དབུ་ཤོག>སྲིད་དོན།
  • སྲིད་གཞུང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-19

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ལི་ཁེ་ཆང་།

    འཐུས་མི་རྣམ་པ། ད་ལྟ་ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས། གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པར་ཡང་དགོངས་འཆར་འདོན་རོགས་ཞུ་རྒྱུ་ཡིན།

    གཅིག 2018ལོའི་ལས་ཀ་ཕྱིར་དྲན་བྱས་པ།

    འདས་པའི་ལོ་གཅིག་གི་རིང་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་མ་ཐག་པའི་ལོ་ཡིན་པ་དང་། སྐབས་འདི་གའི་སྲིད་གཞུང་གིས་ཁྲིམས་མཐུན་ལྟར་འགན་འཁྲི་སྒྲུབ་ལོ་དང་པོའང་ཡིན། རང་རྒྱལ་གྱི་འཕེལ་རྒྱས་ལ་ལོ་མང་རིང་འབྱུང་དཀོན་པའི་རྒྱལ་ནང་གི་གནས་བབ་རྙོག་འཛིང་དྲག་པོ་ཐུག་པ་དང་། དཔལ་འབྱོར་ཆག་པའི་གནོན་ཤུགས་གསར་པ་ཐོན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་འོག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བྱས་ཏེ། ཞུན་བརྡར་མདུན་སྐྱོད་དང་། དཀའ་སྤྱད་འགག་སྒྲོལ་ཐོག་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་གྱི་ལས་འགན་གཙོ་བོ་ལེགས་གྲུབ་བྱུང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པོ་ལེན་པར་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

    དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་བར་སྟོང་དུ་རྒྱུན་མཐུད་ཐུབ་ཡོད། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6.6%འཕར་བ་དང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་90ལས་བརྒལ་ཡོད། དཔལ་འབྱོར་འཕེལ་བའི་མྱུར་ཚད་ནི་གློག་སྤྱོད་དང་དངོས་ཟོག་སྐྱེལ་འདྲེན་ལ་སོགས་པའི་དངོས་པོའི་འབོར་གྲངས་ཀྱི་དམིགས་ཚད་དང་ཆ་མཐུན་བྱུང་ཡོད། གྲོང་མིའི་འཛད་སྤྱོད་རིན་གོང་2.1%འཕར་བ་དང་། རྒྱལ་སྤྱིའི་གཏོང་ཡོང་རྩ་བའི་ཆ་ནས་དོ་མཉམ་བྱུང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་འཕར་ཚད་མི་གྲངས་ཁྲི་1361ཟིན་པ་དང་། བརྟག་དཔྱད་བྱས་འབྲས་སུ་ལས་ཀ་ཤོར་ཚད་5%ཡས་མས་ཀྱི་ཚད་དམའ་པོར་བརྟན་གནས་ཐུབ་པས། མི་གྲངས་དུང་ཕྱུར་14ཟིན་ཉེའི་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོར་ལས་ཀར་ཞུགས་གང་ཐུབ་བྱུང་ཡོད།

    དཔལ་འབྱོར་གྲུབ་ཚུལ་རྒྱུན་མ་ཆད་པར་བཟང་པོར་གྱུར་ཡོད། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་བར་བྱེད་པའི་ནུས་པ་ཇེ་ཆེར་ཕྱིན་ཡོད། ཞབས་ཞུའི་ལས་རིགས་ཀྱིས་དཔལ་འབྱོར་འཕེལ་བར་ལེགས་སྐྱེས་འབུལ་ཚད་60%ཟིན་པ་དང་། ཚན་རྩལ་མཐོ་གྲས་ཀྱི་ཐོན་ལས་དང་། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་ཚད་ནི་ལས་རིགས་གཞན་དག་ལས་མངོན་གསལ་མྱུར་ཅིང་། ཞིང་ལས་ལ་ཡང་བསྐྱར་ལོ་ལེགས་བྱུང་བ་དང་། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་གི་ནུས་ཁུངས་ཟད་གྲོན་3.1%ཆག་ཡོད། སྤུས་ཚད་དང་ཕན་འབྲས་མུ་མཐུད་ལེགས་སུ་ཕྱིན་ཡོད།

    སྒུལ་ནུས་གསར་པ་འཕེལ་ཚུལ་མགྱོགས་སུ་ཕྱིན་ཡོད། ཟླ་བའི་ལྷ་མོ་ཨང་རྟགས་བཞི་པ་སོགས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གསར་པ་གལ་ཆེན་ཁག་གཅིག་སྔ་རྗེས་སུ་བཏོན་ཡོད། གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་བ་དང་། སྲོལ་རྒྱུན་གྱི་ཐོན་ལས་ཚུལ་སྒྱུར་རིམ་སྤོར་མགྱོགས་སུ་བཏང་ཡོད། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་། ཀུན་གྱིས་གསར་གཏོད་བྱེད་པ་ཁྱབ་སྤེལ་ཟབ་མོར་བཏང་ཞིང་། ཉིན་རེར་ཆ་སྙོམས་ཁེ་ལས་གསར་འཛུགས་བྱེད་ཚད་ཁྲི་1.8ལས་བརྒལ་བ་དང་ཚོང་རའི་བྱེད་པོའི་གྲངས་འབོར་དུང་ཕྱུར་1ལས་བརྒལ་ཡོད། སྒུལ་ནུས་གསར་པས་ཐོན་སྐྱེད་བྱེད་སྟངས་ལ་འཕོ་འགྱུར་ཟབ་མོ་བྱུང་སྟེ། ཀྲུང་གོ་འཕེལ་རྒྱས་ཀྱི་བཟང་ཆ་གསར་པ་སྐྲུན་བཞིན་ཡོད།

    སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འགག་གནད་གསར་པ་སྒྲོལ་ཐུབ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ས་གནས་སྲིད་གཞུང་གི་སྒྲིག་གཞི་སྒྱུར་བཅོས་བདེ་བླག་ངང་བྱས་ཡོད། ཁྱབ་ཁོངས་གལ་ཆེན་གྱི་སྒྱུར་བཅོས་གོམ་སྟབས་གསར་པ་སྤོས་པ་དང་། ཚོང་རར་བཅུག་འཐུས་ཀྱི་ལྡོག་ཕྱོགས་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། གློད་སྡོམ་ཟུང་འབྲེལ། ཞབས་ཞུ་བཟང་བསྒྱུར་བཅས་ཀྱི་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་བས། ཚོང་གཉེར་ཁོར་ཡུག་གི་རྒྱལ་སྤྱིའི་རིམ་གྲལ་ཇེ་ཆེར་འཕར་ཡོད། ཕྱོགས་གང་ཅིར་སྒོ་འབྱེད་ཁྱོན་ཆེ་རུ་བཏང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གྲུབ་འབྲས་འགངས་ཆེན་ཐོབ་ཡོད། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་གཉེར་བ་ལམ་ལྷོངས་བྱུང་བ་དང་ཧའེ་ནན་གྱི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད། དངོས་ཟོག་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་30ལས་བརྒལ་ཞིང་། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་ཨ་སྒོར་དུང་ཕྱུར་1383ཟིན་ཏེ། དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་བརྟན་པོར་གནས་ཡོད།

    —— འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་གྱི་འགོ་ཡག་པོ་འཛུགས་ཐུབ་ཡོད། ཉམས་ཉེན་གལ་ཆེན་འགོག་སེལ་བྱས་པ་དང་། སྤྱི་ཁོག་གི་བཀན་ཤིང་ཚོད་འཛིན་བརྟན་པོ་བྱུང་ཞིང་། དངུལ་རྩའི་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད། དབུལ་བྲལ་གནད་འཁེལ་སྐུལ་སྤེལ་ཤུགས་ཆེན་བྱས་པས། གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་ཁྲི་1386ཉུང་དུ་སོང་བ་དང་གནས་སྤོས་དབུལ་སྐྱོར་མི་གྲངས་ཁྲི་280ཟིན་ཡོད། སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་ཐུབ་པ་དང་། ཕྲ་རྡུལ(PM2.5)མཐུག་ཚད་མུ་མཐུད་ཆག་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    —— མི་དམངས་ཀྱི་འཚོ་བ་ལེགས་བཅོས་རྒྱུན་མཐུད་བྱུང་ཡོད། གྲོང་མི་མི་རེའི་ཆ་སྙོམས་སྤྱད་འཐུས་ཡོང་སྒོ་6.5%དངོས་སུ་འཕར་ཡོད། སྒེར་གྱི་ཐོབ་ཁྲལ་བསྡུ་གཞི་ཆེ་རུ་བཏང་བ་དང་། ཆེད་དམིགས་ཟུར་སྣོན་འཕྲི་འཐེན་ཁག་6བཙུགས་ཡོད། མ་མཐའི་རྒན་གསོ་དང་མ་མཐའི་སྨན་བཅོས་ལ་སོགས་པའི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ་དང་། སློབ་གྲྭ་རིགས་ཁག་གི་ཁྱིམ་ཚང་གི་དཀའ་ངལ་ཡོད་པའི་སློབ་མར་རོགས་དངུལ་སྤྲོད་ཚད་མི་ཐེངས་གྲངས་དུང་ཕྱུར་1ལ་ཉེ་བ་ཟིན་ཡོད། སྡོད་ཁང་ཐེབས་ཆག་ཁུལ་གྱི་ཁང་པ་ཆ་འགྲིག་ཁྲི་620ལྷག་ཙམ་བསྒྱུར་བཀོད་བྱས་པ་དང་། གྲོང་གསེབ་ཀྱི་ཉེན་ཅན་ཁང་པ་ཁྱིམ་དུད་ཁྲི་190བསྒྱུར་བཀོད་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་ཆུ་ཚད་མུ་མཐུད་འཕེལ་རྒྱས་བསྐྱར་མ་བྱུང་ཡོད།

    ང་ཚོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་རླབས་པོ་ཆེ་དང་རིན་ཐང་བྲལ་བའི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱས་ཤིང་། དུས་རབས་གསར་པར་སྒྱུར་བཅོས་སྒོ་དབྱེའི་མཐའ་འཁྱོངས་བར་བྱེད་པའི་ཆོད་སེམས་བརྟན་པོ་གསལ་སྟོན་གཟབ་ནན་བྱས་པས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་འབད་འཐབ་རྒྱུན་མཐུད་བྱེད་པ་དང་། ལོ་རྒྱུས་ཀྱི་བྱས་རྗེས་རླབས་པོ་ཆེ་བསྐྱར་མ་གཏོད་པའི་སེམས་འགུལ་ཐེབས་ཡོད།

    འདས་ཟིན་པའི་ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་པ་ང་ཚོས་ལག་བསྟར་གཏིང་ཟབ་བྱས་པ་དང་། བརྟན་པོའི་ངང་ནས་ཡར་རྒྱས་ཡོང་བའི་སྤྱིའི་དགོངས་གཞི་མཐའ་འཁྱོངས། བརྟན་པོའི་ངང་ནས་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་སྤེལ། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་པ། ཉམས་ཉེན་འགོག་པ་བཅས་གཅིག་གྱུར་འཆར་འགོད་བྱས་ཤིང་། ཀྲུང་གོ་དང་ཨ་རི་བར་གྱི་དཔལ་འབྱོར་ཉོ་ཚོང་གི་ཕོག་ཐུག་ལ་ཁ་གཏད་བརྟན་པོར་བཅལ་བ། ལས་ཞུགས་བརྟན་པོ་དང་། དངུལ་རྩ་བརྟན་པོ། ཕྱི་ཕྱོགས་ཉོ་ཚོང་བརྟན་པོ། དངུལ་འཇོག་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་གང་ཐུབ་བྱས་པའི་ལས་དོན་གཙོ་བོ་གཤམ་གསལ།

    གཅིག་ནས་སྤྱི་ཁོག་སྙོམ་སྒྲིག་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་བ་དང་། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་རྒྱུན་མཐུད་བྱས་ཡོད། གནས་ཚུལ་གསར་པ་དང་འགྱུར་བ་གསར་པར་དམིགས་ནས། ང་ཚོས“ཞིང་ཆུ་འགྱིངས་གཏོང”ལྟ་བུའི་ཤུགས་རྐྱེན་མི་བཟོ་བ་མཐའ་འཁྱོངས་དང་། སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་ངང་ཚུལ་དང་བརྟན་པོའི་ངང་ཚུལ་རྒྱུན་འཁྱོངས་བྱས་ནས། བར་སྟོང་སྙོམ་སྒྲིག་གི་རྨང་གཞིའི་ཐོག་ཕྱོགས་ངེས་དང་། སྐབས་བསྟུན་སྙོམ་སྒྲིག རང་འགུལ་ངང་ནས་སྔོན་སྒྲིག ཕྲན་སྒྲིག་བཅས་བྱེད་ཤུགས་ཆེ་རུ་བཏང་ཡོད། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་ལེན་མཐའ་འཁྱོངས་བྱས་པ་དང་། ཁྲལ་གྲོན་གཅོག་པ་དང་། ཆད་སྐྱོན་གསབ་ནས་གྲུབ་ཚུལ་ལེགས་སྒྲིག་གང་ཐུབ་བྱས་ཡོད། གནས་ཐང་འཕར་ཁྲལ་གྱི་ཁྲལ་ཚད་བཅག་པ་དང་། ཁེ་ལས་ཆུང་ཕྲན་གྱི་དཔྱ་ཁྲལ་གཟིགས་སྐྱོང་བྱེད་ཁྱོན་ཆེ་རུ་བཏང་བ། ཞིབ་འཇུག་གསར་གཏོད་ལ་བསྔགས་སྐུལ་སོགས་ཀྱི་དཔྱ་ཁྲལ་སྲིད་ཇུས་འདོན་པ་བཅས་བྱས་ཡོད། ལོ་ཧྲིལ་པོར་ཁེ་ལས་དང་སྒེར་གྱི་ཁྲལ་གྲོན་སྒོར་དུང་ཕྱུར་ཁྲི་1.3ཙམ་བཅག་ཡོད། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཚུལ་ཇེ་ལེགས་སུ་བཏང་བ་དང་། ནོར་སྲིད་ཀྱི་གསོག་འཇོག་མ་དངུལ་གང་འགབ་ཅི་སྤྱོད་བྱས་པས། ཁྱབ་ཁོངས་གཙོ་གནད་ཀྱི་གཏོང་སྒོ་འགན་སྲུང་ཐུབ་ཡོད། དངུལ་ལོར་གྱི་སྲིད་ཇུས་བརྟན་པོ་ལག་ལེན་མཐའ་འཁྱོངས་བྱས་ཏེ། དངུལ་རྩས་དངོས་གཞིའི་དཔལ་འབྱོར་ལ་རོགས་སྐྱོར་བྱེད་པར་ཁྲིད་སྟོན་བྱས་ཡོད། མ་དངུལ་བསྡུ་རུབ་དཀའ་བ་དང་བསྡུ་རུབ་ཀྱི་གནས་ཐང་ཆེ་བར་དམིགས་ཏེ། སྔ་རྗེས་སུ་བཅོལ་དངུལ་གྱི་གྲབས་དངུལ་གཅོག་ཐེངས་4བྱས་ཤིང་། དམངས་གཉེར་དང་། ཁེ་ལས་ཆུང་ཕྲན་གྱི་མ་དངུལ་དཀོན་པའི་གནས་སྟངས་ཐབས་མང་མཉམ་སྤྱོད་ཐོག་ནས་ཞི་ལྷོད་དུ་བཏང་བས། མ་དངུལ་བསྡུ་རུབ་ཀྱི་མ་གནས་འཕར་ཚུལ་བཀག་འགོག་རགས་ཙམ་ཐུབ་ཡོད། མ་རྐང་ཚོང་ར་དང་། བུ་ལོན་ཁྲོམ་ར་འཕར་ཆག་ཆེ་ཚུལ་ལ་དུས་ཐོག་ཏུ་ཁ་གཏད་བཅལ་བས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་རྩ་བའི་ཆ་ནས་བརྟན་པོ་བྱུང་བ་དང་། ཕྱི་དངུལ་གསོག་འཇོག་ཨ་སྒོར་དུང་ཕྱུར་ཁྲི་3ཡན་རྒྱུན་མཐུད་ཐུབ་ཡོད།

