚད་430‰ནས་10.38‰བར་ཆག་ཡོད།

    —— སྤྱི་ཚོགས་འགན་ལེན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པ།

    བོད་རྙིང་པར་ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་སར་ཡང་ཆགས་ས་རྟེན་ས་མེད་པའི་སྤྲང་པོ་མང་པོ་ཡོད་། ཞི་བའི་བཅིངས་བཀྲོལ་བཏང་རྗེས་བོད་ལྗོངས་ལས་དོན་ཨུ་ལྷན་གྱིས་འཚོ་བར་དཀའ་ངལ་ཡོད་པའི་མི་སྣར་རྒུད་སྐྱོབ་འབྲུ་རིགས་སྤྲད་པ་དང་། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་ལ་སྤྱི་ཚོགས་འགན་བཅོལ་ལམ་ལུགས་རིམ་བཞིན་བཙུགས་ཡོད། མིག་སྔར་ལྗོངས་ཡོངས་སུ་རྒན་གསོ་དང་། སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་བཅས་འགན་བཅོལ་ལྔ་གཙོ་རྐང་དུ་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་ལེན་མ་ལག་ཅིག་ཕྱོགས་ཡོངས་ནས་བཙུགས་པ་དང་སྤྱི་ཚོགས་འགན་བཅོལ་ཁག་ལ་ཞུགས་མཁན་མི་ཐེངས་ཁྲི་370.7ཟིན་ཡོད། 2017ལོར་ལྗོངས་ཡོངས་སུ་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་མཁན་ཁྱོན་མི་375331ཟིན་པ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་ཐོབ་ཐང་ལོངས་སུ་སྤྱོད་མཁན་ཁྱོན་མི་ཐེངས་532326ཟིན་པ། ལས་རྨས་འགན་བཅོལ་གྱི་ཐོབ་ཆ་ལེན་མཁན་ཁྱོན་མི་842ཟིན་པ། བུ་བཙའ་འགན་བཅོལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་མཁན་ཁྱོན་མི་ཐེངས་14342ཟིན་པ། ལས་ཤོར་འགན་བཅོལ་གྱི་ཐོབ་ཆ་ལེན་མཁན་ཁྱོན་མི་30577ཟིན་ཡོད། སྤྱི་ཚོགས་འགན་བཅོལ་གྱི་སྲིད་ཇུས་ཁག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་ནས་ལྗོངས་ཡོངས་ཀྱི་ཁེ་ལས་ཀྱི་ལས་བཟོའི་རྒན་གསོའི་འགན་བཅོལ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་སྨན་བཅོས་འགན་བཅོལ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་སོགས་ཀྱི་ཐོབ་ཐང་ཆུ་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཞིང་། 2017ལོར་བོད་ཀྱི་རྫོང(ཆུས)74ཡི་ལོ་ཧྲིལ་པོ་60སླེབས་པའི་མི་ཚང་མར་གཞི་རྩའི་རྒན་གསོའི་དངུལ་ཡོད་པ་དང་གཞི་རྩའི་རྒན་གསོའི་འགན་བཅོལ་དངུལ་ལེན་མཁན་ཁྱོན་མི་གྲངས་283647ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ལོར་གཏོང་སྤྲོད་བྱེད་ཚད་མཐོ་ཤོས་སོ་སོར་སྒོར་ཁྲི་30དང་སྒོར་ཁྲི་20ཟིན་ཡོད། 2019ལོའི་ཟླ་1ཚེས་1ཉིན་ནས་བཟུང་། བོད་ཀྱིས་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་མི་རེར་ལོ་རེར་སྒོར་9600བར་མཐོ་རུ་བཏང་བ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཚད་གཞི་མི་རེར་ལོ་རེར་སྒོར་4450རྒྱུན་འཁྱོངས་བྱས་པ། འགན་ལེན་ལྔའི་བསྙེན་བཀུར་ཚད་གཞི་མི་རེར་ལོ་རེར་སྒོར་4940བར་མཐོ་རུ་བཏང་ཡོད།

    བདུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

    བོད་ལྗོངས་ས་གོ་ལའི་སྣེ་གསུམ་པའི་ལྟེ་བའི་ཁུལ་དུ་གནས་ཡོད། བོད་ཀྱི་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་ནི་གོ་ལ་ཧྲིལ་པོའི་སྣོད་བཅུད་དོ་སྙོམས་འགན་སྲུང་བྱེད་པའི་ངོས་ནས་བརྗོད་ན་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ལོ་མང་རིང་ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྔ་བར་ཕྱི་གསུམ་དུ་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་དོན་ཆེན་ཨང་དང་པོར་བརྩིས་ནས་འབྲེལ་ཡོད་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད།

    —— སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།

    བོད་རྙིང་པར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ཆུ་ཚད་ཧ་ཅང་དམའ་བས། སྤྱིར་ན་རང་བྱུང་གི་ཆ་རྐྱེན་དང་མི་བསྟུན་ཀ་མེད་ཡིན་པ་དང་རང་བྱུང་ཐོན་ཁུངས་ཕྱོགས་རྐྱང་པར་བརྟེན་པའི་གནས་སུ་ལུས་ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་ལྷག་དོན་དུ་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པའི་གནས་ཚུལ་འོག བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཁ་ཚ་དགོས་གཏུག་གི་རང་བཞིན་མངོན་གསལ་དོད་པར་བརྟེན། ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་ཡོད། 1975ལོར་བོད་རང་སྐྱོང་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། 1983ལོར་རང་སྐྱོང་ལྗོངས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁོར་ཡུག་སྲུང་སྐྱོང་ཐིང་དངོས་སུ་བཙུགས་ཡོད། དེ་རྗེས་རྩ་འཛུགས་ཀྱི་སྒྲིག་གཞི་དང་། དོ་དམ་སྒྲིག་སྲོལ། ཁྲིམས་སྲོལ་ལམ་ལུགས་བཅས་འཛུགས་སྐྱོང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པར་བརྟེན། བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་རིམ་གྱིས་འཕེལ་རྒྱས་བཟང་བའི་འཁོར་ལམ་དུ་སྐྱོད་འགོ་ཚུགས་ཡོད། མིག་སྔར་བོད་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྔ་རྗེས་སུ་བཏོན་པ་དང་། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག〉ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས》དང་། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས》 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆུ་སྲུང་འཛིན་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས》 《བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་དོ་དམ་བྱེད་ཐབས》 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས》བཅས་གཏན་འབེབས་བྱས་པ་དང་འབྲེལ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཕྱོགས་བསྡུས་རང་བཞིན་གྱི་མཛུབ་ཁྲིད་བསམ་འཆར་ཁག་དཔེར་ན། 《མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་རྒྱུའི་སྐོར་གྱི་བསམ་འཆར》དང་། 《རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཧུར་ཐག་བསྐྲུན་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་བསྟུད་མར་བཏོན་ནས་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྱོང་དང་། འདམ་ར་སྲུང་སྐྱོང་ཁུལ་འཛུགས་སྐྱོང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོང་། ཆུའི་ཐོན་ཁུངས་དོ་དམ་སྲུང་སྐྱོང་། ས་ཆུ་སྲུང་འཛིན། བྱེ་འགོག་བྱེ་བཅོས། སྐྱས་སྤོས(འབྲོག)རྩྭ་གསོ། ནགས་གསོ་རྨོ་བསྐྱུར། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་ཁྲིམས་སྲོལ་གྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། 2017ལོར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《ཤིང་འཛུགས་ནགས་བཟོའི་ལས་དོན་ཤུགས་ཆེན་སྤེལ་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》བཏོན་ཏེ་ནགས་བཟོ་སླ་བའི་ས་ཁུལ་དུ“ཆ་སྙོམས་མི་རེར་ལྗོན་ཤིང་རྐང་ལྔ་འདེབས་པ་དང་། དུད་ཚང་དང་གྲོང་ཚོ་ཚང་མར་ལྗོན་ཤིང་འདེབས་པའི”དམིགས་ཚད་གཞིར་བཟུང་དམངས་ཡོངས་ཀྱི་ཤིང་འཛུགས་བྱེད་སྒོར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

    —— སྣོད་བཅུད་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།

    1988ལོར་ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོང་ཁུལ་དང་པོ་བཙུགས་ཚུན་བོད་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ(རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་11)47བཙུགས་པ་དང་། སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་34.35%བཟུང་ཡོད། སྣོད་བཅུད་བྱེད་ནུས་སྲུང་སྐྱོང་ཁུལ(རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་1)22བཙུགས་པ་དང་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་བྱེད་ནུས་སྲུང་སྐྱོང་ཁུལ་དུ་བཅུག་ནས་སྤོ་སྒྱུར་གཏོང་སྤྲོད་བྱས་པའི་རྫོང་36ཟིན་ཡོད། རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་4དང་། རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་9 རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་22 དེ་བཞིན་རྒྱལ་ཁབ་རིམ་པའི་ས་གཤིས་སྤྱི་གླིང་3བཙུགས་ཡོད། རྒྱལ་ཁབ་ཀྱིས་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྣོད་བཅུད་སྲུང་སྐྱོང་གི་མ་གནས་དང་འཕེལ་རྒྱས་གོ་སྐབས་ཀྱི་མ་གནས་ཐད་སྣོད་བཅུད་ཁ་གསབ་ལག་བསྟར་བྱས་ཡོད། 2001ལོ་ནས་བཟུང་རིམ་རྩིས་བྱས་ན། ནགས་ཚལ་དང་། རྩྭ་ཐང་། འདམ་ར། གཙོ་གནད་སྣོད་བཅུད་བྱེད་ནུས་ཁུལ་སོགས་སྣོད་བཅུད་ཕན་འབྲས་ཀྱི་ཁ་གསབ་སྒོར་དུང་ཕྱུར་316སྤྲད་ཡོད།

