དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུར་ནན་བཤད་གནང་དོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-19

     ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལྟར། ཚེས་17ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། གྲོང་མིའི་འཚོ་བའི་གློག་རིན་དང་བཟོ་ཚོང་ལས་རིགས་ཀྱི་གློག་རིན་དམའ་རུ་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་དོན་ཚན་ལ་ཕྱོགས་ཁག་གི་བསམ་འཆར་གསན་པ་རེད། ཁོང་གིས་ཚོགས་འདུའི་ཐོག་ནན་བཤད་གནང་དོན། གློག་ཤུགས་ཁྲོམ་ར་ཅན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ཐོག་གློག་རིན་གྱི་ཟུར་སྣོན་གྲོན་དངུལ་མེད་པར་བཟོས་ནས་གྲོང་མི་དང་ཁེ་ལས་ཀྱི་གློག་རིན་མ་གནས་དམའ་རུ་བཏང་སྟེ། རང་ལྗོངས་ཀྱི་དངོས་ཚན་དཔལ་འབྱོར་སྐྱོན་བྲལ་དང་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་རོགས་སྐྱོར་གྱིས་མང་ཚོགས་དང་ཁེ་ལས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་ཧུར་ཐག་གཏོང་དགོས།

    ཚོགས་འདུའི་ཐོག རང་ལྗོངས་ཀྱི་སྒྱུར་འདོན་གློག་གི་ཟུར་སྣོན་རིན་གོང་མེད་པར་བཟོ་བ་དང་སྡེབ་ཚོང་ཁུལ་གྱི་གློག་རིན་ཚད་ལྡན་དུ་གཏོང་བའི་ལས་དོན་དང་། གྲོང་མིའི་འཚོ་བའི་གློག་རིན་དང་བཟོ་ཚོང་ལས་རིགས་ཀྱི་གློག་རིན་ལེགས་སྒྲིག་ཇུས་གཞིའི་སྐོར་གྱི་གནས་ཚུལ་སྙན་ཞུ་ཡང་གསན་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། གྲོང་མི་དང་བཟོ་ཚོང་ལས་རིགས་ཀྱི་གློག་རིན་དམའ་རུ་གཏོང་རྒྱུ་ནི་རང་སྐྱོང་ལྗོངས་ཀྱིས་མི་རིགས་ཁག་གི་མི་དམངས་ལ་ཁས་བླངས་པའི་དམ་བཅའ་ནན་པོ་ཞིག་དང་། རང་ལྗོངས་ཀྱི་དཔལ་འབྱོར་སྐྱོན་བྲལ་དང་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོ། ཁེ་ལས་དང་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་བཅས་ཡིན་པ་མ་ཟད། གློག་རིན་དམའ་རུ་གཏོང་རྒྱུ་ནི་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བའི་ཐབས་ལམ་ཞིག་ཀྱང་ཡིན་པས། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་ཐུབ་རྒྱུ་རྒྱུན་འཁྱོངས་དང་ལོ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་དམིགས་ཚད་འགན་ལེན་ལ་ནུས་པ་གལ་ཆེན་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།