    གཉིས་ནས་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་བརྟན་པོ་དང་ཡག་པོ་བརྒྱབ་པ་དང་། ལས་འགན་ལྟེ་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་རྒྱག་པའི་ལོ་གསུམ་རིང་གི་བྱ་སྤྱོད་འཆར་གཞི་བཟོས་པ་མ་ཟད། ལག་བསྟར་གོ་རིམ་ལྡན་པར་བྱས་ཡོད། གྲུབ་ཚུལ་རང་བཞིན་ལ་བརྟེན་ནས་བཀན་ཤིང་དོར་བ་བརྟན་པོའི་ངང་ནས་སྤེལ་བ་དང་། དངུལ་རྩའི་ཁྱབ་ཁོངས་ཀྱི་ཉམས་ཉེན་ཐག་གཅོད་འཚམ་པོར་བྱས་ཤིང་། ས་གནས་སྲིད་གཞུང་གི་བུ་ལོན་ཉམས་ཉེན་འགོག་ཟོན་བྱས་པ་དང་། ས་ཁང་བདག་ཁོངས་ཚོང་ར་སྙོམ་སྒྲིག་གི་ལམ་སྲོལ་སྒྱུར་བཅོས་འཐུས་ཚང་བྱས་ཡོད། གནད་སྨིན་དབུལ་སྒྲོལ་གཏིང་ཟབ་བྱས་པ་དང་། དབུལ་སྐྱོར་སྟོབས་ཤུགས་ཆེ་རུ་བཏང་བ། མ་དངུལ་འཇོག་ཤུགས་ཆེ་རུ་བཏང་བ། སྤྱི་ཚོགས་ཀྱི་རོགས་རེས་བྱེད་ཤུགས་ཆེ་རུ་བཏང་བ་བཅས་བྱས་པས། དབུལ་ཕོངས་ས་ཁུལ་རང་ངོས་འཕེལ་རྒྱས་གཏོང་ནུས་བརྟན་པོའི་ངང་ནས་ཆེ་རུ་སོང་ཡོད། གནམ་སྔོན་དང་། ཆུ་དྭངས། ས་གཙང་བཅས་སྲུང་ཐབས་ཕྱོགས་ཡོངས་ནས་བྱས་ཡོད། ནུས་ཁུངས་དང་སྐྱེལ་འདྲེན་གྱི་གྲུབ་ཚུལ་བཟང་པོར་གྱུར་ཡོད། བྱང་ཕྱོགས་ས་ཁུལ་དུ“རྡོ་སོལ་རླངས་སྒྱུར”དང་“རྡོ་སོལ་གློག་སྒྱུར”བརྟན་པོའི་ངང་ནས་ཁྱབ་སྤེལ་བྱས་ཡོད། ཆུ་དཔོན་ལམ་ལུགས་དང་། མཚེའུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་ཡོད། རྫས་འགྱུར་ཞིང་སྨན་སྤྱོད་ཚད་མཉམ་ཆག་བྱུང་བ་དང་། སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྐུལ་ཞིབ་བཤེར་གྱི་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། གནམ་གཤིས་ཀྱི་འགྱུར་བར་ཁ་གཏད་ཧུར་ཐག་བཅལ་ཡོད།

    གསུམ་ནས་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་ཟབ་ཏུ་སྤེལ་བ་དང་། དངོས་གཞིའི་དཔལ་འབྱོར་གྱི་གསོན་ཤུགས་རྒྱུན་མ་ཆད་པར་རྒྱས་སུ་བཅུག་ཡོད། “འདོར་འཛུགས་གཅོག་གསུམ”བྱེད་ཤུགས་ཆེ་རུ་བཏང་ཡོད། ངར་ལྕགས་དང་། རྡོ་སོལ་ལས་རིགས་ཚོང་ར་ཅན་དུ་བསྒྱུར་བར་ཐོན་ནུས་དོར་བའི་སྐུལ་སྤེལ་བཏང་ཡོད། མ་དངུལ་འཇོག་ཐབས་བརྟན་པོར་བྱས་ཤིང་། བཟོ་སྐྲུན་ལས་རིགས་ལ་མ་རྩ་འཇོག་པ་དང་། དམངས་ཁྲོད་ཀྱི་མ་རྩ་འཇོག་པའི་མྱུར་ཚད་མངོན་གསལ་ཆག་ཡོད། གྲོང་མིའི་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བའི་སྲིད་ཇུས་བཏོན་ཡོད། “འཕྲིན་སྦྲེལ་དྲ་བ+”ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་བ་དང་། ལག་རྩལ་གསར་པའི་མ་དཔེ་གསར་པར་བརྟེན་ནས་སྲོལ་རྒྱུན་གྱི་ཐོན་ལས་བསྒྱུར་བཀོད་བྱས་ཡོད། ལས་ཁུངས་ཁུ་བསྡུ་དང་ཁྲལ་གྲོན་གཅོག་རིགས་ཟབ་ཏུ་སྤེལ་བ་དང་། སྲིད་འཛིན་གྱི་ཆོག་འཐུས་དོན་དག་ཁག་གཅིག་མེད་པར་བཟོས་པ་དང་། “འཛིན་དཔང་དབྱེ་འབྱེད”ཀྱི་སྒྱུར་བཅོས་རྒྱལ་ཡོངས་ཁྱོན་དུ་ལག་ལེན་བྱས་ནས། ཁེ་ལས་འཛུགས་གཉེར་བྱེད་ཡུན་ཇེ་ཐུང་དུ་བཏང་ཞིང་། བཟོ་ལས་ཐོན་སྐྱེད་ཆོག་འཐུས་ཀྱི་ལག་ཁྱེར་སྣ་རིགས་སུམ་ཆ་གཅིག་ཡན་ཉུང་དུ་བཏང་ཡོད། “སྐབས་བསྟུན་གཉིས་དང་། ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་ཁྱོན་ཡོངས་ནས་ལག་ལེན་བྱས་ཡོད། ཁེ་ལས་དང་འབྲེལ་བ་ཡོད་པའི་རིན་དངུལ་བསྡུ་རིགས་གཙང་བཤེར་ཚད་ལྡན་བྱས་པ་དང་། གློག་དང་། དྲ་སྦྲེལ་བེད་སྤྱོད། དངོས་ཟོག་སྐྱེལ་འདྲེན་བཅས་ཀྱི་མ་གནས་ཆག་པར་བྱས་ཡོད། “འཕྲིན་སྦྲེལ་དྲ་བ+སྲིད་དོན་ཞབས་ཞུ”ཟབ་སྤེལ་བྱས་ཤིང་། ས་གནས་ཁག་གིས་ཁྱད་ཆོས་ལྡན་པའི་སྒྱུར་བཅོས་བྱེད་ཐབས་ཁག་གཅིག་འཚོལ་ཞིབ་ཁྱབ་སྤེལ་བྱས་པས། ཁེ་ལས་དང་མང་ཚོགས་རྒྱུན་མ་ཆད་པར་བྱ་བ་སྒྲུབ་བདེར་གྱུར་ཡོད།

    བཞི་ནས་གསར་གཏོད་ལ་བརྟེན་ནས་གོང་འཕེལ་ཡོང་བར་བྱེད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་། གསར་དུ་གཏོད་ནུས་དང་ཕན་འབྲས་ཇེ་ཆེར་བཏང་ཡོད། སྐྱེ་ཁམས་བཟང་སྒྱུར་གསར་གཏོད་ཤུགས་ཆེན་བྱས་པ་དང་། གསར་གཏོད་ཀྱི་བྱེད་པོ་ཁག་གི་ཧུར་སེམས་སྐུལ་སློང་བྱས་ཡོད། ཚན་རྩལ་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། འགག་རྩ་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་ཁྱབ་སྤེལ་བྱས་པ་དང་། ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། ཚན་རྩལ་གསར་གཏོད་ལྟེ་གནས་སོགས་པ་གལ་ཆེན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད། ཁེ་ལས་ཀྱི་ལག་རྩལ་གསར་དུ་གཏོད་པའི་བྱེད་པོའི་གོ་གནས་ཆེ་རུ་བཏང་སྟེ། ཞིབ་འཇུག་གསར་སྤེལ་བྱེད་གྲོན་སྣོན་རྩིས་འཕྲི་འཐེན་གྱི་བསྡུར་ཚད་མཐོ་རུ་གཏོང་བའི་སྲིད་ཇུས་ཁེ་ལས་ཡོངས་སུ་མཆེད་པར་བྱས་ཡོད། གསར་གཏོད་གཉིས་འཕེལ་རྒྱས་ཟབ་ཏུ་གཏོང་བར་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་བྱེད་ཐབས་གཏན་ལ་ཕབ་པ་དང་། ལག་རྩལ་གན་རྒྱ་ཚོང་འགྲིག་ཐུབ་གྲངས་30%ཡན་འཕར་ཡོད། ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་ཕུལ་ཚད་58.5%བར་མཐོ་རུ་ཕྱིན་ཡོད།

    ལྔ་ནས་སྒྱུར་བཅོས་སྒོ་འབྱེད་བྱེད་ཤུགས་ཆེ་རུ་བཏང་བ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། གཞུང་དབང་མ་རྩ་དང་ཁེ་ལས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། གཞུང་དབང་ཁེ་ལས་བཟང་སྒྱུར་བསྐྱར་སྒྲིག་དང་། སྤུས་འབྲས་ལེགས་སྐྱོང་ལ་གྲུབ་འབྲས་ཐོབ་ཡོད། དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་དཀའ་ངལ་དང་གནད་དོན་ཐུག་པར་དམིགས་ཏེ། ཐབས་བརྒྱ་ཇུས་སྟོང་ཐོག་ནས་དཀའ་ཉེན་སེལ་རོགས་བྱས་ཡོད། ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་སྤེལ་བཏང་བ་དང་། སྔོན་རྩིས་ཀྱི་གྲུབ་འབྲས་དོ་དམ་སྒྱུར་བཅོས་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས་ཡོད། དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་བྱས་པ་དང་། ཁེ་སྤོགས་དང་། དངུལ་བརྗེས་ཚོང་ར་ཅན་དུ་འགྱུར་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། ཞིང་ལས་དང་། གྲོང་གསེབ། སྤྱི་ཚོགས་ཀྱི་བྱ་གཞག སྐྱེ་ཁམས་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་མུ་མཐུད་ཟབ་སྤེལ་བྱས་ཡོད། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་བྱེད་ཐབས་འགངས་ཆེན་རབ་དང་རིམ་པ་བཏོན་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྣེ་ཁྲིད་ཀྱི་ཕན་ནུས་རྒྱུན་མཐུད་ངང་ཐོན་པ་དང་། ལམ་རྒྱུད་རྒྱལ་ཁབ་དང་མཉམ་ལས་ལམ་སྲོལ་རྒྱུན་མ་ཆད་པར་སྐྱོན་བྲལ་བྱུང་ཞིང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྤེལ་རེས་ཁྱབ་སྤེལ་མགྱོགས་སུ་བཏང་ཡོད། ཕྱི་ཕྱོགས་ཉོ་ཚོང་གི་སྲིད་ཇུས་བརྟན་པོ་བཏོན་པ་དང་། དངོས་ཟོག་འགག་སྒོ་གྲོལ་ཡུན་ཕྱེད་ཀ་ཙམ་ཐུང་དུ་བཏང་ཡོད། དངོས་ཟོག་འགའ་ཞིག་གི་ཕྱིར་གཏོང་སྒོ་ཁྲལ་བཅག་པ་དང་། སྒོ་ཁྲལ་གྱི་སྤྱིའི་ཚད་གཞི་9.8%ནས་7.5%བར་བཅག་ཡོད། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་ཁག་གཅིག་གསར་དུ་བཙུགས་ཡོད། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་སྒྱུར་བཅོས་ཚོད་ལྟ་འདྲ་བཟོ་ཁྱབ་སྤེལ་བྱས་ཡོད། ཕྱི་རྒྱལ་གྱི་མ་དངུལ་བཅུག་འཐུས་ལྡོག་ཕྱོགས་གསལ་ཐོ་ཇེ་ཉུང་དུ་བཏང་བ་དང་། དངུལ་རྩ་དང་། རླངས་འཁོར་སོགས་པའི་ལས་རིགས་ཀྱི་སྒོ་འབྱེད་རྒྱ་ཆེ་རུ་བཏང་ཞིང་། ཕྱི་རྒྱལ་གྱི་མ་དངུལ་ལས་གཞི་གལ་ཆེན་ཁག་གཅིག་རྩ་བ་ཚུགས་པ་དང་། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་གསར་པ་འཛུགས་གྲངས་70%རུ་ཉེ་བ་མང་དུ་ཕྱིན་ཡོད།

    དྲུག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་གཅིག་གྱུར་འཆར་འགོད་ཀྱིས་འཕེལ་རྒྱས་བཏང་བས། ཕན་ཚུན་སྐུལ་རེས་ཀྱི་རྣམ་པ་བཟང་པོ་ཆགས་ཡོད། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ནུས་ལྡན་བྱས་པ་དང་། འབྲུ་རིགས་ཐོན་འབོར་བསྡོམས་གྲངས་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་ཐུབ་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་ཁྱབ་སྤེལ་ཏན་ཏིག་བྱས་པ་དང་། ཞིང་ལས་སྤོ་སྒྱུར་གྱི་མི་གྲངས་ཁྲི་1400རུ་ཉེ་བ་གྲོང་ཁྱེར་དང་གྲོང་རྡལ་དུ་གཞིས་ཆགས་ཡོད། ནུབ་རྒྱུད་གསར་སྤེལ་དང་། བྱང་ཤར་དར་རྒྱས། དབུས་རྒྱུད་དར་སྤེལ། ཤར་རྒྱུད་སྔོན་ལ་འཕེལ་རྒྱས་བཅས་ཀྱི་སྐུལ་སྤེལ་བཏང་བ་དང་། སྒྱུར་བཅོས་གསར་གཏོད་བྱེད་ཐབས་ཁག་གཅིག་བཏོན་ཡོད། པེ་ཅིན་དང་ཐེན་ཅིན། ཧོ་པེ་ས་ཁུལ་གསུམ་མཐུན་སྦྱོར་ངང་ནས་འཕེལ་རྒྱས་གཏོང་བར་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྐྱེ་ཁམས་ལ་གཟིགས་སྐྱོང་བྱས་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་མ་ཆད་པར་སྲ་བརྟན་དུ་བཏང་ཡོད། ཡུའེ་ཀང་ཨའོ་གསུམ་པོའི་ཁུག་ཆེན་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་དོན་དམ་གྱི་གོམ་སྟབས་སྤོས་པ་དང་། ཀང་ཀྲུའུ་ཨའོ་ཟམ་ཆེན་བསྐྲུན་ནས་རླངས་འཁོར་ཤར་བགྲོད་ཐུབ་ཡོད། གསར་བརྗེའི་གནས་རྙིང་ཁུལ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་སྒྱུར་བཅོས་འཕེལ་རྒྱས་གཏོང་རོགས་བྱེད་ཤུགས་ཆེ་རུ་བཏང་ཡོད། མྱུར་བགྲོད་ལྕགས་ལམ་དུ་སྐྱེལ་འདྲེན་བྱེད་པའི་ལམ་ཚད་སྤྱི་ལེ་4100དང་། མྱུར་བགྲོད་གཞུང་ལམ་སྤྱི་ལེ་6000ལྷག་ཙམ། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་30ལྷག་ཙམ་བཅས་གསར་སྐྲུན་ལེགས་བཅོས་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་མཐུན་སྦྱོར་ངང་ནས་རྒྱུན་མཐུད་བྱེད་ཤུགས་ཆེ་རུ་ཕྱིན་ཡོད།

    བདུན་ནས་འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་སྲུང་དང་ལེགས་བཅོས་མཐའ་འཁྱོངས་བྱས་པ་དང་། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ལ་སྔར་བས་ཇེ་མང་དང་དྲང་སྙོམས་སུ་ཕན་ཡོད། ཕྱི་རོལ་ཁོར་ཡུག་ལ་འགྱུར་བ་བྱུང་བའི་དབང་གིས་ལས་ཞུགས་ལ་གནོད་པར་དམིགས་ནས། དུས་ཐོག་ཏུ་ལས་ཞུགས་བརྟན་པོ་ཡོང་ཐབས་བཏོན་ཡོད། འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཕོགས་ཐོབ་ཐང་སྲིད་ཇུས་ཁྱབ་སྤེལ་དོན་འཁྱོལ་ཤུགས་ཆེན་བྱས་པ་དང་། གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་གྲོང་གསེབ་ཀྱི་ཞག་སྡོད་ལམ་ལུགས་སློབ་གྲྭ་འཛུགས་ཤུགས་ཆེ་རུ་བཏང་ནས་མཐོ་རིམ་སློབ་གསོ་གོ་དོན་རྣམ་པའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ཁེ་ལས་ཀྱི་ལས་བཟོ་པའི་མ་མཐའི་རྒན་གསོའི་འགན་བཅོལ་ཐེབས་རྩ་ཀྲུང་དབྱང་གིས་སྙོམ་སྒྲིག་བྱེད་པའི་ལམ་ལུགས་བཙུགས་པ་དང་། རྒན་ཡོལ་ཞུ་མཁན་གྱི་མ་མཐའི་རྒན་གསོའི་འཚོ་དངུལ་མང་དུ་བཏང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་འཚོ་དངུལ་གྱི་ཚད་གཞི་དམའ་ཤོས་ཟླ་རེར་སྒོར་70ཡིན་པ་ནས་88བར་མང་དུ་བཏང་ཡོད། གཟིགས་སྐྱོང་དང་། འགན་སྲུང་དམའ་ཤོས་སོགས་པའི་ཚད་གཞི་མུ་མཐུད་མཐོ་རུ་བཏང་སྟེ། དབང་པོ་སྐྱོན་ཅན་པར“ཁ་གསབ་རིགས་གཉིས”བྱེད་ཁྱོན་ཆ་རྐྱེན་ལོན་མི་ཚང་མར་ཕན་པར་བྱས་ཡོད། དམག་ལོག་དམག་མིར་ཞབས་ཞུ་དོ་དམ་གྱི་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་ནས། དམག་ལོག་དམག་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཡོད། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རིགས་དང་སྨན་པ་བཅས་མཉམ་སྒུལ་སྒྱུར་བཅོས་ཟབ་ཏུ་སྤེལ་བ་དང་། རིམ་དབྱེའི་ནད་བརྟག་སྨན་བཅོས་ཁྱབ་སྤེལ་བརྟན་པོར་བྱས་ཡོད། སྡོད་དམངས་ཀྱི་མ་མཐའི་སྨན་བཅོས་འགན་བཅོལ་གྱི་འཚོ་སྣོན་ཚད་གཞི་དང་ནད་ཆེན་འགན་བཅོལ་ཐོག་ནས་འགྲོ་སོང་རྩིས་ཞུའི་བསྡུར་ཚད་ཆེ་རུ་བཏང་ཡོད། སྨན་རིགས་གསར་པར་དཔྱད་དཔོག་དང་ཞིབ་མཆན་འགོད་ལུགས་སྒྱུར་བཅོས་མགྱོགས་སུ་བཏང་སྟེ། སྐྲན་ནད་འགོག་སྨན་རིགས་17གྱི་གོང་ཚད་ཇེ་ཆེར་བཅག་པ་མ་ཟད་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་དཀར་ཆག་ཏུའང་བཅུག་ཡོད། རིག་གནས་དམངས་ཕན་གྱི་ལས་གཞི་ཁྱབ་སྤེལ་མགྱོགས་སུ་བཏང་བ་དང་། གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུར་བསྟུད་མར་ཤུགས་སྣོན་བརྒྱབ་ཡོད། དམངས་ཡོངས་ཀྱི་གཟུགས་གཞི་བདེ་ཐང་ཡར་ངོའི་ཟླ་ལྟར་འཕེལ་བ་དང་། ལུས་རྩལ་བུ་རྒོད་ཀྱིས་རྒྱལ་སྤྱིའི་འགྲན་བསྡུར་ཆེན་མོའི་ཐོག་གྲུབ་འབྲས་གཡུར་ཟ་བསྐྱར་མར་བླངས་ཡོད།