    —— སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མཐུད་སླར་གསོ་བྱུང་བ།

    བོད་ཀྱིས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འདུ་འགོད་དང“གཙང་པོ་གཉིས་དང་ཆུ་བོ་བཞིའི”(ཡར་ཀླུང་གཙང་པོ་དང་། རྒྱལ་མོ་རྔུལ་ཆུ། ལྷ་ས་སྐྱིད་ཆུ། མྱང་ཆུ། ཡར་ལྷ་ཤམ་ཆུ། སེང་གེ་ཁ་འབབ་བཅས)རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་འདུ་འགོད་སྔ་རྗེས་སུ་ལག་བསྟར་བྱས་པས་སྣོད་བཅུད་སྲུང་སྐྱོང་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། མིག་སྔར། ལྗོངས་ཡོངས་སུ་ནགས་ཚལ་ཁྱབ་ཚད་12.14%ཟིན་ནས་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་1602.42(ནགས་ཁུལ་དང་། སྡོང་ཕྲན་ནགས་ཁུལ། ནགས་ཁུལ་གཞན་དག་བཅས་ཚུད་པ)ཟིན་པ་དང་ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་22.83ཟིན་ཡོད། ལྗོངས་ཡོངས་ཀྱི་རང་བྱུང་རྩྭ་ཐང་དུ་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་45.9%ཟིན་པ་དང་རང་བྱུང་རྩྭ་ཐང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི་8893.33ཟིན་པ་དང་། འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་652.9ཟིན་ཡོད། བོད་ལ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་སྲུང་སྐྱོང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་141དང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྐྱེ་དངོས་སྣ་ཁ་38 བོད་ཁོ་ནར་ཡོད་པའི་སྲོག་ཆགས་རིགས་196 རྩི་ཤིང་སྣ་ཁ་855 འདབ་ཆགས་ཀྱི་རིགས་22བཅས་ཡོད་པས་སྣོད་བཅུད་མ་ལག་གལ་ཆེན་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། ལྗོངས་ཡོངས་ཀྱི་གཙོད་ཀྱི་གྲངས་འབོར་དུས་རབས་20པའི་ལོ་རབས་90པར་ཁྲི་6ལྷག་ཙམ་ཡོད་པ་ནས་མིག་སྔའི་ཁྲི་20ལྷག་ཙམ་བར་མང་དུ་ཕྱིན་པ་དང་། རྐྱང་གི་གྲངས་འབོར་མགོ་གྲངས་ཁྲི་5ལྷག་ཙམ་ཡོད་པ་ནས་མགོ་གྲངས་ཁྲི་8ལྷག་ཙམ་བར་མང་དུ་ཕྱིན་པ། ཁྲུང་ཁྲུང་སྐེ་ནག་3000ལྷག་ཙམ་ནས་8000ཙམ་བར་མང་དུ་ཕྱིན་པ། འབྲོང་མགོ་གྲངས་7000ལྷག་ཙམ་ནས་10000ཙམ་བར་མང་དུ་ཕྱིན་ཡོད།

    —— སྡོད་མལ་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ།

    བོད་ཀྱིས་ཆུ་བོ་རྒྱུག་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་དང་། གྲོང་གསེབ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་མལ་ཁོར་ཡུག་ལེགས་བཅོས། བཟོ་ལས་གཏེར་ཁའི་སྦགས་བཙོག་སྔོན་འགོག་ཚོད་འཛིན་སོགས་ཁོར་ཡུག་སྲུང་སྐྱོང་གི་འདུ་འགོད་རབ་དང་རིམ་པ་རྒྱུན་མཐུད་ངང་ལག་བསྟར་བྱས་པ་དང་གཙང་པོ་དང་། ཆུ་བོ། མཚོ། ཆུ་མཛོད་བཅས་ཀྱི་ཆུ་ཁོངས་འབྲེལ་རྒྱུར་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་། ནག་ཆུ་གྲོང་ཁྱེར་ཆུའི་སྣོད་བཅུད་ཤེས་དཔལ་གྲོང་ཁྱེར་གྱི་ཚོད་ལྟའི་འཛུགས་སྐྱོང་ལས་དོན་ཧུར་ཐག་སྤེལ་བས་བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། བོད་ཀྱིས་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྒྱལ་ཡོངས་ཀྱི་སྔོན་དུ་གཙང་པོ་དང་ཆུ་བོའི་ཆུ་འགོའི་སྣོད་བཅུད་ནུས་པའི་སྲུང་སྐྱོང་ཁུལ་བསྐྲུན་པ་དང་། གནམ་མཚོ་དང་ཡར་འབྲོག་གཡུ་མཚོ་སོགས་གཙོ་གནད་མཚོ་མཚེའུ་རྒྱུག་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་དང་སྣོད་བཅུད་སླར་གསོའི་ལས་དོན་སྤེལ་ཡོད། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་འོག་བོད་ཀྱིས་མཛེས་སྡུག་ལྡན་པའི་སྡོད་མལ་འཚམ་པའི་གྲོང་ཁྱེར་དང་གྲོང་རྡལ་བསྐྲུན་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་དང་བཙོག་ཆུའི་རྨང་གཞིའི་སྒྲིག་བཀོད་སྔར་བས་བསྐྲུན་མགྱོགས་སུ་བཏང་ཡོད། 2018ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་སྦས་ས་106དང་འཚོ་བའི་གད་སྙིགས་བརྒྱུད་འདྲེན་སྒྲིག་བཀོད་89བསྐྲུན་པས་འཚོ་བའི་གད་སྙིགས་གཙང་སེལ་བྱེད་ཚད་ཉིན་རེར་ཏུན་2241.9དང་གད་སྙིགས་བརྒྱུད་འདྲེན་བྱེད་ནུས་ཉིན་རེར་ཏུན་471.3ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་16བསྐྲུན་པས་བཙོག་ཆུ་གཙང་གསིང་བྱེད་ཚད་ཉིན་རེར་ཏུན་ཁྲི་37.4ཟིན་ཡོད། བཙོག་ཆུའི་མདོང་ལམ་དྲ་བའི་རིང་ཚད་སྤྱི་ལེ་903.42ཟིན་པ་དང་། རྫོང་གྲོང་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་གཅིག་སྡུད་གཙང་སེལ་བྱེད་ཚད་91.38%ཟིན་ཡོད། རྫོང་གྲོང་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་གཙང་གསིང་བྱེད་ཚད་61.17%ཟིན་ཡོད། གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་སྤེལ་ནས་གྲོང་ཁྱེར་དང་གྲོང་གསེབ་དང་སྡེ་ཁུལ་གྱི་སྔོ་འགྱུར་མཛེས་བཟོར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་གད་སྙིགས་རིགས་དབྱེ་གཙང་སེལ་དང་། འཛེར་སྒྲའི་སྦགས་བཙོག་ཐག་གཅོད། བཙོག་ཆུ་བཤངས་འབུད། སོག་མ་སྲེག་པ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད། 2010ལོ་ནས་བཟུང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་60.35བཏང་ནས་གྲོང་ཚོ་6223གྱི་སྡོད་མལ་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་སྤེལ་བར་བརྟེན་ཁོར་ཡུག་གི་སྤུས་ཚད་ལེགས་སུ་ཕྱིན་ཡོད། མིག་སྔར། བོད་ཀྱི་གཙང་པོ་དང་། ཆུ་བོ། མཚོ་བཅས་གཙོ་བོ་རྩ་བའི་ཆར་གདོད་མའི་རྣམ་པར་གནས་པ་དང་། གཙང་པོ་དང་། ཆུ་བོ། མཚོ་བཅས་ཀྱི་ཆུའི་ནུས་པའི་ཁུལ་གལ་ཆེན་གྱི་ཆུའི་སྤུས་ཚད་ལོན་ཚད་95.7%ཟིན་ཡོད། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་ཚད་97.5%ཟིན་པ་དང་ཇོ་མོ་གླང་མའི་ས་ཁོངས་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་མུ་མཐུད་ལེགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་རིམ་པ་དང་པོའི་ཚད་གཞིར་སླེབས་ཡོད།

    བརྒྱད། ཆོས་དད་རང་མོས་འགན་ལེན་བྱུང་བ།

    རང་རྒྱལ་གྱི་རྩ་ཁྲིམས་ནང་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། མི་སྒེར་བཅས་གང་རུང་གིས་བཙན་ཤེད་ངང་སྤྱི་དམངས་ལ་ཆོས་ལ་དད་པ་བྱེད་དུ་འཇུག་པའམ་ཡང་ན་ཆོས་ལ་དད་པ་བྱེད་དུ་མི་འཇུག་པ་དང་ཆོས་ལ་དད་པ་བྱེད་མཁན་གྱི་སྤྱི་དམངས་དང་ཆོས་ལ་དད་པ་མི་བྱེད་མཁན་གྱི་སྤྱི་དམངས་ལ་མཐོང་ཆུང་བྱེད་མི་ཆོག་པའི་གཏན་འབེབས་བྱས་ཡོད། བོད་དུ་བོད་བརྒྱུད་ནང་བསྟན་དང་། བོན་ཆོས། དབྱི་སི་ལམ་ཆོས་ལུགས། གནམ་བདག་ཆོས་ལུགས་སོགས་ཆོས་ལུགས་སྣ་ཚོགས་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་ཁྲོད་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས་སོགས་གྲུབ་མཐའ་མི་འདྲ་བ་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད་བོད་ཀྱིས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མེད་པར་བཟོས་ནས་ཆོས་སྲིད་ལོགས་སུ་དབྱེ་སྟེ་ཆོས་ལུགས་ཀྱི་ཐོག་མའི་ངོ་བོ་སླར་གསོ་བྱས་ཡོད། མི་རིགས་ཁག་གི་ཆོས་དད་རང་མོས་ཀྱི་དབང་ཆར་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་ཡོད། ཆོས་ལུགས་སྣ་ཚོགས་དང་གྲུབ་མཐའ་ཁག་ཚང་མར་འདྲ་མཉམ་གྱི་བརྩི་བཀུར་དང་སྲུང་སྐྱོང་ཐུབ་ནས་ཆོས་ལུགས་འཆམ་མཐུན་དངོས་འབྲེལ་བྱུང་ཡོད།

