དབུ་ཤོག>སྲིད་དོན།
  • ཀྲོང་ཡན་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་དུ་བརྟག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-26

    ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་3ཚེས་21ནས་23ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དབུལ་སྐྱོར་ས་ཚིགས་ཡིན་པའི་དཔའ་ཤོད་རྫོང་དུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་སྐོར་གཟིགས་དག་ཐེར་ལས་དོན་སྤེལ་ཚུལ་བརྟག་ཞིབ་གནང་བ་རེད། 

    དཔའ་ཤོད་རྫོང་ཐང་དཀར་གྲོང་རྡལ་དུ་འབྱོར་མ་ཐག་ཀྲོང་ཡན་དང་བཅས་པས་ཞབས་ཐང་མར“སྤུན་ཉེ”བསོད་ནམས་ཆོས་སྒྲོན་དང་། སྲི་ཐར། དབང་སྒྲོན་བཅས་ཀྱི་ཁྱིམ་དུ་ཕེབས་ཏེ་ཁོང་ཚོ་དང་མཉམ་དུ་འབབ་འཕར་ཕྱུག་འགྱུར་གྱི་སྐོར་གླེང་ཞིང་། སྲི་ཐར་གྱིས་ཀྲོང་ཡན་ལ་ན་ནིང་ཕྱིར་གླ་པ་རྒྱུག་པར་བསྐྱོད་པ་དང་། འབྲི་གཡག་གསོ་ཚགས་བྱས་པ། སྲིད་ཇུས་ཀྱི་ཁ་གསབ་བཅས་བསྡོམས་ན་ངའི་ཁྱིམ་ལ་ཁྱོན་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང་ཞེས་ཞུས་པ་རེད། གནས་ཚུལ་དེ་ཐོས་རྗེས་ཀྲོང་ཡན་ཐུགས་ཧ་ཅང་སྤྲོ་པོ་བྱུང་ཞིང་། ཁོང་གིས་དབུལ་སྐྱོར་གྱི་ལམ་བུའི་ཐོག་སྐྱོད་རིང་ཏང་དང་སྲིད་གཞུང་གིས་ཁྱིམ་ཚང་དབུལ་པོ་དང་མང་ཚོགས་དབུལ་པོ་གཅིག་ཀྱང་མ་ལུས་པ་བྱ་རྒྱུ་ཡིན། སླད་ཕྱིན་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་རྒྱུ་ནི་སྨོས་ཅི་དགོས། ཁྱེད་ཚོས་ཡིད་ཆེས་བརྟན་པོ་བྱེད་པའི་ཁར། སྒུག་དང་བརྟེན་ནས་མི་སྡོད་པར་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད། 

    ཀྲོང་ཡན་གྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་གི་འཚོ་བར་ཐུགས་ཁུར་ཆེན་པོ་གནང་ཞིང་། ཐང་དཀར་གྲོང་རྡལ་མཁར་སྟེང་འོ་ཇོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་སུ་ཀྲོང་ཡན་གྱིས་མང་ཚོགས་དབུལ་པོ་ཚོ་དང་སྒོར་སྒོར་བྱས་ནས་བཞུགས་ཏེ་བཀའ་མོལ་གནང་བ་རེད། ཡུལ་མི་ཚོས་ཡུལ་གཞན་དུ་གནས་སྤོས་བྱས་པ་བརྒྱུད་འགྲོ་སྐྱོད་མི་བདེ་བ་དང་།  ནད་ལྟ་དཀའ་བ། སློབ་གྲྭར་སྐྱོད་དཀའ་བ་ལ་སོགས་པའི་གནད་དོན་མང་པོ་ཞིག་ཐག་གཅོད་ཐུབ་སོང་། ཏང་དང་སྲིད་གཞུང་གིས་སྲིད་ཇུས་བཟང་པོ་མང་པོ་བཏོན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། 