    བརྒྱད་ནས་ཁྲིམས་སྐྱོང་གི་སྲིད་གཞུང་འཛུགས་སྐྲུན་དང་བཅོས་སྐྱོང་གསར་གཏོད་ཁྱབ་སྤེལ་བྱས་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་མཐུད་བྱུང་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་ལ་བཅའ་ཁྲིམས་ཀྱི་གྲོས་གཞི་18གྲོས་ཞིབ་གནང་བྱར་ཕུལ་བ་དང་། སྲིད་འཛིན་ཁྲིམས་སྲོལ་37གཏན་འབེབས་དག་བཅོས་བྱས་ཡོད། སྲིད་གཞུང་གི་སྒྲིག་གཞི་བཟོ་འགོད་དང་འགན་ནུས་བགོ་སྒྲིག་སྒྱུར་བཅོས་དང་ལེགས་སྒྲིག་བྱས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་མོ་གཏིང་ཟབ་སྤེལ་བ་དང་། སྒྱུར་བཅོས་འཕེལ་རྒྱས་ཀྱི་སྲིད་ཇུས་དང་བཀོད་པ་དོན་འཁྱོལ་ཡོང་བར་བྱས་ཡོད། རྩིས་བཤེར་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་སྒྱུར་བཅོས་འཐུས་སྒོ་ཚང་དུ་བཏང་ཞིང་། ཡིག་བསྐུར་ངོ་བཅར་ལས་དོན་སྒྲུབ་སྟངས་གསར་དུ་གཏོད་ཡོད། འཕྲལ་བསྟུན་དོ་དམ་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས། རང་བྱུང་གི་གནོད་འཚེ་ཚབས་ཆེན་ལ་དུས་ཐོག་ཏུ་ཁ་གཏད་ཕན་འབྲས་ཐོན་པར་བཅལ་བ་དང་། ཐོན་སྐྱེད་བདེ་འཇགས་ཐད་བྱུར་ཉེས་བྱུང་འབོར་དང་བྱུར་ཉེས་ཚབས་ཆེན་དང་དམིགས་བསལ་ཆེན་པོ་བྱུང་འབོར་བསྟུད་མར་ཆག་ཡོད། ཟས་རིགས་དང་སྨན་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁྲང་ཁྲུན་ཁྲང་ཧྲེང་ཀུང་སི་སོགས་པའི་སྐྱོན་ལྡན་རིམས་འགོག་སྨན་ཁབ་གྱི་གྱོད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཤིང་། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་བཏང་ཡོད། སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ནག་སེལ་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་བྱས་ཤིང་། ཁྲིམས་འགལ་ཉེས་གསོག་གི་རིགས་ལ་ཁྲིམས་མཐུན་ལྟར་རྡུང་རྡེག་བཏང་བས། དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་གསར་པ་ཐོབ་ཡོད།

    གཉིས། 2019ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱི་ཡོངས་ཀྱི་བླང་བྱ་དང་སྲིད་ཇུས་འཕེལ་ཕྱོགས།

    ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྔོན་དཔག་གི་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6%ནས་6.5%བར་འཕར་བར་བྱེད་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་པ་མི་གྲངས་ཁྲི་1100ཡན་འཕར་བར་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་5.5%ཡས་མས་ཟིན་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཤོར་པ་4.5%ནང་ཚུན་ལས་མི་བརྒལ་བ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་སུ་ཚོད་འཛིན། རྒྱལ་སྤྱིའི་གཏོང་ཡོང་རྩ་བའི་ཆ་ནས་དོ་མཉམ། ཕྱིར་གཏོང་ནང་འདྲེན་བརྟན་ཞིང་སྤུས་ཀ་ལེགས་སུ་གཏོང་བ། སྤྱི་ཁོག་གི་བཀན་ཤིང་ནུས་ཚད་གཞི་རྩའི་ཆ་ནས་བརྟན་པོ། དངུལ་རྩའི་ནོར་སྲིད་ཀྱི་ཉམས་ཉེན་ཚོད་འཛིན་ནུས་ལྡན། གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་ཁྲི་1000ཡན་ཉུང་དུ་འགྲོ་བ། གྲོང་མིའི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་རྩ་བའི་ཆ་ནས་གཅིག་མཚུངས། སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་བཅོས། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་གི་ནུས་ཁུངས་ཟད་གྲོན་3%ཡས་མས་སུ་ཆག་པ། སྦགས་བཙོག་དངོས་རིགས་གཙོ་བོ་འབུད་ཚད་མུ་མཐུད་ཆག་པ་བཅས་བྱེད་རྒྱུ་རེད། གོང་གསལ་སྔོན་དཔག་དམིགས་འབེན་གཙོ་བོའི་ཐོག་ནས། སྤུས་ཀ་ལེགས་པོ་དགོས་པའི་འཕེལ་རྒྱས་ཀྱི་བླང་བྱ་མཚོན་ཞིང་། རང་རྒྱལ་གྱི་འཕེལ་རྒྱས་དངོས་དང་འཚམ་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་དམིགས་འབེན་དང་འབྲེལ་མཐུད་བྱས་པས། དགེ་མཚན་ལྡན་ཞིང་འོས་ཤིང་འཚམ་པ་རེད། དམིགས་འབེན་འདི་དག་མངོན་འགྱུར་བྱེད་པར། དཀའ་སྤྱད་འབད་བརྩོན་བྱེད་དགོས།

    སྤྱི་ཁོག་སྲིད་ཇུས་ཀྱི་འཕེལ་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་དངུལ་ལོར་གྱི་སྲིད་ཇུས་བརྟན་པོ་མུ་མཐུད་དོན་འཁྱོལ་དང་། ལས་ཞུགས་གཟིགས་སྐྱོང་གི་སྲིད་ཇུས་དོན་འཁྱོལ། སྲིད་ཇུས་ཀྱི་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་བར་སྟོང་དུ་འགན་ལེན་དང་། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་བྱེད་རྒྱུ་ཡིན།

    དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་ནུས་པ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ། ད་ལོའི་ཆད་གྲངས་མཚལ་ཡིག་2.8%བཀོད་སྒྲིག་བྱེད་རྩིས་ཡོད་པ་འདི་ན་ནིང་གི་སྔོན་རྩིས་ལས་བརྒྱ་ཆའི་གཞི་གྲངས་0.2ཀྱིས་མང་ཞིང་། ནོར་སྲིད་ཀྱི་ཆད་གྲངས་མཚལ་ཡིག་སྒོར་དུང་ཕྱུར་ཁྲི་2.76ཡིན་པ་དེའི་ནང་ཀྲུང་དབྱང་གི་ནོར་སྲིད་ཆད་གྲངས་མཚལ་ཡིག་སྒོར་དུང་ཕྱུར་ཁྲི་1.83ཡིན་པ་དང་། ས་གནས་ཀྱི་ནོར་སྲིད་ཆད་གྲངས་མཚལ་ཡིག་སྒོར་དུང་ཕྱུར་9300རེད།

    དངུལ་ལོར་གྱི་སྲིད་ཇུས་བརྟན་པོ་དམ་ལྷོད་རན་པོ་ཡོང་བར་བྱེད་རྒྱུ། ཁྱབ་ཆེའི་དངུལ་ལོར་M2དང་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རུབ་བྱེད་འབོར་འཕར་བའི་མྱུར་ཚད་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་མིང་ཁྱེར་འཕར་ཚད་དང་ཆ་མཚུངས་པར་བྱས་ནས། དཔལ་འབྱོར་གྱི་འཁོར་སྐྱོད་ལུགས་མཐུན་བར་སྟོང་དུ་རྒྱུན་མཐུད་བྱེད་པའི་དགོས་མཁོ་སྔར་ལས་ལེགས་པར་བསྐང་རྒྱུ།

    ལས་ཞུགས་སྔོན་ལ་བྱེད་པའི་སྲིད་ཇུས་ལ་ཕྱོགས་ཡོངས་ནས་ཤུགས་རྒྱག་རྒྱུ། ལས་ཞུགས་ནི་དམངས་འཚོའི་རྩ་བ་དང་། རྒྱུ་ནོར་གྱི་འབྱུང་ཁུངས་རེད། ད་ལོ་ལས་ཞུགས་སྔོན་གྱི་སྲིད་ཇུས་དེ་ཐོག་མར་སྤྱི་ཁོག་སྲིད་ཇུས་ཀྱི་རིམ་པར་འཇོག་དོན་ནི་ལས་ཞུགས་ལ་ཕྱོགས་གང་ཅིས་མཐོང་ཆེན་དང་། ལས་ཞུགས་ལ་རོགས་སྐྱོར་བྱེད་པའི་ཁྲིད་ཕྱོགས་སྔར་བས་ཇེ་ཆེར་གཏོང་ཕྱིར་ཡིན། དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་། རང་རྒྱལ་གྱི་ལས་ཞུགས་བསྡོམས་འབོར་གྱི་གནོན་ཤུགས་ཆུང་དུ་མི་འགྲོ་ལ་གྲུབ་ཚུལ་རང་བཞིན་གྱི་འགལ་བ་འབུར་དུ་ཐོན་པ་དང་། ཤུགས་རྐྱེན་གསར་པའི་རྒྱུ་རྐྱེན་ད་དུང་མང་དུ་འགྲོ་བཞིན་ཡོད་པས། ངེས་པར་དུ་ལས་ཞུགས་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་འཇོག་རྒྱུ། བརྟན་པོའི་ངང་འཕར་སྣོན་ཡོང་བར་བྱེད་ན་ཐོག་མར་ལས་ཞུགས་འགན་ལེན་བྱེད་དགོས། ད་ལོ་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་འཕར་སྣོན་བྱུང་བའི་ལས་ཞུགས་ཀྱི་སྔོན་དཔག་དམིགས་འབེན་གྱི་རྨང་གཞིའི་ཐོག ཉེ་བའི་ལོ་འགའི་ལས་ཞུགས་གྲངས་འབོར་དངོས་ཀྱི་ཚད་དུ་སླེབས་པའི་འབད་བརྩོན་བྱེད་དོན་ནི་གྲོང་ཁྱེར་དང་གྲོང་རྡལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་འགན་སྲུང་བྱེད་པ་ཡིན་ལ། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་སྤོ་སྒྱུར་གྱིས་ལས་ཞུགས་བྱེད་པར་བར་སྟོང་འཇོག་པའི་ཆེད་དུའང་ཡིན་པས། ལས་ཞུགས་བརྟན་པོ་དང་། ཡོང་འབབ་འཕར་ན། ང་ཚོར་བློ་གདེང་དེ་བས་ཆེ་བ་ཡོང་ཐུབ།

    འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་གཙོ་གནད་དུ་འཛིན་པ་མུ་མཐུད་མཐའ་འཁྱོངས་བྱས་ཏེ། “སྲ་བརྟན་དང་། ཇེ་ཆེ། རིམ་སྤོར། ཤར་བགྲོད”བཅས་ཡིག་འབྲུ་བརྒྱད་ཀྱི་ཐད་ཤུགས་རྒྱག་རྒྱུ། སྒྱུར་བཅོས་བྱེད་ཐབས་སྔར་ལས་མང་པོ་སྤྱོད་པ་དང་། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཐབས་ཤེས་སྔར་ལས་མང་པོ་སྤྱད་དེ། “གསུམ་དོར་གཅིག་གཅོག་གཅིག་གསབ”ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཕྲ་མཐོང་བྱེད་པོའི་གསོན་ཤུགས་ཆེ་རུ་གཏོང་ཞིང་ཐོན་ལས་ཕྲེང་བའི་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་བཤར་བགྲོད་བཅས་བྱས་ཐོག དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་ཡོང་བར་བྱེད་རྒྱུ།

    འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མུ་མཐུད་ལེགས་པོ་བརྒྱབ་སྟེ། ཤུགས་འདོན་གནད་འཁེལ་དང་དངོས་ཕན་དོན་གཉེར་བྱེད་རྒྱུ། ཉེན་ཁ་ཆེན་པོ་འགོག་ཟོན་དང་སེལ་ཐབས་བྱེད་པའི་གཞི་ཐིག་གི་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲུབ་ཚུལ་རང་བཞིན་གྱི་བཀན་ཤིང་མེད་པར་བཟོ་བ་མཐའ་འཁྱོངས། དངུལ་རྩའི་ཚོང་ར་རྒྱུན་ལྡན་མིན་པའི་གཡོ་འགུལ་འགོག་ཟོན། ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་ཐག་གཅོད་འཚམ་པོ། ནང་འཛུལ་རང་བཞིན་གྱི་ཉམས་ཉེན་འགོག་ཟོན་བཅས་བྱེད་རྒྱུ། དབུལ་སྒྲོལ་གནད་སྨིན་བྱེད་ན་ད་སྤྱོད་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱེད་ཅིང་། ཤིན་ཏུ་དབུལ་ཁུལ་དང་དམིགས་བསལ་དབུལ་ཕོངས་ཚོགས་པར་རྩེ་གཅིག་ཏུ་དམིགས་ཏེ། དབུལ་སྒྲོལ་བྱེད་ཤུགས་ཇེ་ཆེ་དང་དབུལ་བྲལ་སྤུས་ཀ་ཇེ་ལེགས་སུ་གཏོང་རྒྱུ། སྦགས་བཙོག་བཅོས་སྐྱོང་བྱེད་སྐབས་གནམ་སྔོན་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་ལེན་པ་སོགས་ཀྱི་ལས་འགན་ལྟེ་བར་དམིགས་ནས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག རྩ་ལག་མཉམ་བཅོས་བཅས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་བཅོས་བྱེད་རྒྱུ།

    ད་ལོའི་སྲིད་གཞུང་གི་ལས་དོན་ལེགས་པོར་བསྒྲུབ་པར། གཤམ་གྱི་འབྲེལ་བ་འགའ་གལ་ཆེར་བཟུང་ནས་ཁོང་དུ་ཆུད་དགོས་ཏེ། གཅིག་ནས་རྒྱལ་ནང་དང་རྒྱལ་སྤྱིའི་འབྲེལ་བ་གཅིག་གྱུར་འཆར་འགོད་ལེགས་པོར་བྱས་ནས། སེམས་ནུས་གཅིག་སྒྲིལ་གྱིས་རང་གི་ལས་དོན་ལེགས་པོར་བསྒྲུབ་རྒྱུ། གཉིས་ནས་བརྟན་པོའི་ངང་འཕར་བ་དང་ཉེན་ཁ་འགོག་ཟོན་གྱི་འབྲེལ་བ་དོ་མཉམ་བྱས་ནས། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་རྒྱུ། གསུམ་ནས་སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོར་བྱས་ཏེ། སྒྱུར་བཅོས་སྒོ་འབྱེད་ལ་བརྟེན་ནས་ཚོང་རའི་བྱེད་པོའི་གསོན་ཤུགས་སྐུལ་སློང་བྱེད་རྒྱུ།

    གསུམ། 2019ལོའི་སྲིད་གཞུང་གི་ལས་འགན།

    ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ལྗིད་ལ་འགྲན་སློང་མང་བ་དང་བླང་བྱ་མཐོན་པོ་རེད། ང་ཚོས་གཙོ་གནད་འབུར་ཐོན་དང་གནད་འགག་དམ་འཛིན་བྱས་ཏེ་ལས་དོན་ཁག་དངོས་གནས་ལེགས་པོར་བསྒྲུབ་རྒྱུ་ཡིན།