    —— ཆོས་ལུགས་ཀྱི་བྱེད་སྒོ་རྒྱུན་གཏན་བཞིན་སྤེལ་བ།

    མིག་སྔར་བོད་དུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་1787ཡོད་པ་དང་དགོན་སྡོད་གྲྭ་བཙུན་ཁྲི་4.6ཙམ་དང་སྤྲུལ་སྐུ་358ཡོད། དབྱི་སི་ལམ་གྱི་ཕྱག་ཁང་4ཡོད་པ་དང་། དབྱི་སི་ལམ་གྱི་ཆོས་དད་མང་ཚོགས་12000ཙམ་ཡོད། གནམ་བདག་ཆོས་ཁང་1ཡོད་པ་དང་དད་ལྡན་པ་700ལྷག་ཙམ་ཡོད། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་ཚང་མས་རང་ཉིད་ཀྱི་ཆོས་ལུགས་ཀྱི་སྲོལ་རྒྱུན་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་གྱི་ཡོད། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེར་དཔེ་ཆ་སྦྱོང་བ་དང་། རྟགས་གསལ་གཏོང་བ། མཚན་གནས་སྤོར་བ། སྡོམ་པ་སྲུང་བ། དབང་བསྐུར་བ། ཆོས་འདོན་པ། ཐོས་བསམ་སྒོམ་གསུམ་སོགས་སྲོལ་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་རྒྱུན་གཏན་བཞིན་སྤེལ་གྱི་ཡོད་པ་དང་ལོ་ལྟར་ཆོས་ལུགས་ཀྱི་དུས་ཆེན་གལ་ཆེན་ཁག་སྤེལ་གྱི་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་པཎ་ཆེན་ཨེར་ཏེ་ནི·ཆོས་ཀྱི་རྒྱལ་པོ་གསེར་ཁྲིར་མངའ་གསོལ་བྱས་ནས་ལོ་20འཁོར་བའི་རྟེན་འབྲེལ་མཛད་སྒོ་དང་དུས་འཁོར་དབང་ཆེན་སོགས་ཆོས་ལུགས་བྱེད་སྒོ་ཆེ་གྲས་གྲུབ་འབྲས་ཐོབ་པའི་སྒོ་ནས་སྤེལ་ཡོད། དད་ལྡན་མང་ཚོགས་ཀྱི་ཁྱིམ་དུ་ཆོས་ཁང་དང་མཆོད་གཤོམ་ཡོད་པ་དང་། སྐོར་བར་འགྲོ་བ་དང་གནས་མཇལ། དགོན་པའི་གྲྭ་བཙུན་གདན་དྲངས་ནས་ཆོས་ཀློག་པ་སོགས་ཀྱི་ཆོས་ལུགས་བྱེད་སྒོ་རྒྱུན་གཏན་བཞིན་སྤེལ་གྱི་ཡོད། བོད་ཡིག་གི་བཀའ་བསྟན་འགྱུར་ཞུས་དག་དཔེ་སྐྲུན་བྱས་ནས《བཀའ་འགྱུར》དགོན་སྡེ་ཁག་ལ་སྤྲད་དེ་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་སློབ་གཉེར་གྱི་དགོས་མཁོ་བསྐངས་ཡོད།

    —— སྤྲུལ་སྐུའི་ཡང་སྲིད་གོ་རིམ་ལྡན་པའི་ངང་རྒྱུན་འཛིན་བྱས་པ།

    བོད་བརྒྱུད་ནང་བསྟན་ཁོ་ནར་ལྡན་པའི་དད་མོས་དང་རྒྱུན་འཛིན་བྱ་ཐབས་ཤིག་ཡིན་པའི་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་ལ་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྲིད་གཞུང་གི་བརྩི་བཀུར་ཐོབ་ཡོད། 2007ལོར་རྒྱལ་ཁབ་ཀྱིས《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》ཁྱབ་བསྒྲགས་བྱས་ནས་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་སྔར་བས་ཚད་ལྡན་དུ་བཏང་ཡོད། 1992ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆོས་ལུགས་ལས་དོན་ཅུས་ཀྱིས་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པའི་ཡང་སྲིད་ངོས་འཛིན་ལ་ཆོག་མཆན་གནང་ཡོད། 1995ལོར་ཀྲུང་གོས་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་ནན་པོ་གཞིགས་ཏེ་གསེར་བུམ་དཀྲུག་པ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་རྒྱུར་ཕུལ་ནས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་བཙལ་འཚོལ་དང་ངོས་འཛིན་དང་དེ་བཞིན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་འཇའ་ས་གནང་བ་དང་གསེར་ཁྲིར་མངའ་གསོལ་གནང་ཡོད།2000ལོར་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་གཞིར་བཟུང་རྭ་སྒྲེང་སྤྲུལ་སྐུ་སྐུ་ཕྲེང་བདུན་པ་གསེར་ཁྲིར་མངའ་གསོལ་གནང་ཡོད། 2010ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་རྒྱུར་ཕུལ་བ་དང་གསེར་བུམ་དཀྲུགས་ནས་ངོས་འཛིན་ཞུས་པ་བརྒྱུད་སྡེ་དྲུག་སྐུ་ཕྲེང་དྲུག་པའི་སྤྲུལ་སྐུ་ངོས་འཛིན་དང་གསེར་ཁྲིར་མངའ་གསོལ་གནང་ཡོད། 2018ལོའི་བར་སྤྲུལ་སྐུའི་ཡང་སྲིད་གསར་པ་91ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་གཞིར་བཟུང་ཆོག་མཆན་གནང་ནས་ངོས་འཛིན་ཞུས་ཡོད།

    —— ཆོས་ལུགས་མི་སྣ་གསོ་སྐྱོང་བྱེད་སྟངས་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་བ།

    བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པས་དཔེ་ཆ་སྦྱོང་བའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། བོད་རང་སྐྱོང་ལྗོངས་ཀྱིས《བོད་བརྒྱུད་ནང་བསྟན་སློབ་གླིང་ཡན་ལག་སློབ་གླིང་ཡག་པོ་གཉེར་རྒྱུའི་བསམ་འཆར》དང《བོད་བརྒྱུད་ནང་བསྟན་སློབ་གླིང་གི་མཚན་གནས་སྤྲོད་པའི་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཏོན་ནས་པེ་ཅིང་དང་ལྷ་སར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་བོད་ལྗོངས་ནང་བསྟན་སློབ་གླིང་བཙུགས་པ་དང་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཆོས་ལུགས་མི་སྣའི་གསོ་སྐྱོང་རྟེན་གཞིར་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལས་དོན་མི་སྣ་བསྡུས་ནས་གསོ་སྐྱོང་བྱས་ཡོད། 2011ལོའི་ཟླ་11པར་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་ཙམ་བཏང་ནས་བསྐྲུན་པའི་བོད་རང་སྐྱོང་ལྗོངས་ནང་བསྟན་སློབ་གླིང་དངོས་སུ་སློབ་འགོ་ཚུགས་ཡོད། 2005ལོ་ནས་བཟུང་ལོ་ལྟར་པེ་ཅིང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་བོད་བརྒྱུད་ནང་བསྟན་གྱི“མཐོ་རམས་པའི”མཚན་གནས་སྤྲོད་པའི་ཡིག་རྒྱུགས་དང་མཚན་གནས་དམ་འཇོག་མཛད་སྒོ་གཉེར་བ་དང་། གཙུག་ལག་ཁང་དང་ལྷ་སའི་གདན་ས་ཆེན་པོ་གསུམ་ལ་དགེ་བཤེས“ལྷ་རམས་པའི”མཚན་གནས་སྤྲོད་པའི་རྒྱུགས་གཏོང་གི་ཡོད། 2018ལོ་བར་བོད་རང་སྐྱོང་ལྗོངས་སུ་དཔེ་སྦྱོང་དགེ་འདུན་པ་117ལ་དགེ་བཤེས“ལྷ་རམས་པའི”མཚན་གནས་རག་པ་དང་དགེ་འདུན་པ་68ལ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི“མཐོ་རམས་པའི”མཚན་གནས་རག་ཡོད།

    —— དགོན་སྡེ་དང་དགེ་འདུན་པའི་དབང་ཆར་འགན་སྲུང་ཐུབ་པ།

    དགོན་སྡེ་ཉམས་གསོ་དང་སྲུང་སྐྱོང་ཐུབ་ཡོད། དུས་རབས་20པའི་ལོ་རབས་80པ་ནས་བཟུང་ཀྲུང་དབྱང་སྲིད་གཞུང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་14ལྷག་ཙམ་བཏང་ནས་བོད་ཀྱི་རིག་དངོས་དང་གཙོ་གནད་དགོན་སྡེར་གཞི་ཁྱོན་ཆེ་བའི་ཉམས་གསོ་བྱས་ཡོད། དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ལོ་ལྟར་མ་དངུལ་ངེས་ཅན་ཞིག་རིག་དངོས་སྲུང་སྐྱོང་ཚན་པ་མིན་པའི་དགོན་སྡེ་འབྲིང་ཆུང་གི་ཉམས་གསོ་དང་སྲུང་སྐྱོང་ཐད་གཙོ་གནད་ཐོག་བཏང་ཡོད། བོད་ཀྱི་དགོན་སྡེའི་སྲོལ་རྒྱུན་གྱི་པར་ཁང་སོར་འཇོག་དང་འཕེལ་རྒྱས་ཕྱིན་ཡོད། ད་ཆ་ཕོ་བྲང་པོ་ཏ་ལའི་པར་ཁང་སོགས་སྲོལ་རྒྱུན་གྱི་པར་ཁང་60ཡོད་པ་དང་ལོར་དཔེ་ཆ་པོ་ཏི་ཁྲི་6.3པར་རྒྱག་གི་ཡོད། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ལྗོངས་ཡོངས་ཀྱི་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་ཚང་མ་སྤྱི་ཚོགས་འགན་བཅོལ་མ་ལག་ནང་བཅུག་ནས་སྨན་བཅོས་འགན་བཅོལ་དང་། རྒན་གསོ་འགན་བཅོལ། མ་མཐའི་འཚོ་བའི་འགན་ལེན། མི་ལུས་ལ་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་གྱི་ཚོགས་པའི་འགན་བཅོལ་བཅས་ཕྱོགས་ཡོངས་ལ་ཁྱབ་པ་དང་། ལོ་ལྟར་སྨན་རིན་མི་དགོས་པར་གྲྭ་བཙུན་གྱི་གཟུགས་པོར་བརྟག་དཔྱད་ཐེངས་གཅིག་བྱེད་པ་དང་བདེ་ཐང་གི་ཡིག་ཚགས་བཟོས་པ་མ་ཟད། ལྗོངས་ཡོངས་ཀྱི་དགོན་སྡེའི་གྲྭ་ཤག་ཉམས་གསོ་བྱ་རྒྱུ་དེ་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་གྱི་འཆར་འགོད་ནང་བཅུག་ཡོད།