    ཀྲོང་ཡན་གྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ཁང་པ་གསར་པར་སྤོས་པ་ནི་གོམ་སྟབས་དང་པོ་ཙམ་ཡིན། མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་བརྟན་པོ་ཞིག་སྐྱེལ་རྒྱུ་ཡོང་བ་བྱ་རྒྱུ་ནི་མཐར་ཐུག་གི་དམིགས་ཡུལ་རེད། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་། རང་ས་རང་ཡུལ་ནས་འབྲལ་མི་དགོས་པ། ལས་ཀ་བྱེད་ཐུབ་པ་དང་བྱེད་ཤེས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ལས་ཞུགས་ཐབས་ལམ་ཡངས་སུ་གཏོང་བ། རྩལ་ནུས་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་པ། རྩ་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་གཏོང་བ། ལས་ཞུགས་ཀྱི་ལས་གནས་དང་འབབ་ཁུངས་བརྟན་པོ་མཁོ་འདོན་བྱས་ནས་མང་ཚོགས་དབུལ་པོ་ཚོ་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱེད་དགོས་ཞེས་བསྟན་གནང་བ་རེད། 

    དུང་དཀར་ཨར་འདམ་བཟོ་གྲྭ་ནི་དཔའ་ཤོད་རྫོང་གི་གཙོ་གནད་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཤིག་རེད། བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་མང་ཚོགས་དབུལ་པོ་400ཡི་ལས་ཞུགས་གནད་དོན་ཐད་ཀར་ཐག་གཅོད་ཐུབ་རྒྱུ་རེད།

    དཔའ་ཤོད་རྫོང་དང་རྫོང་སྲིད་གཞུང་དང་སྐོར་གཟིགས་དག་ཐེར་བྱས་ཚུལ་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཚོགས་སྐབས། ཀྲོང་ཡན་གྱིས་ལྗོངས་ཏང་ཨུད་ཀྱིས་སྐོར་གཟིགས་དག་ཐེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་བླང་བྱ་གསལ་པོ་བཏོན་ཡོད། དཔའ་ཤོད་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། གནས་ཚུལ་དངོས་ལ་གཞིགས་པ། དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བཅས་བྱས་ཏེ་ཟུར་བལྟས་ལེབ་མཐོང་དང་རྩ་ལག་མཉམ་བཅོས་ཐུབ་པ་བྱེད་དགོས་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ལ་གཞིགས་ཏེ་ཚན་རིག་དང་མཐུན་པའི་ངང་རིག་པས་ཁུངས་སྐྱེལ་བ་དང་། བརྒྱུད་རིམ་ལྡན་པའི་ངང་ཐབས་ཇུས་འདིང་བ། དུས་བགོས་ཁག་བགོས་བཅས་བྱས་ཏེ་ལས་ཐུབ་པ་དང་། ལས་ཤེས་པ། ཡུན་རིང་ལས་རྒྱུ་ཡོད་པ། གཞིས་ཆགས་ཐུབ་པ་བཅས་ཡོང་བ་བྱེད་དགོས་པ། གཏན་འཁེལ་ཟིན་པའི་དུས་བཀག་ལྟར་དག་ཐེར་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། བླང་བྱ་ནན་ཤོས་ཀྱི་ཐོག་ནས་བཀོད་སྒྲིག་བྱེད་པ་དང་། ཚད་གཞི་ནན་ཤོས་ཀྱི་ཐོག་ནས་དོན་འཁྱོལ་བྱེད་པ། དཔྱད་ཞིབ་ནན་ཤོས་ཀྱི་ཐོག་ནས་ཞིབ་བཤེར་བྱེད་པ། དག་ཐེར་མ་བྱུང་བར་དུ་དམ་འཛིན་བྱེད་པ། དག་ཐེར་མཐར་ཕྱིན་པ་མ་བྱུང་བར་ཐོ་ཁོངས་ནས་མི་བསུབ་པ་བཅས་བྱས་ཏེ་དག་ཐེར་ལས་དོན་དེས་ལོ་རྒྱུས་དང་། མི་དམངས། ལག་ལེན་བཅས་ཀྱི་ཞིབ་དཔྱད་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་ད་དུང་རྒྱལ་མོ་རྔུལ་ཆུའི་ཆུ་དཔོན་ལམ་ལུགས་ལས་དོན་དང་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་ཀྱང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།