    (གཅིག) སྤྱི་ཁོག་སྙོམ་སྒྲིག་མུ་མཐུད་ནས་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་སྟེ་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་བར་སྟོང་དུ་འགན་ལེན་བྱེད་རྒྱུ། ཚོང་ར་ཅན་དང་། སྒྱུར་བཅོས་ཀྱི་བསམ་བློ་དང་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སྒྲོལ་བ་མཐའ་འཁྱོངས་དང་། སྤྱི་ཁོག་སྲིད་ཇུས་ཀྱི་དུས་འཁོར་ལས་ཟློག་པའི་སྙོམ་སྒྲིག་གི་ནུས་པ་འདོན་སྤེལ་ཡག་པོར་བྱེད་པ། ནོར་སྲིད་དང་། དངུལ་ལོར། ལས་ཞུགས་བཅས་ཀྱི་སྲིད་ཇུས་ཐབས་ལམ་ཕུན་སུམ་ཚོགས་སུ་གཏོང་བ་དང་བབ་བསྟུན་ཐོག་སྤྱད་དེ། སྙོམ་སྒྲིག་གི་རྒྱང་ལྟའི་རང་བཞིན་དང་། དམིགས་གཏད་རང་བཞིན། ཕན་ལྡན་རང་བཞིན་བཅས་ཆེ་རུ་བཏང་ནས། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་བྱེད་པར་མཐུན་རྐྱེན་བསྐྲུན་རྒྱུ།

    གཞི་ཁྱོན་ཆེ་བའི་དཔྱ་ཁྲལ་ཆག་ཡང་གཏོང་རྒྱུ། ཀུན་ཕན་རང་བཞིན་གྱི་དཔྱ་ཁྲལ་གཅོག་པ་དང་གྲུབ་ཚུལ་རང་བཞིན་གྱི་དཔྱ་ཁྲལ་མཉམ་གཅོག་བྱས་ནས། བཟོ་སྐྲུན་ལས་རིགས་དང་ཁེ་ལས་ཆུང་ཕྲན་གྱི་དཔྱ་ཁྲལ་ཁུར་པོ་ཡང་དུ་གཏོང་རྒྱུ།

    ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་དངུལ་གྱི་ཁུར་པོ་མངོན་གསལ་ཡང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་སྡེ་ཚན་གྱི་གྲོན་དངུལ་སྤྲོད་པའི་བསྡུར་ཚད་ཆུང་དུ་གཏོང་བ་དང་། ས་གནས་ཁག་གིས་16%བར་བཅག་ཆོག

    ཁྲལ་གྲོན་གཅོག་རྒྱུ་དོན་ཐོག་ཏུ་གནད་འཁེལ་ཐུབ་པའི་འགན་ལེན་བྱེད་རྒྱུ། ཁྲལ་གྲོན་གཅོག་པ་ནི་དེང་དུས་ཀྱི་ཚོང་རའི་བྱེད་པོའི་ཞན་ཆ་དང་དཀའ་གནད་ལ་བསྟུན་པ་ཡིན་པས། དྲང་གཞག་ཡིན་ལ་ཕན་གོ་ཡང་ཆོད་པའི་སྲིད་ཇུས་རེད། ལོ་ཧྲིལ་པོར་ཁེ་ལས་ཀྱི་ཁྲལ་འབབ་དང་སྤྱི་ཚོགས་འགན་བཅོལ་བྱེད་གྲོན་གྱི་ཁུར་པོ་སྒོར་དུང་ཕྱུར་ཁྲི་2ཡང་དུ་གཏོང་རྒྱུ་ཡིན་པ་འདིའི་དབང་གིས་ནོར་སྲིད་རིམ་པ་ཁག་ལ་གནོན་ཤུགས་ཆེན་པོ་ཡོང་ངེས་ཡིན་པས། ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་རོགས་བྱེད་པའི་ཆེད་དུ། རིམ་ཁག་སྲིད་གཞུང་གིས་བཟའ་མཁས་སྤྱོད་མཁས་དང་། ཐབས་བརྒྱ་ཇུས་སྟོང་ཐོག་ནས་མ་དངུལ་གསོག་འཇོག་བྱེད་དགོས།

    ཁེ་ལས་ཀྱི་མ་དངུལ་བསྡུ་རུབ་དཀའ་བ་དང་བསྡུ་རུབ་ཀྱི་གནས་ཐང་ཆེ་བའི་དཀའ་ངལ་ཞི་ལྷོད་དུ་གཏོང་གང་ཐུབ་བྱེད་རྒྱུ།

    ས་གནས་སྲིད་གཞུང་གི་བུན་འཛིན་ནུས་པ་འདོན་སྤེལ་ཕན་ནུས་ཐོན་པར་བྱེད་རྒྱུ།

    སྣེ་མང་མཉམ་འཛིན་གྱིས་ལས་ཞུགས་བརྟན་པོ་ཡོང་བ་དང་རྒྱ་སྐྱེད་རྒྱུ། སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་དང་དམག་ཞབས་ཐིམ་པའི་དམག་མི། ཞིང་པ་ལས་མི་སོགས་ཀྱི་ཚོགས་པ་གཙོ་བོའི་ལས་ཞུགས་ལས་ཀ་ཏན་ཏིག་ངང་ནས་ལེགས་པོར་བསྒྲུབ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དཀའ་བའི་མི་སྣའི་ལས་ཀར་ཞུགས་པར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱས་ནས་ལོ་ཕྱེད་ཡན་ལོན་པའི་མི་སྣ་བསྡུ་སྤྱོད་བྱེད་མཁན་ཁེ་ལས་སྣ་ཚོགས་ལ་ལོ་གསུམ་རིང་ཁྲལ་གྲོན་བཅད་གྲངས་གཅོག་རྒྱུ། ལས་ཞུགས་སྟབས་བསྟུན་དང་ལས་ཞུགས་གསར་པའི་རྣམ་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ལས་ཞུགས་ཁྲོད་ཀྱི་ཕོ་མོ་དང་ཐོབ་ཐང་དབྱེ་འབྱེད་ལ་སྣང་ཆུང་བྱེད་རིགས་བཀག་འགོག་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་རྒྱུ། ལས་རིགས་ཀྱི་ནུས་རྩལ་ཆེ་རུ་གཏོང་བའི་ལས་སྒོ་སྤེལ་རྒྱུ་དང་། ལས་ཤོར་འགན་བཅོལ་ཐེབས་རྩ་ལྷག་མའི་ཁྲོད་ནས་སྒོར་དུང་ཕྱུར་1000བཏོན་ཏེ། མི་ཐེངས་གྲངས་ཁྲི་1500ཡན་གྱི་ལས་བཟོ་པའི་ནུས་རྩལ་ཆེ་རུ་གཏོང་བ་དང་ལས་རྐང་དང་ལས་རིགས་སྒྱུར་བའི་གསོ་སྐྱོང་བྱེད་བྱར་སྤྱོད་རྒྱུ། ལག་རྩལ་བཟོ་པའི་ལས་རིགས་འཕེལ་རྒྱས་ཀྱི་ལམ་སྲོལ་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། དེང་རབས་ཀྱི་ལས་རིགས་སློབ་གསོ་འཕེལ་རྒྱས་མགྱོགས་སུ་བཏང་ན། དེང་གི་ལས་ཞུགས་གནོན་ཤུགས་ཞི་ལྷོད་དུ་འགྲོ་བར་ཕན་ཕོགས་ཡོད་ལ། ལག་རྩལ་མཐོ་བའི་མི་སྣ་དཀོན་ཚུལ་ཐག་གཅོད་བྱེད་ཐབས་ཀྱང་རེད། མཐོ་རིམ་ལས་རིགས་སློབ་ཆེན་དང་སློབ་གྲྭའི་རྒྱུགས་སྤྲོད་སློབ་བསྡུའི་བྱེད་ཐབས་སྒྱུར་བཅོས་འཐུས་ཚང་བྱས་ཏེ། ད་ལོའི་མཐོ་རིམ་མཐར་ཕྱིན་སློབ་མ་དང་། དམག་ལོག ལས་བྲལ་ལས་བཟོ་པ། ཞིང་པ་ལས་མི་སོགས་སྔར་ལས་མང་པོས་རྒྱུགས་ཐོ་འགོད་པར་སྐུལ་མ་གཏོང་རྒྱུ་དང་། ད་ལོ་མི་ཁྲི་100བསྡུ་ཁྱོན་ཆེ་རུ་གཏོང་རྒྱུ། མཐོ་རིམ་ལས་རིགས་སློབ་གླིང་གི་སློབ་སྐུལ་བྱ་དགའི་རོགས་དངུལ་དང་སློབ་སྐྱོར་རོགས་དངུལ་ཁེབས་ཚད་དང་ཁ་གསབ་རོགས་རམ་གྱི་ཚད་གཞི་ཇེ་མཐོར་གཏོང་ཞིང་། སློབ་བརྒྱུད་ལག་ཁྱེར་དང་ལས་རིགས་ཀྱི་རྩལ་ནུས་རིམ་པའི་ལག་ཁྱེར་ཕན་ཚུན་སྦྲེལ་མཐུད་མགྱོགས་པོ་ཡོང་བར་བྱེད་རྒྱུ། མཐོ་རིམ་ལས་རིགས་སློབ་གླིང་གི་སློབ་གཉེར་སྒྲིག་སྲོལ་སྒྱུར་བཅོས་དང་། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སློབ་གཉེར་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ། དངོས་གཞིའི་ཚན་ཁག་གི་མཐོ་སློབ་དཀྱུས་མ་ཁག་གཅིག་དངོས་སྤྱོད་རྣམ་པའི་སློབ་ཆེན་ལ་བསྒྱུར་རྒྱུར་ཁྲིད་སྟོན་བྱ་རྒྱུ། ཀྲུང་དབྱང་ནོར་སྲིད་ཀྱིས་མཐོ་རིམ་ལས་རིགས་སློབ་གླིང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་གནས་ནོར་སྲིད་ཀྱིས་ཀྱང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་གྱི་སློབ་སྐུལ་བྱ་དགའི་རོགས་དངུལ་འཛུགས་རྒྱུ། ཁེ་ལས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་ལས་རིགས་སློབ་གསོ་གཉེར་བར་རོགས་སྐྱོར་བྱས་ནས་ཐོན་སློབ་མཉམ་འདྲེས་ཀྱི་དངོས་སྦྱོང་རྟེན་གཞི་མགྱོགས་མྱུར་བསྐྲུན་རྒྱུ། ང་ཚོས་དེང་རབས་ཀྱི་ལས་རིགས་སློབ་གསོ་སྒྱུར་བཅོས་ཆེན་པོ་དང་འཕེལ་རྒྱས་ཆེན་པོ་གཏོང་བར་བརྟེན་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་འཕྲལ་མཁོའི་རྩལ་ནུས་སྣ་ཚོགས་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཇེ་མགྱོགས་བྱས་ཐོག ན་གཞོན་སྔར་ལས་མང་པོར་རྩལ་ནུས་སྣ་གཅིག་ལ་མཁས་པར་བརྟེན་ནས་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་དུ་འཇུག་རྒྱུ་དང་། ལས་རིགས་སུམ་བརྒྱ་དྲུག་ཅུར་ཤེས་ལྡན་མི་སྣ་ནམ་མཁའི་སྐར་ཚོགས་བཞིན་བཀྲ་རུ་འཇུག་དགོས།

    (གཉིས།) ཚོང་རའི་བྱེད་པོའི་གསོན་ཤུགས་སྐུལ་སློང་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་བཅོས་གང་ཐུབ་བྱེད་རྒྱུ།

    རང་རྒྱལ་ལ་ཚོང་རའི་བྱེད་པོ་དུང་ཕྱུར་ཟིན་པ་ཡོད་པར་མ་ཟད་ད་དུང་རྒྱུན་མ་ཆད་པར་འཕར་བཞིན་ཡོད། ཚོང་རའི་བྱེད་པོའི་གསོན་ཉམས་རྒྱུན་འཛིན་དང་གོང་སྤེལ་གཏོང་རྒྱུ་ནི་དཔལ་འབྱོར་བརྟན་བརླིང་ངང་འཕར་སྣོན་ཡོང་བའི་གནད་འགག་ཡིན། “གཤམ་སྤྲོད་དོ་དམ་ཞབས་ཞུ་”གསུམ་སྒྱུར་བཅོས་ཟབ་སྤེལ་དང་། ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་ཆུང་དུ་འགྲོ་བར་བྱས་ནས། ཉམས་སད་ཐེག་ཐུབ་པའི་ནུས་རྩལ་བཏོན་ནས་གོང་འཕེལ་གཏོང་བའི་མཐུན་རྐྱེན་བསྐྲུན་རྒྱུ།

    ཞིབ་བཤེར་མཆན་འགོད་ཁུ་བསྡུ་དང་ཞབས་ཞུ་ལེགས་སྒྱུར་བྱེད་པར་བརྟེན་ནས། མ་རྩ་འཇོག་པའི་ལས་ལམ་གསར་དུ་འབྱེད་པར་སྟབས་བདེ་བསྐྲུན་རྒྱུ།

    ལྟ་སྐུལ་དོ་དམ་དྲང་གཞག་ལ་བརྟེན་ནས་འགྲན་རྩོད་དྲང་སྙོམས་ཡོང་བར་བྱེད་རྒྱུ།

    སྒྱུར་བཅོས་ལ་བརྟེན་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་དངུལ་བསྡུ་གཅོག་པར་སྐུལ་འདེད་གཏོང་རྒྱུ། གློག་ཤུགས་ཚོང་ར་ཅན་དུ་སྒྱུར་བཅོས་ཟབ་སྤེལ་བྱས་ནས། གློག་རིན་ཟུར་སྣོན་དངུལ་བསྡུ་གཙང་བཤེར་བྱེད་ཅིང་། བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་མ་གནས་ཆུང་དུ་གཏོང་བ་དང་། བཟོ་ཚོང་ལས་རིགས་སྤྱིར་བཏང་གི་ཆ་སྙོམས་གློག་རིན་ད་དུང་10%གཅོག་རྒྱུ། དངུལ་བསྡུའི་གཞུང་ལམ་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ལམ་རིན་དང་ཟམ་རིན་བསྡུ་ཚད་གཅོག་པ་དང་། འགྲུལ་སྐྱེལ་དང་དོས་སྐྱེལ་རླངས་འཁོར་ལ་ཚུལ་མིན་ཞིབ་མཆན་འགོད་པ་དང་། གླ་རིན་གང་བྱུང་དུ་བསྡུ་བ་དང་དངུལ་ཆད་གང་བྱུང་དུ་གཅོད་རིགས་གཙང་བཤེར་བྱེད་རྒྱུ། ལོ་གཉིས་ནང་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་ཞིང་ཆེན་ལས་བརྒལ་བའི་དངུལ་བསྡུའི་ས་ཚིགས་རྩ་བའི་ཆ་ནས་མེད་པར་བཟོ་རྒྱུ་དང་། རླངས་འཁོར་འདུག་མི་དགོས་པར་དངུལ་བསྡུ་སྟབས་བདེ་ཡང་བར་བྱས་ཏེ་རླངས་འཁོར་འགག་ཚུལ་ཇེ་ཉུང་དུ་གཏོང་བ་དང་། མང་ཚོགས་སྟབས་བདེ་ཡོང་བར་བྱེད་རྒྱུ། ལྕགས་ལམ་དང་གྲུ་ཁ་ཁག་གཅིག་གི་དངུལ་བསྡུ་མེད་པར་བཟོ་བའམ་ཉུང་དུ་གཏོང་རྒྱུ། མཚམས་སྦྱོར་ཞབས་ཞུའི་དངུལ་བསྡུ་རིགས་ཆེད་དོན་གཙང་བཤེར་བྱེད་རྒྱུ། སྲིད་འཛིན་བྱ་ལས་རང་བཞིན་གྱི་དངུལ་བསྡུ་མུ་མཐུད་གཙང་བཤེར་དང་ཚད་ལྡན་དུ་གཏོང་རྒྱུ། དངུལ་བསྡུ་གསལ་ཐོའི“དྲ་སྦྲེལ་གཅིག་”འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་བཏང་སྟེ། རིན་དངུལ་བསྡུ་རིགས་ཕྱི་གསལ་ནང་གསལ་དང་། དངུལ་གང་བྱུང་དུ་བསྡུ་རིགས་གནས་ཐབས་བྲལ་དུ་འཇུག་རྒྱུ།

    (གསུམ།) གསར་གཏོད་ཀྱིས་འཕེལ་རྒྱས་ཀྱི་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་བྱས་ནས་སྒུལ་ནུས་གསར་པ་སྐྱེད་སྲིང་དང་རྒྱ་བསྐྱེད་རྒྱུ། རང་རྒྱལ་གྱི་མི་ཤུགས་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། རྒྱལ་ནང་གི་ཚོང་ར་ཆེན་པོ་སོགས་ཀྱི་ཕྱོགས་བསྡུས་ལེགས་ཆ་འདོན་སྤེལ་བྱས་ཏེ། ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་ཅན་ཉེར་སྤྱོད་ལམ་སྲོལ་སྒྱུར་བཅོས་གསར་གཏོད་དང་། ཆེད་ལས་ཀྱི་སྙིང་སྟོབས་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ། སྒུལ་ནུས་རྙིང་ཚབ་གསར་མཐུད་སྤོ་སྒྱུར་ཐུབ་པར་བྱེད་རྒྱུ།

    སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ། བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་ཡོང་བར་དམིགས་ཏེ། བཟོ་ལས་ཀྱི་རྨང་གཞི་དང་ལག་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱས་ནས། བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་གཏོང་རྒྱུ། བཟོ་ལས་འཕྲིན་སྦྲེལ་དྲ་བའི་ལས་སྟེགས་སྐྲུན་པ་དང་། “རིག་ནུས+”རྒྱ་བསྐྱེད་དེ། བཟོ་སྐྲུན་ལས་རིགས་རིགས་སྒྱུར་རིམ་སྤོར་གྱི་ནུས་ཤུགས་གསོག་རྒྱུ། ཁེ་ལས་ཀྱིས་ལག་རྩལ་བསྒྱུར་བཀོད་དང་སྒྲིག་ཆས་གསར་སྒྱུར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། གཏན་འཇགས་རྒྱུ་ནོར་མགྱོགས་པོར་བཀོལ་ཟད་དངུལ་ཕབ་ཀྱི་གཟིགས་སྐྱོང་སྲིད་ཇུས་བཟོ་སྐྲུན་ལས་རིགས་ཡོངས་ཀྱི་ཁྱབ་ཁོངས་སུ་རྒྱ་བསྐྱེད་རྒྱུ། སྤུས་ཚད་དང་རྨང་གཞིའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཚད་གཞི་དང་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་སྦྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་ནས་ཐོན་རྫས་དང་ཞབས་ཞུའི་སྤུས་ཀ་ལེགས་སུ་བཏང་ན། རྒྱལ་ཁབ་ཕྱི་ནང་གི་བཀོལ་སྤྱོད་མཁན་སྔར་ལས་མང་པོར་ཀྲུང་གོའི་བཟོ་སྐྲུན་དང་ཀྲུང་གོའི་ཞབས་ཞུ་འདེམས་སུ་འཇུག་རྒྱུ།

    ཐོན་ལས་གསར་པ་འཕེལ་རྒྱས་མགྱོགས་སུ་འགྲོ་བར་བྱེད་རྒྱུ། གཞི་གྲངས་ཆེན་མོ་དང་མི་བཟོས་རིག་ནུས་སོགས་ཞིབ་འཇུག་གསར་སྤེལ་དང་བཀོད་སྤྱོད་ཟབ་སྤེལ་བྱས་ནས། ཆ་འཕྲིན་ལག་རྩལ་རབས་གསར་པ་དང་། སྒྲིག་ཆས་རྩེར་སོན། སྐྱེ་དངོས་ཀྱི་གསོ་སྨན། ནུས་ཁུངས་གསར་པའི་རླངས་འཁོར། རྒྱུ་ཆ་གསར་པ་སོགས་ཐོན་ལས་ཁྱུ་ཚོགས་གསར་པ་སྐྱེད་སྲིང་བྱེད་ཅིང་། ཨང་གྲངས་དཔལ་འབྱོར་རྒྱ་སྐྱེད་གཏོང་རྒྱུ།

    ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་རྒྱུ། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། གདོད་མའི་གསར་གཏོད་བྱེད་ཤུགས་དང་། འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་ཁྱབ་རྒྱུར་དམ་འཛིན་བྱས་ཏེ་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་མ་ལག་བསྐྱར་འཛུགས་བྱ་རྒྱུ། ཚན་རྩལ་རྣམ་གྲངས་གལ་ཆེན་སྒྲིག་འཛུགས་དང་དོ་དམ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཁེ་ལས་བྱེད་པོར་བྱེད་པའི་ཐོན་སློབ་ཞིབ་གསུམ་གཞི་གཅིག་ཏུ་འགྱུར་བའི་གསར་གཏོད་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཁེ་ལས་ཀྱིས་ཚན་རྩལ་རྣམ་གྲངས་གལ་ཆེན་ལག་བསྟར་བྱ་རྒྱུར་རྒྱར་སྐྱོར་བྱ་རྒྱུ། ཚན་རྩལ་གསར་གཏོད་ཐོན་ཁུངས་སྒོ་མོ་འབྱེད་པ་དང་མཉམ་དུ་སྤྱོད་པའི་སྟེགས་བུ་མགྱོགས་མྱུར་བསྐྲུན་ནས་ཁེ་ལས་འབྲིང་ཆུང་གི་ལག་རྩལ་གསར་གཏོད་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུ། རྒྱལ་སྤྱིའི་གསར་གཏོད་མཉམ་ལས་རྒྱ་བསྐྱེད་རྒྱུ། ཤེས་བྱའི་བདག་དབང་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཤེས་བྱའི་བདག་དབང་ལ་གནོད་སྐྱེལ་བར་ཆད་གཅོད་རང་བཞིན་གྱི་གུན་གསབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། གསར་གཏོད་གསར་སྐྲུན་དང་སྤོ་སྒྱུར་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ།

    དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་ཇེ་ཟབ་ཏུ་སྤེལ་རྒྱུ། སྤྱི་ཚོགས་ཀྱི་བྱེད་པོ་སྔར་ལས་མང་བས་གསར་གཏོད་ལས་གཏོད་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བར་སྟོང་སྐྱེད་པ། ཕྱོགས་གང་ཅིར་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ། གཉིས་གཏོད་དཔེ་སྟོན་རྟེན་གཞིའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བཅས་བྱེད་པར་བསྔགས་སྐུལ་བྱེད་རྒྱུ། ཀུན་ཕན་རང་བཞིན་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་བརྒྱབ་སྟེ། གཞི་རྒྱ་ཆུང་བའི་ཁྲལ་འཇལ་མཁན་གྱི་གནས་ཐང་འཕར་ཁྲལ་བསྡུ་འགོ་འཛུགས་གཞི་དེ་ཟླ་རེའི་བཙོང་འབོར་སྒོར་ཁྲི་3ནས་ཁྲི་10བར་མཐོ་རུ་གཏོང་བ་སོགས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོར་བྱེད་རྒྱུ། དངུལ་རྩའི་རྒྱབ་སྐྱོར་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཚན་རིག་གསར་གཏོད་བྱ་གཞི་དང་ཚོད་ལྟ་བྱེད་གནས་ཐོ་འགོད་ལམ་ལུགས་འཛུགས་པ་དང་། གཉིས་གཏོད་དངུལ་རྩའི་བུན་འཛིན་འགྲེམ་པར་བསྔགས་སྐུལ་བྱེད་པ་དང་། ཤེས་བྱའི་བདག་དབང་གཏའ་འཇག་གི་མ་དངུལ་བསྡུ་སྒྲིལ་རྒྱ་ཆེར་བཏང་ནས་ལས་གཏོད་དངུལ་འཇོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་། བཀོལ་སྤྱོད། གདེང་འཇོག་བཅས་ཀྱི་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ། རྒྱལ་ནང་དུ་ལོག་པའི་ཕྱི་འགྲིམ་སློབ་མ་དང་རྒྱལ་ཁོངས་ཕྱི་པ་ཡིན་པའི་ཤེས་ལྡན་མི་སྣར་ཞབས་ཞུ་ལེགས་སྒྱུར་བྱེད་རྒྱུ། ཚོང་རའི་དགོས་མཁོར་ཕྱོགས་པ་དང་སྤྱི་ཚོགས་རིག་གནས་དར་སྤེལ་གྱི་བློ་སྟོབས་ཟུང་འབྲེལ་བྱས་ཏེ། ཤེས་ལྡན་མི་སྣ་སྣ་ཚོགས་བསྡུ་མཁས་སྤྱོད་མཁས་བྱས་ན། ཀྲུང་གོའི་གསར་གཏོད་འཕེལ་རྒྱས་སྔར་ལས་ལྷག་པར་ཡོང་ངེས་དང་། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཡོང་བར་ལེགས་སྐྱེས་གང་ཡོད་འབུལ་ངེས་རེད།

    (བཞི) རྒྱལ་ནང་གི་ཚོང་ར་སྟོབས་ལྡན་ཆགས་པར་བྱས་ནས་ནང་མཁོའི་གཏིང་ཤུགས་བསྟུད་མར་འདོན་རྒྱུ། འཛད་སྤྱོད་ཀྱི་རྨང་གཞིའི་ནུས་པ་དང་དངུལ་འཇོག་གི་འགག་རྩའི་ནུས་པ་འདོན་སྤེལ་གང་ཐུབ་བྱེད་པ་དང་། རྒྱལ་ནང་གི་ཕན་ནུས་ལྡན་པའི་དགོས་མཁོ་བརྟན་དུ་བཏང་ནས། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་བྱེད་པར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་རྒྱུ།

    འཛད་སྤྱོད་བརྟན་པོའི་ངང་འཕར་སྣོན་ཡོང་བར་བྱེད་རྒྱུ། ཐབས་མང་མཉམ་སྤྱོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་སྣོན་ཡོང་བར་བྱེད་རྒྱུ་དང་། འཛད་སྤྱོད་བྱེད་ནུས་ཆེ་རུ་གཏོང་རྒྱུ། གསར་དུ་དག་བཅོས་བྱས་ཟིན་པའི་སྒེར་གྱི་ཐོབ་ཁྲལ་དོན་འཁྱོལ་ལེགས་པོར་བྱས་ཏེ། དཔྱ་ཁྲལ་གཅོག་པའི་སྲིད་ཇུས་དང་མཐུན་པའི་ཁྲལ་འཇལ་མཁན་ཁྲི་8000ལ་ཡོངས་སུ་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ། འཛད་སྤྱོད་དགོས་མཁོའི་འགྱུར་ལྡོག་གསར་པར་བསྟུན་ཏེ་ཐབས་ལམ་མང་པོའི་སྒོ་ནས་ཐོན་རྫས་སྤུས་ལེགས་དང་ཞབས་ཞུ་མཁོ་སྤྲོད་མང་ཙམ་བྱེད་པ་དང་། དམངས་ཁྲོད་ཀྱི་མ་དངུལ་ནང་འཇུག་གི་འགག་གནད་མགྱོགས་པོར་སེལ་ཐབས་བྱེད་རྒྱུ། རང་རྒྱལ་གྱི་ལོ་60ཡན་གྱི་མི་འབོར་དུང་ཕྱུར་2.5ཟིན་ཡོད། རྒན་གསོ་དང་ཁྱད་པར་དུ་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ལས་རིགས་དར་སྤེལ་ཤུགས་ཆེན་བཏང་ནས། སྡེ་ཁུལ་དུ་ཉིན་མོར་ལྟ་སྐྱོང་དང་། ཁམས་གསོ་ནད་གཡོག ཟས་སྟེར་འཁྲིད་རོགས་སོགས་ཀྱི་ཞབས་ཞུའི་སྒྲིག་གཞིར་དཔྱ་ཁྲལ་ཆག་ཡང་ངམ་རྩ་ཆག་གཏོང་རྒྱུ་དང་། མ་དངུལ་གྱི་རོགས་སྐྱོར་དང་། ཆུ་གློག་རླངས་དྲོད་ཀྱི་རིན་གོང་གཟིགས་སྐྱོང་སོགས་ཀྱི་རོགས་སྐྱོར་བྱེད་ཅིང་། སྡོད་ཁུལ་གསར་དུ་བསྐྲུན་རིགས་སུ་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཆ་འགྲིག་འཛུགས་སྐྲུན་བྱེད་རྒྱུ། གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་སྲིད་ཇུས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡུན་རིང་ནད་སྐྱོང་འགན་བཅོལ་ལམ་ལུགས་ཚོད་ལྟ་བྱེད་གནས་རྒྱ་སྐྱེད་དེ། རྒན་རྒོན་ཚེ་མཇུག་ཏུ་བདེ་སྐྱིད་ཡོང་བར་བྱས་ན། ཕྱི་རབས་པར་ཡང་འབྱུང་འགྱུར་གྱི་རེ་སྨོན་ལྡན་པར་ངེས། ཕྲུ་གུ་སྙོར་སྐྱོང་བྱེད་རྒྱུ་ནི་ཁྱིམ་ཚང་ཀུན་ལ་འབྲེལ་བ་ཡོད། ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་རྗེས་ཀྱི་གནས་ཚུལ་གསར་པར་དམིགས་ནས་ཕྲུ་གུ་སྙོར་སྐྱོང་ཞབས་ཞུ་རྣམ་པ་སྣ་ཚོགས་དར་སྤེལ་གང་མགྱོགས་སུ་གཏོང་རྒྱུ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་བུ་བཅོལ་སློབ་གསོའི་ཞབས་ཞུའི་སྒྲིག་གཞི་གསར་འཛུགས་ལ་རྒྱབ་སྐྱོར་བྱས་ནས། བྱིས་པའི་བདེ་ཐང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཁྱིམ་ཚང་འཛིན་སྐྱོང་གི་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོར་གཏོང་དང་གཞི་རྒྱ་ཆེ་རུ་འགྲོ་རྒྱུར་སྐུལ་མ་གཏོང་རྒྱུ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ཐོན་ལས་དར་རྒྱས་གཏོང་བ་དང་རྒྱ་བསྐྱེད་རྒྱུ། རླངས་འཁོར་ཀྱི་འཛད་སྤྱོད་བརྟན་པོ་ཡོང་བར་བྱེད་རྒྱུ་དང་། ནུས་ཁུངས་གསར་པའི་རླངས་འཁོར་ཉོ་བར་གཟིགས་སྐྱོང་གི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ནས་གློག་སྣོན་དང་ཆིང་སྣོན་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་འཕེལ་རྒྱས་གཏོང་བ་དང་། དྲ་ཐོག་དྲ་ཕྱིའི་འཛད་སྤྱོད་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་མ་བཏང་ནས་འཛད་སྤྱོད་ཀྱི་འཕར་གནས་གསར་པ་སྐྱོང་སྤེལ་བྱེད་རྒྱུ། གྲོང་གསེབ་ཀྱི་རྒྱུན་འཁོར་འཕྲིན་སྦྲེལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གློག་རྡུལ་ཚོང་ར་དང་མྱུར་སྐྱེལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། མང་ཚོགས་བློ་བདེའི་ངང་ནས་འཛད་སྤྱོད་དང་། འཛད་སྤྱོད་བྱེད་སྟབས་བདེ་པོ་ཡོང་བར་བྱེད་རྒྱུ།

    ཕན་ནུས་ལྡན་པའི་དངུལ་འཇོག་རྒྱ་སྐྱེད་ཚུལ་མཐུན་བྱེད་རྒྱུ། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་རྩེ་གཅིག་ཏུ་དམིགས་ནས། ལས་གཞི་གཙོ་བོ་ཁག་གཅིག་ལག་བསྟར་མགྱོགས་པོར་བྱེད་རྒྱུ། ལྕགས་ལམ་ལ་དངུལ་འཇོག་སྒོར་དུང་ཕྱུར་8000དང་། གཞུང་ལམ་དང་ཆུ་ཐོག་སྐྱེལ་འདྲེན་ལ་དངུལ་འཇོག་སྒོར་དུང་ཕྱུར་ཁྲི་1.8ལེགས་གྲུབ་བྱེད་ཅིང་། ཆུ་བེད་ལས་གྲྭ་འགངས་ཆེན་ཁག་གཅིག་ཡང་བསྐྱར་ལས་འགོ་བརྩམ་རྒྱུ་དང་། ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ། གྲོང་ཁྱེར་དབར་གྱི་འགྲིམ་འགྲུལ་དང་། དངོས་ཟོག་འགྲེམ་སྐྱེལ། གྲོང་ཁྱེར་དོ་དམ། གནོད་སྐྱོན་འགོག་བཅོས། དམངས་སྤྱོད་དང་ཀུན་སྤྱོད་མཁའ་འགྲུལ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་དངུལ་འཇོག་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་རབས་གསར་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ད་ལོ་ཀྲུང་དབྱང་གི་སྔོན་རྩིས་ནང་དུ་དངུལ་འཇོག་བཀོད་སྒྲིག་སྒོར་དུང་ཕྱུར་5776བྱེད་རྒྱུ་ཡིན་པས། སྔ་ལོ་ལས་སྒོར་དུང་ཕྱུར་400འཕར་རྒྱུ་རེད། ལས་གཞིའི་དངུལ་བསྡུའི་རྣམ་པ་གསར་གཏོད་བྱས་ནས། རྨང་གཞིའི་སྒྲིག་བཀོད་སོགས་པའི་ལས་གཞིའི་མ་རྩའི་དངུལ་གྱི་བསྡུར་ཚད་འོས་འཚམ་བཅག་ནས། གསར་སྤེལ་རང་བཞིན་གྱི་མ་དངུལ་བསྡུ་རུབ་ཀྱི་ཐབས་ཤེས་བེད་སྤྱོད་ལེགས་པོར་བྱེད་རྒྱུ། དམངས་ཁྲོད་ཀྱི་མ་རྩ་དེ་བས་མང་པོ་གཙོ་གནད་ཁྱབ་ཁོངས་ཀྱི་ལས་གཞི་འཛུགས་སྐྲུན་དུ་ཞུགས་རྒྱུའི་ཡིད་དབང་འགུག་རྒྱུ། དམངས་ཁྲོད་ཀྱི་མ་རྩ་འཇོག་པར་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ནས། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་གོ་རིམ་ལྡན་པའི་ངང་ནས་ཁྱབ་སྤེལ་བྱེད་རྒྱུ། འོས་སྐུལ་འོས་དཔོད་ཀྱི་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྲིད་གཞུང་གིས་སྣེ་ཁྲིད་དེ་ཁ་དན་ཚིག་གནས་དང་ཆིངས་རྒྱ་སྲུང་བ་ལས་“དཔོན་གསར་གྱིས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པ”གཏན་ནས་མི་བྱེད་པར། ཁེ་ལས་ལ་གྲོན་དངུལ་ཆད་འགྱངས་བྱས་རིགས་ལོ་མཇུག་གོང་ལ་ཕྱེད་ཀ་ཡན་གཙང་སྤྲོད་བྱས་ནས། ཆད་འགྱངས་གསར་པ་མང་དུ་གཏོང་རིགས་གཏན་ནས་བྱས་མི་ཆོག