    —— ཆོས་ལུགས་ལས་དོན་དོ་དམ་ལ་གཞི་འཛིན་སའི་ཁྲིམས་ཡོད་པ།

    རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ནས་ཆོས་དད་རང་མོས་ལ་ཁྲིམས་ལྟར་སྲུང་སྐྱོང་དང་། རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་འགན་ལེན། ཆོས་ལུགས་ཚོགས་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བཅས་བྱས་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་ནང་བསྟན་དགོན་སྡེའི་དམངས་གཙོའི་དོ་དམ་སྒྲིག་སྲོལ(ཚོད་ལྟའི་ལག་བསྟར)》དང་། 《བོད་རང་སྐྱོང་ལྗོངས་ཀྱི〈ཆོས་ལུགས་ལས་དོན་སྲོལ་ཡིག〉ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)》《བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་བྱེད་སྒོ་ཆེ་གྲས་ཀྱི་དོ་དམ་བྱ་ཐབས》《བོད་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས་ཀྱི་ལག་བསྟར་ཞིབ་སྲོལ》སོགས་སྲིད་ཇུས་དང་བྱ་ཐབས་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་རབ་དང་རིམ་པ་བཟོས་ཏེ་ཆོས་ལུགས་ལས་དོན་ལ་ཁྲིམས་དང་སྒྲིག་སྲོལ་བཞིན་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། 2017ལོར་རྒྱལ་ཁབ་ཀྱིས《ཆོས་ལུགས་ལས་དོན་སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་ནས་ཁྱབ་བསྒྲགས་བྱས་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་སློབ་གསོ་གསོ་སྦྱོང་དོ་དམ་དང་། བོད་བརྒྱུད་ནང་བསྟན་གྱི་མཚོན་བྱེད་མི་སྣའི་སློབ་གསོ་གསོ་སྐྱོང་དོ་དམ། ཆོས་ལུགས་བྱེད་སྒོའི་དོ་དམ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་དང་ཉམས་གསོའི་ཞིབ་མཆན་འགོད་པའི་དོ་དམ་ཚད་ལྡན་ཡོང་བ། བོད་བརྒྱུད་ནང་བསྟན་སློབ་གླིང་ཡན་ལག་སློབ་གླིང་གི་དོ་དམ་སོགས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཚད་ལྡན་ཡིག་ཆ་མང་པོ་ཞིག་ཁྲིམས་ལྟར་བཏོན་ནས་བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་གྱི་རྩེ་རིམ་ཇུས་འགོད་དེ་བས་འཐུས་ཚང་དང་ལམ་ལུགས་མ་ལག་དེ་བས་འཐུས་སྒོ་ཚང་དུ་བཏང་ཡོད།

    དགུ མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ།

    ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་རེད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མཉམ་དུ་བོད་ལྗོངས་ས་མཐོ་གསར་སྤེལ་དང་ཐུན་མོང་ཐོག་བོད་ཀྱི་ལོ་རྒྱུས་བཏོད་ཡོད། འདི་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ལོ་རྒྱུས་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རྒྱལ་བབ་དང་འཚམ་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལམ་བུར་བསྐྱོད་པ་དང་། མི་རིགས་འདྲ་མཉམ་དང་། མི་རིགས་མཐུན་སྒྲིལ། མི་རིགས་ས་ཁོངས་རང་སྐྱོང་། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་བཅས་གཞི་རྩའི་ནང་དོན་དུ་བྱས་པའི་མི་རིགས་སྲིད་ཇུས་གཏན་འཁེལ་བྱས་པ་དང་འབྲེལ་ལག་བསྟར་ཡང་བྱས་ཡོད།

    ལོ་60ཡི་རིང་བོད་ཀྱིས་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། མི་རིགས་ཁག་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གསར་པ་ཞིག་བཙུགས་ཡོད། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཀྱི་ཚོད་བགམ་ལས་རྣམ་པར་རྒྱལ་ཡོད།

    ལོ་60ཡི་རིང་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བོད་ཀྱི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བོད་ཀྱི་འཕེལ་རྒྱས་ལ་སེམས་ནུས་ཆེན་པོ་བཏོན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 1959ལོ་ནས་1965ལོ་བར་རྒྱལ་ཡོངས་ཀྱི་དཔལ་འབྱོར་དུས་བབ་ཧ་ཅང་དཀའ་ཚེགས་ཆེ་བའི་གནས་ཚུལ་འོག་ཀྲུང་དབྱང་གིས་བོད་ཀྱི་ས་གནས་ནོར་སྲིད་ལ་ཁ་གསབ་བྱེད་ཚད་མུ་མཐུད་མང་དུ་བཏང་ནས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་5.9ཟིན་ཡོད། 1963ལོ་དང་1964ལོར་རྒྱལ་ཁབ་ཀྱིས་སྒོར་ཁྲི་140བཏང་ནས་ཞིང་འབྲོག་པ་དབུལ་པོའི་ཐོན་སྐྱེད་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུའི་ཐད་སྤྱད་པར་བརྟེན་འབྲོག་དུད་3000ལྷག་ཙམ་ལ་རང་ཉིད་ལ་དབང་བའི་ནོར་ལུག་བྱུང་ཡོད། རྒྱལ་ཁབ་ཀྱིས་ད་དུང་ཆེད་དངུལ་བཏང་ནས་གཙོ་གནད་རྣམ་གྲངས་ཁག་གཅིག་བསྐྲུན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 1959ལོ་ནས1964ལོ་བར་རྒྱལ་ཁབ་ཀྱིས་སྐྱེད་མེད་དང་སྐྱེད་ཀ་དམའ་བའི་ཞིང་འབྲོག་ལས་ཀྱི་དངུལ་བུན་ཁྱོན་སྒོར་ཁྲི་847བཏང་བའི་ནང་ས་བོན་དང་བཟའ་འབྲུ་སྤྱི་རྒྱ་ཁྲི་2000ལྷག་ཙམ་དང་། རྨོན་མཛོ་མགོ་གྲངས་18000ལྷག་ཙམ། ལུག་མགོ་གྲངས་13000ལྷག་ཙམ། ཕྱུགས་རིགས་གཞན་དག་མགོ་གྲངས་3500ལྷག་ཙམ། ཞིང་ལས་ཡོ་བྱད་ཁྲི་10ལྷག་ཙམ། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ཡོ་བྱད་བཟོ་བའི་ངར་ལྕགས་རྒྱུ་ཆ་ཏུན་95བཅས་ཚུད་ཡོད།

    བོད་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་། སྒྱུར་བཅོས། འཕེལ་རྒྱས་བཅས་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ཁག་ཏུ་ཀྲུང་དབྱང་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གིས་བོད་ལ་རོགས་སྐྱོར་བྱ་རྒྱུའི་སྐུལ་སློང་དང་སྒྲིག་འཛུགས་རྒྱ་ཁྱབ་བྱས་པས་ཕན་ཚུན་རོགས་རེས་དང་ཐུན་མོང་དར་རྒྱས་གོང་འཕེལ་བྱུང་ཡོད། དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུ་པར་ཤིན་ཅང་གི་འབྲུ་རིགས་དང་། ཕུའུ་ཅན་གྱི་ཇ་ལོ། སི་ཁྲོན་གྱི་རྒྱུད་བཟང་ཕ་ཕྱུགས། ཧྲང་ཧའེ་ཡི་ཀམ་པ་ལི་སོགས་ཚུད་པའི་རྒྱལ་ཡོངས་ས་གནས་ཁག་གི་ཐོན་སྐྱེད་དང་འཚོ་བའི་རྒྱུ་ཆ་སྣ་ཚོགས་ཀྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ནུས་ལྡན་ངང་བསྐངས་ཡོད། མི་རིགས་ཁག་དབར་བརྩེ་དུང་ཟབ་ལ་སྐྱིད་སྡུག་མཉམ་མྱོང་བྱེད་ཀྱི་ཡོད། 1966ལོར་ཧོ་པེའི་ཞིང་ཐའེ་རུ་ས་ཡོམ་བརྒྱབ་རྗེས་བོད་ཀྱི་འབྲོག་པ་60ལྷག་ཙམ་ལས་གྲུབ་པའི་རྟ་སྐྱེལ་རུ་ཁག་གིས་ཉིན་26རིང་ལམ་ཚད་སྤྱི་ལེ་5500ལྷག་ཙམ་བསྐྱོད་དེ་མཐར་རྟ་240ལྷག་ཙམ་ཞིང་ཐའེ་རུ་བསྐྱལ་བ་རེད། ལོ་30ལྷག་ཙམ་སོང་རྗེས་མི་28ལས་གྲུབ་པའི་འཐུས་མི་ཚོགས་པ་ཞིག་གིས་ཞིང་ཐའེ་རྟགས་ཅན་གྱི་འདྲུད་འཐེན་འཕྲུལ་འཁོར་60ལྷ་སར་བསྐྱལ་ནས་དེ་སྔ་བོད་རིགས་སྤུན་ཟླས་རྟ་བསྐྱལ་བའི་དྲིན་ལན་འཇལ་ཡོད། 1985ལོ་དང་། 1990ལོ། 1997ལོ་བཅས་སུ་བོད་ལྗོངས་ནག་ཆུར་གངས་སྐྱོན་ཆེན་པོ་ཕོག་སྐབས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་རོགས་སྐྱོར་བྱས་ཏེ་དུས་ཐོག་ཏུ་འབྲུ་རིགས་དང་སྲིང་བལ་གྱི་གྱོན་གོས་དང་མལ་ཆས་སོགས་བསྐྱལ་ཡོད། 2008ལོར་སི་ཁྲོན་དབུན་ཁྲོན་དུ་སྔར་བྱུང་མྱོང་མེད་པའི་ས་ཡོམ་ཆེན་པོ་བརྒྱབ་རྗེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་ནས་གེགས་ཁུལ་ལ་གཅེས་སེམས་མཚོན་པར་བྱས་ཡོད། ཕན་ཚུན་རོགས་སྐྱོར་བྱེད་པའི་མི་སེམས་འགུལ་བའི་བྱས་རྗེས་དེ་རིགས་གྲངས་ལས་འདས་པ་ཞིག་ཡོད།

    སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་རོགས་སྐྱོར་དང་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་1980ལོ་དང་། 1984ལོ། 1994ལོ། 2001ལོ། 2010ལོ། 2015ལོ་བཅས་ལ་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་འཚོགས་ནས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད། བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་འཚོགས་རྗེས་བོད་ལ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དང་དབུལ་བཅོས་ཕྱུག་འགྱུར་གྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་ཡོད། བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་འཚོགས་རྗེས“གཙོ་བོ་གཉིས”(ཁྱིམ་ཚང་གཉེར་སྐྱོང་གཙོ་བོ་དང་ཁྲོམ་རའི་སྙོམས་སྒྲིག་གཙོ་བོ)དང“ཡུན་རིང་མི་འགྱུར་བ་གཉིས”(འབྲོག་ཁུལ་དུ“ཕྱུགས་ཟོག་དུད་ཚང་ལ་དབང་བ་དང་། སྒེར་བདག་སྒེར་གསོ། རང་བདག་གཉེར་སྐྱོང་། ཡུན་རིང་མི་འགྱུར་བ”དང་ཞིང་ཁུལ་དུ“ས་ཞིང་སྤྱོད་དབང་དུད་ཚང་ལ་དབང་བ་དང་། རང་བདག་གཉེར་སྐྱོང་། ཡུན་རིང་མི་འགྱུར་བ”)ཀྱི་སྲིད་ཇུས་ལག་བསྟར་བྱས་ཡོད། བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་རྗེས་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་ལ་ཕབ་པ་དེ་དག་ནོར་སྲིད་ཁྲལ་བསྡུ་དང་། མ་འཇོག་དང་མ་རྩ་བསྡུ་སྒྲིལ། དངུལ་རྩ། རིན་གོང་ཁ་གསབ། ཕྱི་ཕྱོགས་ཚོང་དོན། སྤྱི་ཚོགས་འགན་སྲུང་། ཞིང་ལས་དང་གྲོང་གསེབ། ཁེ་ལས་སྒྱུར་བཅོས་སོགས་ཕྱོགས་ཁག་མང་པོ་དང་འབྲེལ་བ་ཡོད། 2005ལོར་བོད་རང་སྐྱོང་ལྗོངས་ཀྱིས“རྩྭ་ར་སྤྱི་ལ་དབང་བ་དང་། དུད་ཚང་ལ་འགན་གཙང་སྤྲོད་པ། རང་བདག་གཉེར་སྐྱོང་། ཡུན་རིང་མི་འགྱུར་བའི”“ཡུན་རིང་མི་འགྱུར་བའི”སྲིད་ཇུས་ཐེངས་གསུམ་པ་ལག་བསྟར་བྱས་ཡོད།

    དུས་རབས་གསར་པར་སླེབས་རྗེས་ཀྲུང་དབྱང་གིས་འཕེལ་རྒྱས་དུས་བབ་ཀྱི་འགྱུར་ལྡོག་དང་བོད་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ཏེ་གཟིགས་སྐྱོང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད། 2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《བོད་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་གཟིགས་སྐྱོང་སྲིད་ཇུས་འགའ་ཞིག་སྐོར་གྱི་བརྡ་ཐོ》བཀྲམ་པ་དེར་གཟིགས་སྐྱོང་སྲིད་ཇུས་ཁག་40ཡོད། 2016ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་རྒྱབ་སྐྱོར་བྱ་རྒྱུའི་སྲིད་ཇུས་དང་རྣམ་གྲངས་གལ་ཆེན་འགའ་ཞིག་སྐོར་གྱི་བསམ་འཆར》བཏོན་པས་གཟིགས་སྐྱོང་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། ཀྲུང་དབྱང་གིས་བོད་ཀྱི་ནོར་སྲིད་ལ་རྒྱབ་སྐྱོར་བྱེད་པར་མཚོན་ན། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 1980ལོ་ནས་2018ལོ་བར་ཀྲུང་དབྱང་གིས་བོད་ཀྱི་ནོར་སྲིད་ལ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་12377.3ཁ་གསབ་བྱས་པ་དེས་བོད་ཀྱི་ས་གནས་ནོར་སྲིད་ཀྱི་གཏོང་སྒོའི་བསྡོམས་འབོར་གྱི་91%བཟུང་ཡོད།

    ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་ཁེ་ལས་ཆེ་འབྲིང་ཁག་གིས་དུས་རབས་20པའི་ལོ་རབས་60པ་ནས་བཟུང་རོགས་སྐྱོར་བྱེད་འགོ་ཚུགས་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་དར་རྒྱས་ཆེ་བའི་ཞིང་ཆེན(གྲོང་ཁྱེར)གྱིས་བོད་ལ་ཟམ་མི་ཆད་པར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། 1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག“རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པའི”མཛད་ཕྱོགས་དང“ཡུག་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས”བཅས་ཀྱི་བོད་སྐྱོར་བྱེད་ཐབས་གཏན་འཁེལ་བྱས་ཏེ་བོད་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད། ད་བར་རོགས་སྐྱོར་བྱེད་མཁན་ཞིང་ཆེན་ཁག་གིས་ལས་བྱེད་པ་དང་ཆེད་ལས་ལག་རྩལ་པ་ཁྱོན་ཁྲི་1.8ལྷག་ཙམ་སྒྲིག་འཛུགས་བྱས་ནས་བོད་སྐྱོར་ལས་དོན་སྤེལ་ཡོད། 2015ལོ་ཚུན་དུ། རྒྱལ་ཡོངས་ཀྱི་སློབ་གསོ་དང་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་བོད་ཀྱི་སྤྱི་ཚོགས་བྱ་གཞག་ཁག་འཕེལ་རྒྱས་ལ་ནུས་པ་གལ་ཆེན་བཏོན་ཡོད། ཁ་གཏད་རོགས་སྐྱོར་ཚན་པས་རིམ་རྩིས་བྱས་ན་བོད་སྐྱོར་རྣམ་གྲངས་ཁྲི་གཅིག་ལྷག་ཙམ་ལག་བསྟར་བྱས་པ་དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་400ལྷག་ཙམ་དོན་འཁྱོལ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད།

    སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་ཕྱིན་པ་དང་སྦྲགས། བོད་ཀྱི་མི་དམངས་དང་རྒྱལ་ཡོངས་མི་དམངས་དབར་གྱི་དཔལ་འབྱོར་དང་རིག་གནས་ཀྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ་དང་། བར་མཐོངས་ཁྱབ་ཚུལ་ཐད་ཕན་ཚུན་འབྲེལ་བ་ཟབ་པ་དང་བརྩེ་སེམས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཡོད། ཤེས་ལྡན་པ་སྔར་ལས་མང་བ་རྒྱལ་ཡོངས་ས་ཕྱོགས་ཁག་ནས་བོད་དུ་ཡོང་སྟེ་སྔོན་ཐོན་གྱི་འདུ་ཤེས་དང་ལག་རྩལ་ཁྱབ་གདལ་བཏང་བས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཁས་ལེན་དང་དགའ་བསུ་ཐོབ་ཡོད། བོད་རིགས་དེ་བས་མང་པོ་ཞིག་སི་ཁྲོན་དང་། མཚོ་སྔོན། ཀན་སུའུ། པེ་ཅིང་། ཀོང་ཀྲོའུ། ཧྲང་ཧའེ་སོགས་སུ་ཚོང་གཉེར་དང་ཁེ་ལས་གཉེར་བར་བསྐྱོད་ཡོད།

    མི་རིགས་མི་འདྲ་བའི་དབར་རང་མོས་འགྲོ་འོང་དང་ཕན་ཚུན་གཉེན་སྒྲིག་བྱེད་པ་རྒྱུན་གཏན་དུ་གྱུར་པ་དང་། དེང་གི་བོད་ལྗོངས་སུ་མི་རིགས་མི་འདྲ་བ་ལས་གྲུབ་པའི་བདེ་སྐྱིད་ཀྱི་ཁྱིམ་ཚང་གང་སར་མཐོང་རྒྱུ་ཡོད། ལྷ་སའི་བར་སྐོར་ཁྲོམ་གཞུང་གི་ཉེ་འགྲམ་དུ་སྒོ་ར་ཆེན་པོ་ཞིག་ཡོད་པའི་ནང་རྒྱ་རིགས་དང་། བོད་རིགས། ཧུད་རིགས་སོགས་མི་རིགས་མི་འདྲ་བའི་དུད་ཚང་20ལྷག་ཙམ་མཉམ་དུ་སྡོད་ཀྱི་ཡོད་པ་ཁོང་ཚོ་ཁྱིམ་ཚང་གཅིག་ལྟར་བརྩེ།