    (ལྔ) ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ལས་འགན་དང་ཞིབ་བསྡུར་བྱས་ཏེ་དབུལ་བྲལ་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དབུལ་བྲལ་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་གཅིག་གྱུར་འཆར་འགོད་ཀྱིས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་དུས་བཀག་ནང་དབུལ་བྲལ་འགག་སྒྲོལ་གྱི་དམིགས་ཚད་དང་ཞིང་པའི་འཚོ་བ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཆུ་ཚད་དུ་སླེབས་པའི་འགན་ལེན་བྱེད་རྒྱུ།

    དབུལ་བྲལ་གནད་འཁེལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོར་རྒྱག་རྒྱུ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”མངོན་འགྱུར་བྱེད་པར་འཕྲད་པའི་གནད་དོན་མངོན་གསལ་དོད་རིགས་གཙོ་གནད་དུ་ཐག་གཅོད་བྱེད་པ་དང་། “ས་ཁུལ་གསུམ་དང་རང་སྐྱོང་ཁུལ་གསུམ”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་དབུལ་བྲལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་དམིགས་བསལ་དབུལ་ཕོངས་མི་འབོར་ལ་འགན་སྲུང་བྱེད་ཐབས་དོན་འཁྱོལ་བྱེད་རྒྱུ། དབུལ་བྲལ་ཕྱུག་འགྱུར་ནི་ཐོན་ལས་ཀྱི་འདེགས་སྐྱོར་དང་བྲལ་ཐབས་མེད་པས། དབུལ་ཕོངས་ས་ཁུལ་ལ་བཟང་ཆ་དམིགས་བསལ་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་རོགས་ཤུགས་ཆེན་བྱེད་རྒྱུ། དབུལ་ཕོངས་ས་ཁུལ་དུ་སློབ་གྲྭར་འགྲོ་མཚམས་མི་ཆད་པར་སློབ་ཞུགས་འགན་སྲུང་གི་ཆེད་དོན་བྱེད་སྒོ་སྤེལ་ཏེ། སློབ་མཚམས་འཇོག་ཚད་མངོན་གསལ་ཆག་པར་བྱེད་རྒྱུ། གཙོ་གནད་མཐོ་སློབ་ཀྱིས་གྲོང་གསེབ་དང་ས་ཁུལ་དབུལ་པོའི་སློབ་མ་ཆེད་མངགས་བསྡུ་ཚད་མུ་མཐུད་མང་དུ་བཏང་སྟེ། མི་རབས་ནས་མི་རབས་བར་དབུལ་པོ་རིམ་བརྒྱུད་གྱི་རྩ་བ་འགོག་བཅོས་ཀྱི་སློབ་གསོ་གཏོང་ཐབས་འདི་ཡག་པོར་སྤྱོད་རྒྱུ། “ལོ་ལྔ་ཚན་བཅུ་གསུམ་པར”ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་འཆར་འགོད་འཛུགས་སྐྲུན་གྱི་ལས་འགན་གཞི་རྩའི་ཆ་ནས་ལེགས་སྒྲུབ་ཐུབ་པར་བྱས་ཏེ། རྗེས་མཐུད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དབུལ་ཞྭ་ཕུད་པའི་རྫོང་དང་དབུལ་བྲལ་མི་འབོར་སྐོར་གྱི་རོགས་སྐྱོར་སྲིད་ཇུས་དུས་མཚམས་ཤིག་གི་རིང་རྒྱུན་འཁྱོངས་བྱས་ཏེ་དབུལ་བྲལ་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ། དཔྱད་ཞིབ་ལྟ་སྐུལ་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་དབྱང་གི་དབུལ་བྲལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་གྲུབ་འབྲས་ཡག་པོར་སྤྱོད་རྒྱུ། དབུལ་བྲལ་འགག་སྒྲོལ་གྱི་འགག་རྩའི་དུས་མཚམས་སུ་ཇི་ཙམ་སླེབས་ཚེ་ལས་དོན་ཁག་དེ་ཙམ་གྱིས་དམ་འཛིན་ནན་པོ་དང་ཞིབ་ཚགས་བྱས་ནས་དབུལ་བྲལ་ལ་གྲུབ་འབྲས་དངོས་ཐོབ་པ་དང་། རྒྱུན་སྲིང་ཐུབ་པ། ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་རྒྱུ།

    ཞིང་ལས་སྤྱི་དང་ལྷག་པར་དུ་འབྲུ་རིགས་ཐོན་སྐྱེད་དམ་འཛིན་ཡག་པོར་བྱེད་རྒྱུ། ཀྲུང་གོ་བ་དུང་ཕྱུར་14རུ་ཉེ་བའི་ལྟོ་ཕོར་ངེས་པར་དུ་རང་ཉིད་ཀྱི་ལག་ཏུ་བརྟན་པོར་འཛིན་ཐུབ་པར་བྱེད་རྒྱུ། འབྲུ་རིགས་ཐོན་འབོར་བརྟན་པོ་ཡོང་བར་བྱས་ནས་སྣ་ཁའི་གྲུབ་ཆ་བཟང་སྒྲིག་བྱེད་རྒྱུ། ཞིང་ནང་གི་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་8000ཡན་མང་དུ་གཏོང་རྒྱུ། ཕག་པ་སོགས་ཕྱུགས་ཟོག་དང་ཁྱིམ་བྱ་ཐོན་སྐྱེད་བརྟན་པོ་ཡོང་བ་དང་། ཨ་ཧྥེ་རི་ཁའི་ཕག་པའི་ནད་ཡམས་སོགས་རིམས་ནད་འགོག་ཟོན་ཡག་པོར་བྱེད་རྒྱུ། ཞིང་ལས་ཚན་རྩལ་སྒྱུར་བཅོས་གསར་གཏོད་མགྱོགས་སུ་བཏང་ནས། དེང་རབས་ཀྱི་འདེབས་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དང་། སྔོན་ཐོན་གྱི་ཉེར་སྤྱོད་ལག་རྩལ་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས་སྲུང་སྐྱོང་གི་ལས་གྲྭ་ལག་ལེན་བསྟར་ནས། ཞིང་ལས་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་སྐུལ་འདེད་གཏོང་རྒྱུ། ཁྱིམ་ཚང་གི་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་སོགས་གཉེར་སྐྱོང་བྱེད་པོ་དཔེ་གསར་སྐྱེད་སྲིང་བྱས་ཏེ་ཞིང་དུད་ཆུང་གྲས་ལ་ཕྱོགས་པའི་སྤྱི་ཚོགས་ཅན་གྱི་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ་དང་། གཞི་ཁྱོན་ལྡན་པའི་གཉེར་སྐྱོང་རྣམ་པ་སྣ་ཚོགས་འཕེལ་རྒྱས་གཏོང་རྒྱུ། ཐོན་ཁུལ་གཙོ་བོར་རྒྱབ་སྐྱོར་བྱས་ནས་ཞིང་ལས་ཐོན་ཟོག་ལས་སྣོན་ཞིབ་ཚགས་གོང་འཕེལ་གཏོང་རྒྱུ། ཕ་ཡུལ་དུ་ལོག་ནས་ལས་གཏོད་གསར་གཏོད་བྱེད་པར་རྒྱབ་སྐྱོར་དང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་མ་བཏང་ནས་རྫོང་ཁོངས་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུ། ཨར་པོ་བརྒྱབ་པ་ལས་བྱུང་བའི་ཡོང་འབབ་ནི་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་གཞི་གཙོ་བོ་རེད། ཞིང་པ་ལས་མིའི་གླ་ཕོགས་དུས་འགྱངས་ཆད་ལུས་གཏོང་བའི་གནད་དོན་རྩ་བ་ནས་བཅོས་སྐྱོང་བྱས་ཏེ། ཆེད་དམིགས་སྲིད་འཛིན་ཁྲིམས་སྲོལ་གང་མགྱོགས་བཟོས་ནས། དཀའ་ལས་བརྒྱབ་ཅིང་རྔུལ་ཆུ་འདོན་མཁན་ཞིང་པ་ལས་མིར་ཐོབ་ཆ་དགོས་ངེས་དུས་བཀག་བཞིན་རག་པའི་འགན་ལེན་ཏན་ཏིག་བྱེད་རྒྱུ།

    གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། འཛུཌ་སྐྲུན་འཆར་འགོད་ཚན་རིག་དང་མཐུན་པར་ཇུས་འགོད་བྱས་ནས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཤུགས་ཆེན་བྱེད་རྒྱུ། གྲོང་གསེབ་ཀྱི་འཐུང་ཆུ་བདེ་འཇགས་བརྟན་པོ་དང་ཇེ་བཟང་དུ་གཏོང་བའི་ལས་གྲྭ་མགྱོགས་མྱུར་ལག་ལེན་བསྟར་ཏེ། ད་ལོ་དང་སང་ལོ་གཉིས་ཀྱི་རིང་འཐུང་ཆུ་དཀའ་ངལ་ཡོད་པའི་མི་འབོར་གྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་གྲོང་གསེབ་པ་མི་འབོར་ཁྲི་6000ལ་ཆུ་མཁོ་འདོན་འགན་ལེན་བྱེད་ཚད་མཐོ་རུ་གཏོང་རྒྱུ། རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་སྒྱུར་བཀོད་ལེགས་སྒྲུབ་བྱེད་རྒྱུ། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་20གསར་སྐྲུན་རྒྱས་སྐྲུན་བྱེད་རྒྱུ། གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་ལ་མུ་མཐུད་སྐུལ་མ་གཏོང་རྒྱུ། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་པ་གནས་ཡུལ་གྱི་ཁོར་ཡུག་བཅོས་སྒྲིག་བྱེད་པ་དང“གསང་སྤྱོད་གསར་བརྗེ”དང་། གད་སྙིགས་དང་ཆུ་སྙིགས་བཅོས་སྐྱོང་ཐུབ་པར་བྱས་ཏེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་རྒྱུ།

    གྲོང་གསེབ་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་རྒྱུ། གྲོང་གསེབ་ཀྱི་ས་ཞིང་གཞུང་བསྡུ་དང་། མཉམ་སྡེབ་ཀྱི་གཉེར་སྐྱོང་རང་བཞིན་ལྡན་པའི་འཛུགས་སྐྲུན་ས་ཆ་ཚོང་རར་འདོན་པ་དང་། ཁང་སའི་ལམ་ལུགས་སྒྱུར་བཅོས་ཚོད་ལྟ་བྱས་འབྲས་ཁྱབ་གདལ་གཏོང་རྒྱུ། མཉམ་སྡེབ་ཀྱི་རྒྱུ་ནོར་བདག་དབང་དང་། ནགས་དབང་། གཞུང་དབང་ནགས་ཁུལ་དང་ནགས་ར། ཞིང་ལས་གསར་སྦོལ། མཁོ་ཚོང་ཁང་སོགས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ། ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་གི་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྲུ་རིགས་ཀྱི་རིན་གོང་ཚོང་ར་ཅན་དུ་འགྱུར་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་སྒྱུར་བཅོས་ཚོད་ལྟ་རྒྱ་སྐྱེད། གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཞུ་གསར་གཏོད་དང་དེར་ཤུགས་སྣོན་རྒྱག་རྒྱུ། གྲོང་གསེབ་སྒྱུར་བཅོས་རྒྱུན་མཐུད་ངང་ཟབ་ཏུ་གཏོང་བ་བཅས་བྱས་པར་བརྟེན་རྒྱ་ཁྱོན་ཆེ་བའི་གྲོང་གསེབ་ཏུ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རྒྱས་ངེས་རེད།

    (དྲུག) ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་མཐོ་རུ་གཏོང་རྒྱུ། འཕེལ་རྒྱས་དོ་མི་མཉམ་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ་འབྲེལ་ཡོད་ལམ་སྲོལ་དང་སྲིད་ཇུས་སྒྱུར་བཅོས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཡོང་བར་སྐུལ་མ་བཏང་སྟེ་ས་ཁོངས་ཀྱི་བཟང་ཆ་ཕན་ཚུན་གསབ་རེས་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ།

    ས་ཁོངས་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་གཏོང་རྒྱུ། ནུབ་རྒྱུད་གསར་སྤེལ་སྒོ་འབྱེད་ཀྱི་སྲིད་ཇུས་དང་བྱེད་ཐབས་གསར་པ་བཟོས་ཏེ། ནུབ་རྒྱུད་ས་ཁུལ་ཁེ་ལས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་སོགས་ཀྱི་སྲིད་ཇུས་དུས་བཀག་གཙང་ཡང་མུ་མཐུད་ལག་ལེན་བསྟར་རྒྱུ། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་དང་། དབུས་རྒྱུད་ས་ཁུལ་དར་འཕེལ། ཤར་རྒྱུད་སྔོན་ལ་འཕེལ་རྒྱས་བཅས་ཡོང་བར་བྱེད་པའི་སྒྱུར་བཅོས་གསར་གཏོད་བྱེད་ཐབས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཐོན་ཁུངས་ཅན་གྱི་ས་ཁུལ་དཔལ་འབྱོར་གཞན་སྒྱུར་ལ་རྒྱབ་སྐྱོར་བྱ་རྒྱུ། གསར་བརྗེའི་གནས་རྙིང་ཁུལ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ཀྱི་འཕེལ་རྒྱས་ཞན་ཆ་མགྱོགས་མྱུར་གསབ་རྒྱུ། མཚོ་ཐོག་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དང་། མཚོ་རྒྱུད་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ།

    གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། ལྟེ་བའི་གྲོང་ཁྱེར་གྱིས་གྲོང་ཁྱེར་ཁྱུ་ཚོགས་འཕེལ་རྒྱས་ཀྱི་སྣེ་ཁྲིད་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ། ཞིང་ལས་སྤོ་སྒྱུར་མི་འབོར་གཞིས་ཆགས་དམ་འཛིན་ཡག་པོར་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་སྤྱི་པའི་ཞབས་ཞུ་རྒྱུན་སྡོད་མི་འབོར་ལ་ཁྱབ་པར་བྱེད་རྒྱུ། མང་ཚོགས་ཀྱི་སྡོད་ཁང་དཀའ་ངལ་སྔར་ལས་ཡག་པོར་སེལ་བ་དང་། གྲོང་ཁྱེར་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ། སྡོད་ཁང་ཚོང་རའི་མ་ལག་དང་འགན་སྲུང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ས་ཁང་བདག་དབང་ཚོང་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ། འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ཐེབས་ཆག་ཁུལ་སྒྱུར་བཅོས་མུ་མཐུད་སྐུལ་འདེད་བཏང་སྟེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་སྡོད་ཁང་གི་དགོས་མཁོ་འགན་སྲུང་བྱེད་རྒྱུ། ས་འོག་གི་ཕྱོགས་བསྡུས་དོ་དམ་བར་ཁྱམས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་མ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་རིགས་འབོར་ཆེ་ཞིང་རྒྱ་ཁྱོན་ཆེ་བས། སྒྱུར་བཀོད་རིམ་སྤོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཆུ་གློག་ལམ་དང་སོལ་རླངས་སོགས་པའི་སྒྲིག་བཀོད་ཆ་འགྲིག་གསར་སྒྱུར་བྱེད་རྒྱུ། གློག་སྐས་སྒྲིག་སྦྱོར་ལ་རྒྱབ་སྐྱོར་བྱེད་རྒྱུ། མི་དམངས་སྟབས་བདེའི་ཚོང་ར་དང་། སྟབས་བདེའི་ཚོང་ཁང་། རྐང་ཐང་ཁྲོམ་གཞུང་། རླངས་འཁོར་འཇོག་ས། བཀག་ཆ་མེད་པའི་བགྲོད་ལམ་སོགས་པའི་འཚོ་བའི་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱིས་གང་ས་ཅི་ཐད་ནས་མི་རྩ་བར་འཛིན་པ་དང་། མཉེན་གཤིས་ཅན་གྱི་བཅོས་སྐྱོང་བྱེད་ཚད་དང་ཞིབ་ཚགས་ཅན་གྱི་ཞབས་ཞུ་སྒྲུབ་ཚད་མཐོ་རུ་བཏང་ནས་གྲོང་ཁྱེར་སྔར་བས་སྡོད་ཉམས་སྤྲོ་བ་དང་། སྔར་བས་ཁོང་ཡངས་དང་མི་ཆོས་ཀྱི་སེམས་ཁུར་དང་ལྡན་པར་བྱེད་རྒྱུ།

    (བདུན) སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། ལྗང་མདོག་འཕེལ་རྒྱས་ནི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པའི་བླང་བྱ་དགོས་ངེས་དང་བཙོག་སྐྱོན་སེལ་བའི་གཞི་རྩའི་ཐབས་ཇུས་རེད། འབྲེལ་ཡོད་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ།