    བཅུ། བོད་ཀྱི་འཕེལ་རྒྱས་དུས་རབས་གསར་པར་སླེབས་པ།

    2012ལོར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཐུགས་སུ་བཅངས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྤྱིའི་བླང་བྱར་གཞིགས་ཏེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་མཛད་ཕྱོགས་སྲིད་ཇུས་གཏན་འཁེལ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་བཏོན་གནང་བ་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གནང་བ། སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་སྟེ་དུས་བབ་གསར་པའི་བོད་ཀྱི་ལས་དོན་ཁག་གི་མཛུབ་ཁྲིད་བསམ་བློ་དང་དམིགས་ཚད་ལས་འགན་ཁ་གསལ་བཏོན་གནང་བ། “ལོ་ལྔ་ཚན་བཅུ་གཉིས་པ”དང“ལོ་ལྔ་ཚན་བཅུ་གསུམ་པའི”ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་གཏན་འཁེལ་གནང་བ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་འཕྲིན་ཡིག་སྤྲིངས་ནས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་འགོ་ཚུགས་པ་དང་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་གནང་བ་དང་། ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་འཕྲིན་ལན་སྤྲིངས་གནང་བ། ནག་ཆུར་ཚན་རིག་དང་མཐུན་པའི་ངང་ཤིང་འདེབས་པར་མཆན་བཀོད་མཛུབ་སྟོན་གནང་བ། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་འཆར་འགོད་ལ་གཙོ་སྐྱོང་དང་ཞིབ་འཇུག་གནང་བ། བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་ལས་དོན་ལ་་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དུས་རབས་གསར་པའི་བོད་སྐྱོང་མཛད་ཇུས་ཀྱིས་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་བོད་ཀྱི་ལས་དོན་གྱི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་རྒྱུན་མཐུད་གནང་ཡོད་ལ། དུས་རབས་གསར་པའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་ཡོད།

    དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་ལ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་པ་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་བྱས་ཏེ་བོད་ཀྱི་འཕེལ་རྒྱས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་ཆེན་པོ་རྒྱས་ཡོད།

    —— དུས་རབས་གསར་པར་བོད་ཀྱིས་གསར་གཏོད་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་གྱི་གསོན་ཤུགས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་བ།

    བོད་རང་སྐྱོང་ལྗོངས་ཀྱིས་གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོར་བརྩིས་པ་དང་། གསར་གཏོད་བྱེད་པ་འཕེལ་རྒྱས་སྤྱིའི་སྲོག་ཤིང་གི་གནས་བབ་ཏུ་བཞག་སྟེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ལམ་ལུགས་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ་གཞུང་ཁོངས་ཁེ་ལས་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར། རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར། ནོར་ཁྲལ་སྒྲིག་སྲོལ། དངུལ་རྩའི་སྒྲིག་སྲོལ། རྒན་གསོ་འགན་བཅོལ་ལམ་ལུགས། སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་འཕེལ་རྒྱས་ཀྱི་གཏིང་ཤུགས་འདོན་སྤེལ་གང་ལེགས་བྱས་ཡོད། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། སྲིད་གཞུང་གིས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བ། ཁེ་ལས་གཙོ་བོར་བཟུང་བ་དང་། ཁྲོམ་ར་སྟོན་ཕྱོགས་སུ་བཟུང་བ། སྲིད་ཐོན་སློབ་ཞིབ་བཞི་ཟུང་འབྲེལ་བཅས་ཀྱི་ཚན་རྩལ་གསར་གཏོད་མ་ལག་ཅིག་གང་མགྱོགས་བསྐྲུན་ཁར། ཚན་རྩལ་གསར་གཏོད་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་ལ་སྐུལ་འདེད་བཏང་སྟེ་ཚན་རྩལ་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། 2018ལོའི་བར། ལྗོངས་ཡོངས་སུ་ཀུན་གཏོད་བར་མཐོངས་དང་། ཚན་རྩལ་ཁེ་ལས་གསོ་སྐྱོང་རྟེན་གཞི། སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་རྟེན་གཞི། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གཉིས་གཏོད་རྟེན་གཞི་སོཌ“གཉིས་གཏོད”(དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད)ཀྱི་གཞི་རྟེན་74བཙུགས་ནས་གསར་གཏོད་ལས་གཏོད་ཚོགས་པ་དང་གསར་འཛུགས་ཁེ་ལས་1338ཀྱི་ཡིད་དབང་བཀུག་ཡོད། ཚན་རྩལ་གསར་གཏོད་ཁེ་ལས་ཁག་གཅིག་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཏེ་2018ལོར་ལྗོངས་ཡོངས་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་50ལྷག་ཙམ་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་53%འཕར་བ་དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་75ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་142%འཕར་ཡོད། ནས་དང་། འབྲི་གཡག བོད་ལུགས་གསོ་རིག་སྨན་རྫས་སོགས་འདེགས་ནུས་ཆེ་བ་དང་ཕན་འབྲས་མངོན་གསལ་དོད་པའི་ས་མཐོའི་ཁྱད་ལྡན་ཐོན་ལས་རབ་དང་རིམ་པ་སྐྱེད་སྲིང་བྱས་པ་ལས། ཁྱད་ལྡན་དཔལ་འབྱོར་མྱུར་དུ་འཕེལ་རྒྱས་བྱུང་ནས་བོད་ཀྱི་དཔལ་འབྱོར་གྱི་གསོན་ཤུགས་དང་གཏིང་ཤུགས་ཆེ་ཤོས་ཀྱི་བཀྲག་མདངས་འཚེར་སར་གྱུར་ཡོད། ལྷ་ས་དང་། གཞིས་རྩེ། ནག་ཆུ། ཉིང་ཁྲི་བཅས་ཀྱི་རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་གླིང་བཞི་དང་ཉིང་ཁྲིའི་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་ཁུལ་གྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་དུ་སོང་ཡོད། རྒྱལ་ཁབ་རིམ་པའི“སྐར་གཏོད་ཞིང་ཁམས”12ལས་ཞིང་འབྲོག་ཁུལ་གྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

    —— དུས་རབས་གསར་པར་བོད་ཀྱིས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་ནུས་ཤུགས་ཡོད་རྒུས་བཏོད་པ།

    མིག་སྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ལ་དམིགས་ཏེ་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག་དབར་གྱི་འབྲེལ་བ་དང་། རྣམ་གྲངས་གལ་ཆེན་དང་དམངས་གཙོའི་རྣམ་གྲངས་དབར་གྱི་འབྲེལ་བ། ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་པའི་དབར་གྱི་འབྲེལ་བ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་ཐག་ཉེ་ས་དང་། སྟབས་བདེ་ས། རང་ས་རང་ཡུལ་ནས་ཁ་འབྲལ་མི་དགོས་པ། བྱེད་ཐུབ་པ་དང་བྱེད་ཤེས་པ་བཅས་དབར་གྱི་འབྲེལ་བ། གནས་སྤོས་དབུལ་སྐྱོར་གྲོང་ཁྱེར་དང་གྲོང་རྡལ་ཕྱོགས་སུ་གཅིག་སྡུད་དང་ཐོན་སྐྱེད་རྒྱུ་ཆ་ཕུན་སུམ་ཚོགས་ལ་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱི་འཐུས་སྒོ་ཚང་བའི་ས་ཁུལ་ཕྱོགས་སུ་གཅིག་སྡུད་བྱེད་པའི་དབར་གྱི་འབྲེལ་བ། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་དབར་གྱི་འབྲེལ་བ། གྲོང་ཁྱེར་གྱི་འཕེལ་རྒྱས་དང་ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་བའི་དབར་གྱི་འབྲེལ་བ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ས་གནས་ཀྱིས་རྩིས་ལེན་དབར་གྱི་འབྲེལ་བ། ཁེ་ལས་ཀྱི་ཐོན་འབབ་འཕར་བ་དང་ལས་ཆོད་ཆེ་རུ་གཏོང་བ་དང་། ལས་བཟོའི་ཐོབ་ཐང་ལེགས་སུ་གཏོང་བ། ཞིང་འབྲོག་པ་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་དབར་གྱི་འབྲེལ་བ་སོགས་ཐག་གཅོད་ཡང་དག་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནད་དོན་དང་། འཕེལ་རྒྱས་དོ་སྙོམས་མེད་པ་དང་གང་ལེགས་མེད་པའི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཡོད། གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་འཆར་གཞི་བཀོད་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་རྒྱུན་མཐུད་སྐྱེད་སྲིང་བྱས་ཤིང་། 2018ལོར་ཞིང་པའི་ཆེད་ལས་མཉམ་ལས་ཁང་8364ཟིན་པ་དང་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་42ཟིན་ཡོད། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་ལེགས་སུ་ཕྱིན་ནས་ཞིང་ལས་ཀྱི་གནོད་འཚེ་འགོག་རྒོལ་མ་ལག་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཞིབ་དཔྱད་ཚད་ལེན་མ་ལག སྲོག་ཆགས་ཀྱི་ནད་ཡམས་སྔོན་འགོག་མ་ལག་བཅས་གཞི་རྩའི་ཆ་ནས་གྲུབ་ཡོད། གྲོང་ཚོའི་རྣམ་པར་བཅོས་སྒྲིག་དང་གད་སྙིགས་དང་བཙོག་ཆུ་གཙང་གསིང་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། སྲིད་འཛིན་གྲོང་ཚོར་འོད་སྐུད་ཁྱབ་ཚད་98%ཟིན་ཡོད། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱས་པ་དང་། རྗེས་ལུས་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་སུ་བཏང་བ། ས་གནས་ཁག་གིས་ལེགས་ཆ་འདོན་སྤེལ་གང་ལེགས་དང་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་ལྕག་སྐུལ་བྱས་པ། ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་བ། དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་རུ་ཧུར་ཐག་བཏང་བ་སོགས་ལས་ཕན་ཚུན་འགྲན་རྩོད་ངང་འཕེལ་རྒྱས་འགྲོ་བའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པ་དང་། དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་འཕར་གཞི་དང་འཕར་སྣེ་ལེགས་པར་བཏོད་པ་རེད། ལྷ་ས་དང་གཞིས་རྩེའི“རྒྱུད་གཅིག་ལམ་གཅིག”གི་མཚམས་ཚིགས་གལ་ཆེན་དང་། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་རང་བཞིན་གྱི་ལྟེ་བའི་གྲོང་ཁྱེར་དང་མདུན་ཕྱོགས་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ལྷ་ས་དང་ལྷོ་ཁའི་དཔལ་འབྱོར་གཞི་གཅིག་ཅན་དང་བོད་དབུས་ཆུ་ཚོད་3གྱི་དཔལ་འབྱོར་ཁུལ་རིམ་བཞིན་ཆགས་ཡོད། བོད་ཤར་གྱི་འགྲིམ་འགྲུལ་དང་ནུས་རྒྱུ་འཛུགས་སྐྲུན་ལ་ཕན་འབྲས་གསར་པ་ཐོབ་པ་དང་། བོད་ནུབ་བྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་ཐེབས་པ། བོད་ཤར་ལྷོའི་ཆུ་ཚོད་24དང་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཡོད། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཚད་གཞི་31%ཟིན་ཡོད།

    —— དུས་རབས་གསར་པར་བོད་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ནུས་ཤུགས་ཡོད་རྒུས་བསྐྲུན་པ།

    བོད་རང་སྐྱོང་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་བྱེད་པ་དང་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་སྲུང་སྐྱོང་སྔོན་དུ་འཇོག་པ་དང་འཛུགས་སྐྲུན་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་སྣོད་བཅུད་བདེ་འཇགས་ཀྱི་མཐའ་ཚད་ནན་པོར་བསྲུངས་པ་དང་། སྦགས་བཙོག་ཆེ་བ་དང་། འབུད་ཚད་མཐོ་བ། ཟད་གྲོན་ཆེ་བ་བཅས་ཀྱི་རྣམ་གྲངས་བོད་དུ་གཏན་འགོག་བྱས་པ། གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྤེལ་ཐད་རང་སྐྱོང་ལྗོངས་སྲིད་གཞུང་གི“སྨྱུག་གཅིག་མའི”མཆན་འགོད་དང་ཁོར་ཡུག་སྲུང་སྐྱོང་གི“སྤ་སེ་གཅིག་གིས་ཁྲུ་སློག་པའི”ལམ་ལུགས་ལག་བསྟར་ནན་པོ་བྱས་ཡོད། སྣོད་བཅུད་སྲུང་སྐྱོང་གི་བྱ་དགའི་ཁ་གསབ་ལམ་སྲོལ་ལག་བསྟར་བྱས་ནས་སྣོད་བཅུད་སྲུང་སྐྱོང་གི་ལས་གནས་ཁྲི་70བཀོད་སྒྲིག་བྱས་པ་ལས་རྒྱ་ཆེའི་ཞིང་འབྲོག་པ་སྣོད་བཅུད་ལས་ཞུཌ་དང་སྣོད་བཅུད་ཕྱུག་འགྱུར་གྱི་འགྲོ་ལམ་དུ་སྐྱོད་ཐུབ་ཡོད། གཙོ་གནད་སྣོད་བཅུད་འདུ་འགོད་ལག་བསྟར་བྱས་ཤིང་། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་ཕྱོཌ་ཡོངས་ནས་སྐུལ་འདེད་བཏང་བས་རིགས་སྣ་འཛོམས་པོ་དང་ཁྱབ་ཚུལ་ལུགས་མཐུན་གྱི་སྣོད་བཅུད་སྲུང་སྐྱོང་གི་དྲ་བའི་མ་ལག་རགས་ཙམ་ཞིག་ཆཌ་ཡོད། ལྗང་མདོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བ། ལྗང་མདོག་བཟོ་ལས་འཕེལ་རྒྱས་བཏང་བ་བཅས་ལས། 2018ལོར་རང་བྱུང་འཐུང་ཆུ་སོགས་ལྗང་མདོག་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་53ཟིན་ནས་14.3%འཕར་ཡོད། ལྗང་མདོག་འཕེལ་རྒྱས་ཀྱི་དགེ་མཚན་ལས2018ལོར་བོད་ཀྱི་ཡུལ་སྐོར་ཡོང་འབབ་བཅུ་ཆ་གསུམ་ཙམ་འཕར་བ་དང་ཡུལ་སྐོར་བར་སྣེ་ལེན་ཞུ་གྲངས་31.5%འཕར་ཡོད། སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭ་མུ་མཐུད་ལག་བསྟར་བྱས་ཏེ“གཙང་པོ་གཉིས་དང་ཆུ་བོ་བཞིའི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་ལས་གྲྭར་སྐུལ་འདེད་བརྟན་པོ་བཏང་ཡོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་ཟིན་ཞིང་། ལྗོན་ཤིང་གསོག་ཚད་དང་། མི་རེའི་ཆ་སྙོམས་ཀྱི་ནགས་ཚལ་རྒྱ་ཁྱོན། མི་རེའི་ཆ་སྙོམས་ཀྱི་ནགས་ཚལ་གསོག་ཚད། མི་རེའི་ཆ་སྙོམས་ཀྱི་རང་བྱུང་ནགས་ཚལ་གསོག་ཚད། སྡོང་ཕྲན་ནགས་ཚལ་རྩིས་གཞིའི་རྒྱ་ཁྱོན་གསོག་ཚད་བཅས་དམིགས་ཚད་5རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་། གཙང་པོ་དང་ཆུ་འགོའི་ཁུལ་དང་། རྩྭ་ཐང་། མཚོ་དང་མཚེའུ། འདམ་ར། རང་བྱུང་ནགས་ཚལ། ཆུའི་སྣོད་བཅུད། ས་གཤིས་རྗེས་ཤུལ། སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོང་ནུས་ལྡན་བྱུང་སྟེ་བོད་ཀྱི་ནམ་མཁའ་སྔོ་བ་དང་། ས་གཞི་ལྗང་བ། ཆུ་མོ་དྭངས་བ་བཅས་བྱུང་ཡོད། ཀྲུང་གོ་ཚན་རིག་ཁང་དང་འབྲེལ་ཡོད་སྡེ་ཚན་གྱི་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་ལས་མངོན་པར་གཞིགས་ན། མིག་སྔར་བོད་ཀྱི་ས་མཐོའི་སྣོད་བཅུད་མ་ལག་སྣ་ཚོགས་ཀྱི་གྲུབ་ཆ་སྤྱིར་ན་བརྟན་པོ་བྱུང་བ་དང་། རླུང་། སྒྲ། ཆུ། ས་རྒྱུ། འགྱེད་འཕྲོ། དེ་བཞིན་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་བཅས་རྒྱུན་འཁྱོངས་ཡག་པོ་ཐུབ་ཅིང་། ས་ཁོངས་མང་ཆེ་བ་སྔར་བཞིན་གདོད་མའི་རྣམ་པར་གནས་པ་དང་། བོད་ནི་སྔར་བཞིན་འཛམ་གླིང་གི་སྣོད་བཅུད་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད།

    —— དུས་རབས་གསར་པར་བོད་ཀྱིས་སྒོ་དབྱེའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་གཉིས་ཁེ་གཉིས་ཕན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱས་པ།