    སྦགས་བཙོག་འགོག་བཅོས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ། ཨ་སྔོན་ནམ་མཁའ་སྲུང་བའི་གྲུབ་འབྲས་སྲ་བརྟན་རྒྱ་ཆེར་གཏོང་དགོས་པ་དང་། ད་ལོ་དབྱང་གཉིས་མུ་ཟིའི་འགྱུར་རྫས་དང་ཏཱན་དབྱང་འགྱུར་རྫས་འབུད་ཚད་3%ཆག་པ་དང་། གཙོ་གནད་ས་ཁུལ་གྱི་ཕྲ་རྡུལ་(PM2.5)མཐུག་ཚད་མུ་མཐུད་ཆག་ཐུབ་པར་བྱེད་རྒྱུ། ཁོར་ཡུག་བཅོས་སྐྱོང་བྱེད་ཐབས་སྒྱུར་བཅོས་གསར་གཏོད་དང་། ཁེ་ལས་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ལྟ་སྐུལ་དོ་དམ་བྱེད་པ་མ་ཟད། ལུགས་མཐུན་གྱི་རེ་འདུན་ལ་མཐོང་ཆེན་དང་། རོགས་སྐྱོར་མཛུབ་ཁྲིད་བྱེད་ཤུགས་ཀྱང་ཆེ་རུ་གཏོང་རྒྱུ་དང་། དམིགས་ཚད་ལོན་དགོས་པ་དང་དག་ཐེར་བྱེད་དགོས་རིགས་ལ་བར་བརྒལ་བྱེད་ཡུན་འཚམ་པོ་སྤྲད་དེ་ཐག་གཅོད་བྱེད་ཐབས་སྟབས་བདེ་རྩུབ་སྤྱོད་རིགས་དང་བཙན་འགོག་བྱེད་རིགས་མི་ཐོན་པར་བྱེད་རྒྱུ། ཁེ་ལས་ལ་ནང་ཁུལ་གྱི་སྒུལ་ཤུགས་དང་ཕྱི་རོལ་གྱི་གནོན་ཤུགས་ལྡན་ན། སྦགས་བཙོག་འགོག་བཅོས་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་ངེས་རེད།

    ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་སྟོབས་ཆེར་གཏོང་རྒྱུ། འབྱུང་རྩ་ནས་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མེ་གློག་དང་། ངར་ལྕགས་ལས་རིགས་ཕྱིར་འབུད་ཉུང་བའི་སྒྱུར་བཀོད་མགྱོགས་སུ་བཏང་སྟེ་སྦགས་བཙོག་ཚབས་ཆེའི་ལས་རིགས་དམིགས་ཚད་ལོན་པའི་ཕྱིར་འབུད་སྒྱུར་བཀོད་བྱེད་རྒྱུ། ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་བཟང་སྒྲིག་བྱེད་རྒྱུ། རྡོ་སོལ་ནུས་རྒྱུ་གཙང་མར་སྤྱོད་པའི་སྐུལ་འདེད་གཏོང་རྒྱུ། རང་བྱུང་སོལ་རླུང་ཐོན་སྐྱེད་དང་། མཁོ་སྤྲོད། གསོག་འཇོག ཕྱིར་ཚོང་བཅས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། བསྐྱར་སྐྱེས་ནུས་རྒྱུ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རླུང་དང་། འོད། ཆུ་གློག་བཅས་བསྡུ་ཉར་གཙང་སེལ་གྱི་གནད་དོན་གང་མགྱོགས་ཐག་གཅོད་བྱེད་རྒྱུ། གྲོང་ཁྱེར་གྱི་ཆུ་སྙིགས་སྦུབས་ལམ་དང་གཙང་བཟོའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཐོན་ཁུངས་གྲོན་ཆུང་དང་རྒྱུན་འཁོར་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་བཟོ་སྐྲུན་དང་ལྗང་མདོག་མྱུར་སྐྱེས་ཐུམ་སྒྲིལ་ཁྱབ་གདལ་གཏོང་རྒྱུ། ཁོར་ཡུག་དཔལ་འབྱོར་སྲིད་ཇུས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། བཙོག་འབུད་དབང་ཆ་ཉོ་ཚོང་གི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལྗང་མདོག་དངུལ་རྩ་མགྱོགས་མྱུར་འཕེལ་རྒྱས་བཏང་སྟེ་ཆེད་ལས་ཅན་གྱི་ཁོར་ཡུག་སྲུང་སྐྱོང་གི་རྐང་འཛིན་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ།

    སྐྱེ་ཁམས་མ་ལག་སྲུང་སྐྱོང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རི་ཆུ་ནགས་དང་ཞིང་མཚེའུ་རྩྭ་སོགས་པའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་ས་ཆ་ལྗང་འགྱུར་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་བྱེ་འགོག་བྱེ་བཅོས། ས་ཆུ་ཤོར་ཚུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་བསྟུད་མར་དམ་འཛིན་བྱེད་རྒྱུ། རྨོ་བསྐྱུར་ནགས་གསོ་དང་། རྩྭ་གསོ། འདམ་གསོ་བཅས་མུ་མཐུད་བྱ་རྒྱུ། རྒྱལ་ཁབ་ཀྱི་སྤྱི་གླིང་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ། སྐྱེ་ཁམས་ཀྱི་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    (བརྒྱད) གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་ཟབ་ཏུ་བཏང་སྟེ། ཚོང་རའི་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་རྒྱུ། མངོན་གསལ་ཆེ་བའི་འགལ་ཟླ་དང་འགག་རྩའི་ལྷུ་ཚིགས་ལ་རྩེ་གཅིག་ཏུ་བསམས་ཏེ། འབྲེལ་ཡོད་སྒྱུར་བཅོས་ཟབ་སྤེལ་ལ་སྐུལ་སྤེལ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཚམ་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་འདོན་གང་ཐུབ་བྱེད་རྒྱུ།

    གཞུང་དབང་མ་རྩ་དང་ཁེ་ལས་སྒྱུར་བཅོས་མགྱོགས་སུ་གཏོང་རྒྱུ། གཞུང་དབང་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གཞུང་དབང་མ་རྩའི་དངུལ་འཇོག་དང་། གཉེར་སྐྱོང་ཀུང་སི་སྒྱུར་བཅོས་ཚོད་ལྟར་སྐུལ་འདེད་བཏང་ནས་གཞུང་དབང་རྒྱུ་ནོར་གྱི་རིན་ཐང་སྲུང་འཕར་ལ་སྐུལ་འདེད་གཏོང་རྒྱུ། དབང་བའི་ལམ་ལུགས་འདྲེས་མ་སྒྱུར་བཅོས་དགེ་མཚན་ལྡན་ཞིང་བརྟན་པོར་བྱེད་རྒྱུ། ཀུང་སི་བཅོས་སྐྱོང་གི་གྲུབ་ཚུལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚོང་ར་ཅན་གྱི་གཉེར་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཆེད་ལས་སྤྱི་གཉེར་པ་སོགས་ཀྱི་ལམ་ལུགས་གསར་འཛུགས་བྱེད་རྒྱུ། “རོ་རེངས་ཁེ་ལས”ཁྲིམས་མཐུན་ལྟར་ཐག་གཅོད་བྱེད་རྒྱུ། གློག་ཤུགས་དང་། སྣུམ་རླངས། ལྕགས་ལམ་སོགས་པའི་ཁྱབ་ཁོངས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། རང་བྱུང་སྒེར་སྡེམ་ལས་རིགས་ཀྱིས་ལས་རིགས་ཀྱི་ཁྱད་ཆོས་མི་འདྲ་བར་གཞིགས་ཏེ་དྲ་གཉེར་ལོགས་སུ་དབྱེ་ནས་འགྲན་རྩོད་རང་བཞིན་གྱི་ལས་སྒོ་ཕྱོགས་ཡོངས་ནས་ཚོང་རར་ཁྱབ་གདལ་གཏོང་རྒྱུ། གཞུང་དབང་ཁེ་ལས་ཀྱིས་སྒྱུར་བཅོས་གསར་གཏོད་དང་། རང་སྟོབས་རང་རྒྱས་བྱེད་པར་བརྟེན་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་དང་ལྟེ་བའི་འགྲན་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ།

    ནུས་སྟོབས་ཆེན་པོ་བཏོན་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུ། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱས་ནས། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡོང་བའི་བསྔགས་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་རྒྱུ། འགྲན་རྩོད་འཁྱོག་བྲལ་གྱི་རྩ་དོན་ལ་གཞིགས་ཏེ་རྒྱུ་རྐྱེན་གཙོ་བོ་ཐོབ་པ་དང་། བཅུག་འཐུས། གཉེར་སྐྱོང་འཁོར་སྐྱོད། སྲིད་གཞུང་གི་ཉོ་སྒྲུབ་དང་སུས་འཇོན་དེ་འགུག་དང་སུས་འཇོན་དེ་ལེན་སོགས་པའི་ཐད། དབང་བའི་ལམ་ལུགས་ཀྱི་ཁེ་ལས་རིགས་ཁག་ལ་ལྟ་སྟངས་འདྲ་མཉམ་འཛིན་རྒྱུ། སྲིད་ཚོང་བར་དུ་ཉེ་གཙང་འབྲེལ་བ་གསར་པ་འཛུགས་པ་དང་། སྲིད་ཁེ་འབྲེལ་གཏུག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཁེ་ལས་མཁས་པའི་ཧུར་སེམས་སྐྱེད་པར་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་གོང་སྤེལ་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ། རྒྱུ་ནོར་བདག་དབང་སྲུང་སྐྱོང་བློ་བརྟན་འགྱུར་མེད་ངང་ནས་བྱེད་རྒྱུ་དང་། དབང་གནོད་བྱ་སྤྱོད་ལ་ཁྲིམས་མཐུན་ལྟར་ཆད་པ་གཅོད་རྒྱུ། གྱོད་གཞི་ནོར་འཁྲུལ་ཅན་དང་ཉེས་མེད་ཉེས་འགེལ་གྱི་གྱོད་གཞི་ནོར་འཁྲུལ་ཅན་ཡོད་ན་ངེས་པར་ཡོ་བསྲང་བྱེད་རྒྱུ། ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་སྐྲུན་གང་ཐུབ་བྱས་ཏེ་ཁེ་ལས་མཁས་པར་བློ་བདེའི་ངང་ནས་གཉེར་སྐྱོང་དང་འཛུགས་གཉེར་བྱེད་དུ་འཇུག་རྒྱུ།

    ནོར་ཁྲལ་དངུལ་རྩའི་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ། སྔོན་རྩིས་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔོན་རྩིས་ཀྱི་ལས་ཕྱོད་དོ་དམ་ཕྱོགས་ཡོངས་ནས་བྱེད་རྒྱུ།

    (དགུ) ཕྱོགས་ཡོངས་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པར་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་སྐྱེད་སྲིང་བྱེད་རྒྱུ། སྒོ་འབྱེད་ཀྱི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་བ་དང་། སྒོ་འབྱེད་ཀྱི་བཀོད་པ་ལེགས་སུ་བཏང་སྟེ་ཚོང་ཟོག་དང་གཞི་རྒྱུ་འཁོར་རྒྱུག་ཚུལ་དུ་སྒོ་འབྱེད་པར་མུ་མཐུད་སྐུལ་འདེད་བཏང་ནས། སྒྲིག་སྲོལ་སོགས་ལམ་ལུགས་ཅན་དུ་སྒོ་འབྱེད་ལ་སྔར་བས་མཐོང་ཆེན་བྱས་ཏེ། ཆུ་ཚད་མཐོན་པོར་བརྟེན་ནས་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་སྤེལ་རྒྱུ།

    ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ཁྲོད་སྤུས་ཚད་ལེགས་སུ་འགྲོ་བར་བྱེད་རྒྱུ། ཕྱིར་གཏོང་ཚོང་ར་སྣ་མང་ཅན་དུ་སྐུལ་འདེད་གཏོང་རྒྱུ། ཕྱིར་གཏོང་ཡིད་རྟོན་འགན་བཅོལ་གྱི་ཁེབས་རྒྱ་ཆེ་རུ་གཏོང་རྒྱུ། རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་ར་སོགས་པའི་ལས་རྣམ་གསར་པར་རོགས་སྐྱོར་བྱེད་པའི་སྲིད་ཇུས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཞབས་ཞུའི་ཉོ་ཚོང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལས་སྣོན་གྱི་ཉོ་ཚོང་རིགས་སྒྱུར་རིམ་པ་སྤོར་རྒྱུའི་ཁྲིད་སྟོན་བྱས་ཏེ་དབུས་ནུབ་རྒྱུད་དུ་སྤོ་སྒྱུར་བྱས་ནས། ཕྱོགས་བསྡུས་དཔྱ་ཁྲལ་འགན་ལེན་ཁུལ་གྱི་ནུས་པ་འདོན་སྤེལ་ཡག་པོར་བྱེད་རྒྱུ། ནང་འདྲེན་གྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་ནང་འདྲེན་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་རྒྱུ། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་ཡག་པོར་གཉེར་ནས། འགག་སྒོ་སྒྲོལ་བདེ་ཡོང་ཚད་གང་མགྱོགས་ཆེ་རུ་གཏོང་རྒྱུ།

    ཕྱི་རྒྱལ་གྱི་མ་དངུལ་འདྲེན་འགུག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཚོང་རར་བཅུག་འཐུས་ཇེ་ལྷུག་ཏུ་བཏང་ནས་ཕྱི་རྒྱལ་གྱི་མ་དངུལ་བཅུག་འཐུས་ཀྱི་ལྡོག་ཕྱོགས་གསལ་ཐོ་ཇེ་ཐུང་ཇེ་ཉུང་དུ་གཏོང་བ་དང་། ཁྱབ་ཁོངས་སྔར་ལས་མང་པོར་ཕྱི་རྒྱལ་གྱི་མ་དངུལ་དང་མ་དངུལ་ཁེར་འཇོག་གིས་གཉེར་སྐྱོང་བྱས་ཆོག་པར་བྱེད་རྒྱུ། དངུལ་རྩ་སོགས་པའི་ལས་རིགས་སྒྱུར་བཅོས་སྒོ་འབྱེད་ཇུས་ཐབས་དོན་འཁྱོལ་བྱེད་པ་དང་། བུན་འཛིན་ཚོང་ར་སྒོ་འབྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྒྱལ་སྤྱིའི་སྤྱི་འགྲོས་ཀྱི་དཔལ་འབྱོར་ཉོ་ཚོང་ལམ་སྲོལ་དང་འབྲེལ་མཐུད་ཇེ་མགྱོགས་གཏོང་རྒྱུ་དང་། སྲིད་ཇུས་ཀྱི་གསལ་ཚད་དང་ལག་བསྟར་གཅིག་མཐུན་བྱེད་ཚད་ཆེ་རུ་བཏང་སྟེ། རྒྱལ་ཕྱི་རྒྱལ་ནང་གི་ཁེ་ལས་རྣམས་ལ་ཉེ་རིང་མེད་པར་འགྲན་རྩོད་དྲང་སྙོམས་ཀྱི་ཚོང་རའི་ཁོར་ཡུག་དྲང་གཞག་བསྐྲུན་རྒྱུ། ཕྱི་རྒྱལ་ཚོང་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རང་མོས་ཉོ་ཚོང་ཁུལ་ལ་སྒྱུར་བཅོས་གསར་གཏོད་ཀྱི་རང་བདག་དབང་ཆ་ཇེ་ཆེར་སྤྲད་དེ་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གསར་དུ་ཁུལ་གསར་ཇེ་མང་དུ་གཏོང་རྒྱུ་དང་། ཧའེ་ནན་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་འཚོལ་ཞིབ་བྱེད་རྒྱུ། རྒྱལ་ཁབ་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་དང་། ལག་རྩལ་མཐོ་གསར་ཁུལ། ཁུལ་གསར་བཅས་ཀྱིས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་འབྲེལ་ཡོད་སྒྱུར་བཅོས་ཚོད་ལྟར་རྒྱབ་སྐྱོར་བྱེད་པ་དང་། འཕྲོ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་བཏང་ནས་སྒྱུར་བཅོས་སྒོ་འབྱེད་ཀྱི་མཐོ་ས་གསར་པ་བསྐྲུན་རྒྱུ། ཀྲུང་གོའི་དངུལ་འཇོག་ཁོར་ཡུག་ཇེ་ལེགས་སུ་འགྲོ་ངེས་དང་། ཀྲུང་གོར་གནས་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཇེ་མང་དུ་འགྲོ་ངེས་རེད།

    “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་མཐའ་འཁྱོངས་བྱེད་པ་དང་། ཚོང་རའི་རྩ་དོན་དང་རྒྱལ་སྤྱིའི་སྤྱི་འགྲོས་སྒྲིག་ལམ་བརྩི་སྲུང་། ཁེ་ལས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཕུང་གསུམ་པ་དང་ཚོང་རའི་མཉམ་ལས་བྱེད་རྒྱ་སྐྱེད་རྒྱུ། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་ཡག་པོར་གཉེར་རྒྱུ། ཕྱི་ཕྱོགས་སུ་མ་དངུལ་འཇོག་པའི་མཉམ་ལས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་བྱེད་རྒྱུ།