    བོད་རང་སྐྱོང་ལྗོངས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་དམ་པོར་དམིགས་ཏེ། ཁོང་ཡངས་དང་། སྒོ་དབྱེ། མཉམ་ལས་བཅས་ཀྱི་སྲིད་ཇུས་མ་ལག་བཏོད་ནས་ཕྱི་ཕྱོགས་སྒོ་དབྱེའི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་ཡོད། བོད་ལྗོངས་ནི་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་དབྱེ་བའི་བགྲོད་ལམ་གལ་ཆེན་ཞིག་རེད། “རྒྱུད་གཅིག་ལམ་གཅིག”ལ་མཉམ་འདྲེས་ཧུར་ཐག་བྱས་ཏེ་བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་ཁྱམས་རིང་འཛུགས་སྐྲུན་ལ་ཞུགས་ཏེ་ཧི་མ་ལ་ཡའི་མཐའ་སྐོར་གྱི་དཔལ་འབྱོར་མཉམ་ལས་ཁུལ་ལ་སྐུལ་འདེད་བཏང་ཡོད། ནེ་པ་ལ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་མཉམ་འབྲེལ་མཉམ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ལྕགས་ལམ་དང་གཞུང་ལམ་གྱི་བགྲོད་ལམ་ཧུར་ཐག་བསྐྲུན་པ་དང་། དུས་མཚུངས་སུ་བོད་ལྗོངས་མཁའ་འགྲུལ་ཀུང་སིས་ནེ་པ་ལའི་གངས་མི་མཁའ་འགྲུལ་ཀུང་སི་དང་མཉམ་དུ་མ་དངུལ་བཏང་ནས་ཧི་མ་ལ་ཡ་མཁའ་འགྲུལ་ཀུང་སི་བཙུགས་ཏེ་མཁའ་དབྱིངས་ཀྱི་ཁྱམས་རིང་བཏོད་ཡོད། སྐྱིད་གྲོང་དང་སྤུ་ཧྲེང་སོགས་ཀྱི་འགག་སྒོ་མགྱོགས་པོ་བསྐྲུན་ཅིང་། འགྲམ་འགག་སྒོ་ཚན་རིག་དང་མཐུན་པའི་སྒོ་ནས་སླར་གསོ་ཤར་གཏོང་ཐུབ་རྒྱུར་སྐུལ་འདེད་བརྟན་པོ་བཏང་ཡོད། སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། “ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ”སྐབས་བཅུ་དྲུག་པ་བདེ་བླག་ངང་འཚོགས་པ་དང་། སྐྱིད་གྲོང་རྒྱལ་སྒྲོལ་དཔལ་འབྱོར་མཉམ་ལས་ཁུལ་དང་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་་རིམ་ཁག་གླིང་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་250ལྷག་ཙམ་བྱུང་ཡོད། 2018ལོར་ལྗོངས་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་དངུལ་འབོར་སྒོར་དུང་ཕྱུར་48ཟིན་པ་དང་མཐའ་མཚམས་མི་སེར་གྱི་ཚོང་ཟོག་བརྗེ་ཚོང་གི་དངུལ་འབོར་ལྡབ་1.8འཕར་ཡོད། ཚོང་འགུཌ་མ་འདྲེན་གྱི་རྣམ་གྲངས་ལ་ཤུཌ་སྣོན་བརྒྱབ་ཅིང་། 2018ལོར་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་1450ལག་ལེན་བསྟར་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་630.8དམིགས་སར་འབྱོར་བ་དེ་ལོ་གོང་མའི་དུས་མཚུངས་ལས་38.8%འཕར་ཡོད། ཕྱི་ཕྱོགས་སྤེལ་རེས་མཉམ་ལས་རྒྱ་ཁྱབ་བྱས་ཏེ། གོ་རིམ་ལྡན་པའི་སྒོ་ནས“གདན་འདྲེན་པ་དང་ཕྱིར་སྐྱོད་པར”སྐུལ་འདེད་བཏང་ཞིང་། ཡུལ་སྐོར་དང་། རིག་གནས། ཞིང་འབྲོག་ལས་སོགས་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་སྤེལ་རེས་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་ཡོད། “ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས”སྐབས་བཞི་པ་བདེ་བླག་ངང་གཉེར་བ་མ་ཟད། རྒྱལ་སྤྱིར་ཤུགས་རྐྱེན་ཆེ་བ་དང་། རྒྱལ་ཡོངས་སུ་ཁྱབ་འགྱེད་ཆེ་བ། ས་ཁོངས་ཀྱི་སྐུལ་ཁྲིད་འཇོན་ཐང་ཆེ་བ་བཅས་ཀྱི་ཕྱི་ཕྱོགས་འགྲོ་འོང་དང་། སྤེལ་རེས། མཉམ་ལས་བཅས་ཀྱི་བོད་ཀྱི་སྤུས་རྟགས་རྩེ་གྲ་ཞིག་ཏུ་བཏོད་ཡོད། ལྷ་སར“ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”སྐབས་གཉིས་བདེ་བླག་ངང་གཉེར་བ་དང་། ཧི་མ་ལ་ཡའི་མཐའ་སྐོར་གྱི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་གླེང་སྟེགས་དང་ཨེ་ཤེ་ཡ་ལྷོ་མའི་ཚད་ལྡན་ཅན་གྱི་གླེང་སྟེགས་སྐབས་དང་པོ་བདེ་བླག་ངང་གཉེར་བ། འཛམ་གླིང་གི་རྒྱལ་ཁབ་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་སྔོན་ཐོན་འཕེལ་རྒྱས་ཀྱི་འདུ་ཤེས་སྤེལ་རེས་ཧུར་ཐག་བྱས་ནས་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ཡོད།

    —— དུས་རབས་གསར་པར་བོད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་མཉམ་སྤྱོད་མཐའ་འཁྱོངས་བྱས་ནས་བདེ་སྐྱིད་སྟོན་གྲངས་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་བ།

    བོད་རང་སྐྱོང་ལྗོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་འཕེལ་རྒྱས་ལ་ཞུགས་པའི་ཚོར་སེམས་དང་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། འཕེལ་རྒྱས་ཀྱི་གྲུབ་འབྲས་དམངས་ཡོངས་ཀྱིས་མཉམ་སྤྱོད་དངོས་འབྲེལ་བྱུང་ཡོད། དམངས་གཙོ་འགན་ལེན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་ཐེབས་ཡོད། སྤྱི་ཚོགས་འགན་སྲུང་མ་ལག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྐྲུན་པ་བརྒྱུད་བྱིས་པར་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། སྐྱོ་པོར་སྐྱོར་མཁན་ཡོད་པ་བཅས་གཞི་རྩའི་ཆ་ནས་བྱུང་ཡོད། 2013ལོ་ནས་བཟུང་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་ཚད་རིམ་རྩིས་བྱས་ན་མི་ཁྲི་27.3ཡན་གསར་དུ་འཕར་ཡོད། 2018ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.83%ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་10.2%དང་10.8%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་རིམ་པར་དྭ་ཕྲུག་ཁང་ཡོད་པ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་ཁུལ) རྫོང(ཆུས)ཚང་མར་རྒན་གསོ་ཁང་བསྐྲུན་པ། འདོད་མོས་ཡོད་པའི་འགན་ལེན་ལྔ་བྱ་ཡུལ་ལ་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་སྐྱོང་སྔོན་ཚུད་ནས་མངོན་འགྱུར་བྱུང་ཡོད། 2013ལོའི་ཚུན་དུ་རིམ་རྩིས་བྱས་ན་དབུལ་པོ་ཁྲི་71ཙམ་ཉུང་དུ་བཏང་ཡོད། དབུལ་པོ་ཆགས་ཚད་2012ལོའི་35.2%ནས་2018ལོའི་6%མན་བར་ཆག་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ་བཅས་ས་ཁུལ་ནས་གྲོང་ཁྱེར་ལ་བསྒྱུར་ཡོད། 2013ལོ་ནས་བཟུང་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་རིགས་ཁག་གི་བདེ་སྡོད་ལས་གྲྭའི་ཁང་པ་ཁྲི་31.46ལག་བསྟར་བྱས་ཡོད། ཁ་གཏད་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2013ལོ་ནས་2017ལོའི་བར་རིམ་རྩིས་བྱས་ན་རོགས་སྐྲུན་རྣམ་གྲངས་ཁག་1736ལག་ལེན་བསྟར་བ་དང་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་143.46ཟིན་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཆེད་དོན་བརྟག་ཞིབ་འབྲས་བུ་ལས་མངོན་གསལ། མང་ཚོགས་ཀྱིས་ད་ལྟའི་འཚོ་བར་བློ་ཡིད་ཚིམ་ཚད་97%ཡན་ཟིན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་ཡིད་ཆེས་བྱེད་ཚད་97.3%ཟིན་ཡོད།

    མཇུག་བསྡུའི་གཏམ།

    བོད་ཀྱི་ལོ་60རིང་གི་རླབས་ཆེན་མཆོང་སྐྱོད་ལས་དམངས་གཙོའི་བཅོས་སྒྱུར་ནི་དུས་རབས་འཕེལ་རྒྱས་ཀྱི་བླང་བྱར་བསྟུན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་འདོད་འདུན་དང་མཐུན་པ། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་དང་འཚམ་པ་ཞིག་ཡིན་པ་གསལ་བཤད་གང་ལེགས་ཐུབ་ལ། འདི་ནི་ལོ་རྒྱུས་ཀྱི་ལྡོག་མེད་ཅིག་རེད། དམངས་གཙོའི་བཅོས་སྒྱུར་བྱས་པས། གཞི་ནས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། བོད་ལ་དུས་བསྟུན་མདུན་སྐྱོད་ཀྱི་འཕེལ་རྒྱས་བྱུང་ཞིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་བ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དབང་ཆར་འགན་ལེན་གང་ལེགས་བྱུང་བས། དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་ངོ་མ་བསྐྲུན་པའི་བྱ་སྤྱོད་རླབས་ཆེན་ཞིག་རེད།

    དམངས་གཙོའི་བཅོས་སྒྱུར་བརྒྱུད་བོད་ཀྱི་མི་རིགས་ཁག་གི་མི་དམངས་སྔ་ས་ནས་རྒྱལ་ཁབ་ཀྱི་བདག་པོར་གྱུར་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱེད་པ་སྔ་ས་ནས་མི་སེམས་སུ་ཟུགས་ཏེ་གཡོ་འགུལ་གཏོང་ཐབས་མེད་པར་གྱུར་ཡོད། ལོ་མང་རིང་ཏཱ་ལའི་རུ་ཚོགས་ཀྱིས་ཚབ་མཚོན་དུ་བྱས་པའི་བོད་ཀྱི་སྟོབས་ཤུགས་རྙིང་པས་རང་ཉིད་ཀྱི་ཆབ་སྲིད་ཁེ་ཕན་གྱི་དགོས་མཁོར་དམིགས་པ་དང་། མུན་ནག་རྗེས་ལུས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལ་ཞེན་ཆགས་ཏེ་དམངས་གཙོའི་བཅོས་སྒྱུར་གཏན་ནས་ཁས་མི་ལེན་པ་དང་བོད་ཀྱི་འཕེལ་རྒྱས་ལ་ཐོབ་པའི་རླབས་ཆེའི་གྲུབ་འབྲས་ཁས་ལེན་གྱི་མེད། དེ་ནི་དོན་དངོས་ལ་མི་བལྟོས་པ་ཞིག་ཡིན་ལ་ལོ་རྒྱུས་ཀྱི་འཁོར་ལོ་ཕྱིར་བཤོལ་བྱས་པ་ཞིག་དེ་བས་ཀྱང་ཡིན་པ་དང་། མིའི་རིགས་ཀྱི་ཤེས་དཔལ་ལ་ངོ་རྒོལ་བྱས་པ་ཞིག་རེད།

    མིག་སྔར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་གཏོད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་བཞིན་ཡོད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལས་དོན་གྲ་སྒྲིག་ཨང་བསར་གྱིས་སྤེལ་བཞིན་ཡོད་པས་བོད་ཀྱི་འབྱུང་འགྱུར་དེ་བས་འོད་སྟོང་དང་མཚར་སྡུག་ལྡན་པ་ཞིག་ཡོང་ངེས་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་27ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།