    ཉོ་ཚོང་དང་དངུལ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་བྱེད་རྒྱུ། ཀྲུང་གོས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་རང་མོས་ཉོ་ཚོང་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ་འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་བྱེད་པར་ཧུར་ཐག་ཞུགས་རྒྱུ་ཡིན། ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་འཕྲིན་སྦྲེལ་ཇེ་མགྱོགས་བཙུགས་ཏེ་ས་ཁོངས་ཕྱོགས་ཡོངས་ནས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན་དང་། ཀྲུང་ལྗར་དང་ཁོ་རེ་ཡ་ལྷོ་མའི་རང་མོས་ཉོ་ཚོང་ཁུལ། ཀྲུང་གོ་དང་ཡོ་རོབ་ཀྱི་དངུལ་འཇོག་གྲོས་མཐུན་གྲོས་མོལ་བཅས་ལ་སྐུལ་འདེད་གཏོང་རྒྱུ་དང་། ཀྲུང་གོ་ཨ་རིའི་དབར་གྱི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ། ཀྲུང་གོས་གཉིས་ཕན་མཉམ་ལས་དང་། མཉམ་ཁེ་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་གྱི་གྲོས་མོལ་ཐོག་ནས་ཚོང་དོན་རྩོད་གཞི་སེལ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ང་ཚོས་སྒྲུབ་ཁས་བླངས་རིགས་ལག་བསྟར་ནན་ཏན་བྱས་ཏེ། རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན།

    (བཅུ།) སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་སྔར་ལྷག་བྱེད་རྒྱུ། ད་ལོ་ནོར་སྲིད་ཀྱི་གཏོང་ཡོང་དོ་མཉམ་གྱི་གནོན་ཤུགས་ཆེ་རུ་ཕྱིན་མོད་ཀྱང་མ་མཐའི་དམངས་འཚོའི་འཇོག་བྱ་སྤོར་རྒྱུ་ཡིན་པ་ལས་གཅོག་མི་སྲིད་པའི་འགན་ལེན་བྱེད་རྒྱུ་ཡིན། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་མ་མཐའི་སྤྱི་པའི་ཞབས་ཞུ་མིན་པའི་མཁོ་སྤྲོད་མང་དུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ་མང་ཚོགས་ཀྱི་དགོས་མཁོ་རིམ་པ་མང་ཞིང་རྣམ་པ་སྣ་ཚོགས་ལེགས་པོར་བསྐང་རྒྱུ།

    སློབ་གསོ་སྔར་བས་འདྲ་མཉམ་དང་སྤུས་ཚད་སྔར་ལས་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་དུ་འཕེལ་རྒྱས་ཡོང་བར་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་མགྱོགས་མྱུར་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་གྲྭའི“སློབ་མ་མང་ཐལ་ཆེ་བའི”དཀའ་ངལ་སེལ་གང་ཐུབ་དང་། གྲོང་ཁྱེར་དུ་གླ་པ་རྒྱུག་པར་ཡོང་མཁན་གྱི་ཞོར་ཁྲིད་བུ་ཕྲུག་ཚོའི་སློབ་གསོ་འགན་ལེན་བཅས་བྱས་ཏེ“འཕྲིན་སྦྲེལ་དྲ་བ་+སློབ་གསོ”འཕེལ་རྒྱས་གཏོང་བར་བརྟེན་ནས་ཐོན་ཁུངས་སྤུས་ལེགས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ། ཐབས་ལམ་མང་པོའི་ཐོག་ནས་སློབ་ཞུགས་གོང་གི་སློབ་གསོ་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། བུ་བཅོལ་ཁང་དང་གཞུང་བཙུགས་སམ་དམངས་བཙུགས་གང་ཡིན་ལ་མ་བལྟོས་པར་བདེ་འཇགས་ཀྱི་ཚད་གཞི་ལོན་པ་དང་། རིན་དངུལ་བསྡུ་རིགས་ཚུལ་མཐུན། ཁྱིམ་བདག་བློ་བདེ་བཅས་བྱུང་ཚེ་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་རྒྱུ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་ཡོང་བར་བྱེད་པ་དང་། མི་རིགས་སློབ་གསོ་དང་། དམིགས་བསལ་སློབ་གསོ། རྒྱུན་མཐུད་སློབ་གསོ་བཅས་ཡག་པོར་གཉེར་ནས་དམངས་བཙུགས་སློབ་གསོ་འཕེལ་རྒྱས་ལ་ཁྲིམས་ལྟར་རྒྱབ་སྐྱོར་བྱ་རྒྱུ། འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཕོགས་ཐོབ་ཆ་དོན་འཁྱོལ་དམ་འཛིན་མུ་མཐུད་ཡག་པོར་བྱེད་རྒྱུ། སློབ་ཆེན་རྩེ་གྲ་དང་རིག་གཞུང་ཚན་ཁག་རྩེ་གྲ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་དབུས་ནུབ་རྒྱུད་དུ་ཁྱད་ཆོས་ལྡན་པ་དང་ཆུ་ཚད་མཐོ་བའི་སློབ་ཆེན་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ད་ལོ་ནོར་ཤུགས་ཆུང་ཙམ་ཡིན་རུང་རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་གྱིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་མུ་མཐུད་4%ཡན་ཟིན་པ་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་བ་བཀོད་སྒྲིག་བྱེད་རྒྱུ། ང་ཚོས་རིན་ཐང་བྲལ་བའི་མ་དངུལ་བེད་སྤྱོད་ཡག་པོ་ཏན་ཏིག་བྱས་ཏེ། མི་དམངས་བློ་ཡིད་ཚིམས་པའི་སློབ་གསོ་ཡག་པོར་གཉེར་ནས་འབྱུང་འགྱུར་རེ་བས་ཁེངས་པར་བྱེད་རྒྱུ།

    གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་འགན་ལེན་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་འགན་ལེན་བྱེད་ཚད་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་གྲོང་མིའི་སྨན་བཅོས་འགན་བཅོལ་ཐད་མི་རེར་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་ཆ་སྙོམས་སྒོར་30མང་དུ་བཏང་ནས་ཕྱེད་ཀ་ནད་ཆེན་འགན་བཅོལ་ཐད་སྤྱོད་རྒྱུ། ནད་ཆེན་འགན་བཅོལ་གྱི་ཚད་གཞི་གཅོག་པ་མ་ཟད་གཅིག་གྱུར་ཡང་བྱེད་རྒྱུ་དང་སྨན་རིན་རྩིས་ཞུའི་བསྡུར་ཚད་50%ནས་60%བར་སྤོར་རྒྱུ། ནད་ཆེན་ཕོག་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུ། ནད་གཞི་ཚབས་ཆེན་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རང་རྒྱལ་དུ་སྐྲན་ནད་ངལ་དུབ་ཀྱིས་མནར་བའི་ཁྱིམ་ཚང་ཁྲི་སྟོང་མང་པོ་ཡོད་པས། སྐྲན་ནད་འགོག་བཅོས་བྱས་ནས་སྔོན་འགོག་ཚགས་བརྟག་དང་། སྔ་ཙམ་བརྟག་ནས་སྔ་ཙམ་བཅོས་པ། ཚན་ཞིབ་ཀྱི་འགག་གནད་སྒྲོལ་བ་བཅས་ཁྱབ་སྤེལ་བྱས་ཏེ། དམངས་འཚོའི་ཟུག་གཟེར་ལྡང་གནད་ཞི་ལྷོད་དུ་གཏོང་གང་ཐུབ་དང་། རྒྱུན་འབྱུང་གི་གཅོང་ནད་འགོག་བཅོས་ལེགས་པོར་བྱས་ནས། ཁྲག་ཤེད་མཐོ་བ་དང་། གཅིན་པ་མངར་འགྱུར་ནད་རིགས་སོགས་སྒོ་བསྟེན་སྨན་བཅོས་ཀྱི་སྨན་རིགས་དག་སྨན་བཅོས་འགན་བཅོལ་རྩིས་ཞུའི་ཁོངས་སུ་འཇུག་རྒྱུ། བྱིས་པའི་སྨན་རྫས་ཞིབ་སྤེལ་བྱེད་མགྱོགས་སུ་གཏོང་བ་དང་མཐོང་དཀའ་བའི་ནད་རིགས་ཀྱི་སྨན་རྫས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་ཐབས་སྒྱུར་བཅོས་ཟབ་ཏུ་བཏང་ནས་སྨན་བཅོས་འགན་བཅོལ་གྱི་གཏོང་སྒོའི་གྲུབ་ཆ་བཟང་སྒྲིག་བྱ་རྒྱུ། ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་པ་བསྟེན་རིགས་ཐད་ཀར་རྩིས་ཞུའི་སྲིད་ཇུས་གང་མགྱོགས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡུལ་གཞན་དུ་སྨན་པ་བསྟེན་མཁན་དམིགས་འཛུགས་ཀྱི་སྨན་ཁང་ཚང་མར་གཱ་འཁྱེར་ནས་སྨན་པ་བསྟེན་ཆོག་པ་དང་། འཕྲལ་མར་རྩིས་ཞུ་ཆོག་པར་བྱས་ཏེ་ཕྱོགས་འགྲུལ་མི་འབོར་དང་མཉམ་སྤོས་རྒན་རྒོན་སྟབས་བདེ་ཏན་ཏིག་ཡོང་བར་བྱེད་རྒྱུ། སྨན་བཅོས་གཅིག་སྡུད་ཉོ་སྒྲུབ་དང་བེད་སྤྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། གཞུང་འཛུགས་སྨན་ཁང་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དང་། སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བར་སྐུལ་འདེད་གཏོང་རྒྱུ། “དྲ་སྦྲེལ་+སྨན་བཅོས་བདེ་ཐང”འཕེལ་རྒྱས་བཏང་སྟེ་རྒྱང་རིང་གི་སྨན་བཅོས་ཞབས་ཞུའི་མ་ལག་ཇེ་མགྱོགས་སུ་འཛུགས་པ་དང་། གཞི་རིམ་སྨན་བཅོས་ནད་སྐྱོང་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རིམ་དབྱེའི་ནད་བརྟག་སྨན་བཅོས་དང་ཁྱིམ་ཚང་གི་སྨན་པའི་གན་འཇོག་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ།

    སྔོན་འགོག་གཙོ་བོར་མཐའ་འཁྱོངས་བྱས་ཏེ་གསར་དུ་འཕར་བའི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་ཚང་མ་གྲོང་གསེབ་དང་སྡེ་ཁུལ་ལ་སྤྱད་དེ་གཞི་རིམ་མང་ཚོགས་ལ་ངེས་པར་ཕན་ཐོགས་ཐུབ་པར་བྱེད་རྒྱུ། འགོ་ནད་དང་། ཡུལ་ནད། གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་བཅས་འགོག་བཅོས་ལ་དམ་འཛིན་ཡག་པོ་བྱ་རྒྱུ། བུ་བཙའི་ལེ་ལག་ཚང་བའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་བུད་མེད་དང་བྱིས་པའི་ལུས་ཁམས་བདེ་སྲུང་གི་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཀྲུང་ལུགས་གསོ་རིག་དང་སྨན་རྫས་བྱ་གཞག་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ། བདེ་ཐང་སློབ་གསོ་དང་བདེ་ཐང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ། སྨན་རྫས་དང་རིམས་འགོག་སྨན་ཁབ་ནི་མིའི་ཚེ་སྲོག་བདེ་ཐང་དང་འབྲེལ་བ་ཡོད་པས། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ངེས་པར་དུ་ཆེ་རུ་བཏང་སྟེ་ཁྲིམས་འགལ་བར་ཉེས་ཆད་དྲག་པོ་གཅོད་པ་ལས་གུ་ཡངས་སུ་མི་གཏོང་བ་དང་། འགན་ཤོར་ལས་འཛོལ་མཁན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་གི་གཞི་ཐིག་མཐའ་གཅིག་ཏུ་བསྲུང་རྒྱུ།

    སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། རིམ་མང་རྒན་གསོའི་འགན་སྲུང་ལམ་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། རྒན་ཡོལ་ཞུ་མཁན་གྱི་གཞི་རྩའི་རྒན་གསོའི་འཚོ་དངུལ་མུ་མཐུད་མང་དུ་གཏོང་རྒྱུ། དམག་ལོག་དམག་མིའི་ཐོབ་ཐང་འགན་སྲུང་དོན་འཁྱོལ་དང་། དམག་ལོག་དམག་མིའི་མ་མཐའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་རྒྱུན་མཐུད་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་དང་ཆེད་དམིགས་རོགས་སྐྱོབ་སོགས་པའི་ཚད་གཞི་མཐོ་རུ་འོས་འཚམ་གཏོང་བ་དང་། དཀའ་གནས་སུ་གྱར་བའི་བྱིས་པར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ལས་བཟོ་བ་དབུལ་ཕོངས་ལས་སྒྲོལ་ཤུགས་ཆེ་རུ་གཏོང་རྒྱུ། དབང་པོ་སྐྱོན་ཅན་སྔོན་འགོག་དང་ཁམས་གསོའི་ཞབས་ཞུ་སྒྲུབ་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ང་ཚོས་མང་ཚོགས་མྱུར་སྐྱོབ་དཀའ་སེལ་དང་། དགོས་པ་དུས་སུ་སྨིན་པར་བྱས་ཏེ། གཞི་རྩའི་དམངས་འཚོའི་གཞི་ཐིག་མཐའ་གཅིག་ཏུ་བསྲུང་རྒྱུ།

    མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པ་དང་། མང་ཚོགས་ཀྱི་རང་བཞིན་ལྡན་པའི་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱེད་སྒོ་རྒྱ་ཆེར་སྤེལ་བ། འབད་བརྩོན་གྱི་སྙིང་སྟོབས་དང་། ཚན་རིག་གི་སྙིང་སྟོབས། ངལ་རྩོལ་དཔེ་བཟང་ཅན་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ། ཡར་ཐོན་དགེ་བརྩོན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་བར་བྱེད་རྒྱུ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་མགྱོགས་མྱུར་འཛུགས་རྒྱུ་དང་། འཕྲིན་སྦྲེལ་དྲ་བའི་ནང་དོན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རིག་རྩལ་གསར་རྩོམ་དར་རྒྱས་དང་། གསར་འགྱུར་པར་སྐྲུན་དང་། རླུང་འཕྲིན་གློག་བརྙན་བརྙན་འཕྲིན་དང་ཡིག་ཚགས་སོགས་པའི་ལས་དོན་འཕེལ་རྒྱས་གཏོང་རྒྱུ། རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཡོང་བར་བྱེད་པ་དང་། གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ། དམངས་ཡོངས་ཀྱི་དཔེ་ཀློག་དར་སྤེལ་བཏང་སྟེ་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། ཀྲུང་ཕྱིའི་དབར་གྱི་མི་ཆོས་སྤེལ་རེས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་རྒྱུ།

    2020ལོའི་ཨའོ་རྩལ་འགྲན་ཚོགས་དང་།དབང་པོ་སྐྱོན་ཅན་པའི་ཨའོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་ཀ་ཏན་ཏིག་ངང་ནས་ཡག་པོར་བསྒྲུབ་རྒྱུ་དང་། པེ་ཅིན་གྱི་དགུན་དུས་ཨའོ་རྩལ་འགྲན་ཚོགས་དང་། དབང་པོ་སྐྱོན་ཅན་པའི་དགུན་དུས་ཨའོ་རྩལ་འགྲན་ཚོགས་གྲ་སྒྲིག་ཞིབ་ཚགས། འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་ལེགས་པོར་གཉེར་བ་བཅས་བྱེད་རྒྱུ། མི་དམངས་མང་ཚོགས་ལུས་སེམས་བདེ་ཐང་ཡོང་བར་བྱས་ན། སྤྱི་ཚོགས་གསོན་ཤུགས་ཀྱིས་ཁེངས་ཤིང་། རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་ངེས་རེད།

    སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་བཅོས་སྐྱོང་གི་ལྟེ་བ་གཞི་རིམ་དུ་གཤམ་སྤོའི་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཞི་མཐུན་ཡོང་བར་བྱེད་པའི“ཧྥེང་ཆའོ་ཉམས་མྱོང”ཁྱབ་གདལ་དུ་གཏོང་རྒྱུ། གྲོང་ཁྱེར་གྲོང་གསེབ་དང་སྡེ་ཁུལ་བཅོས་སྐྱོང་བྱེད་སྟངས་གསར་པ་འཛུགས་རྒྱུ། སྤྱི་ཚོགས་ཀྱི་རྩ་འཛུགས་དང་། མི་ཆོས་ཀྱི་རོགས་སྐྱོབ། དང་བླངས་ཞབས་ཞུ། དགེ་རྩའི་བྱ་གཞག་བཅས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་རྒྱུ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། བུད་མེད་དང་བྱིས་པ། རྒན་རྒོན། དབང་པོ་སྐྱོན་ཅན་བཅས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་རྒྱུ། ཡིག་བསྐུར་ངོ་བཅར་གྱི་ལས་དོན་ལེགས་བཅོས་བྱས་ནས། མང་ཚོགས་ཀྱི་ཚུལ་མཐུན་བདེ་སྡུག་ཞུ་རིགས་དུས་ཐོག་ཏུ་ཐག་གཅོད་བྱེད་རྒྱུ། སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུ། རྒྱལ་ཁབ་ཀྱི་མཁོ་བསྟུན་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། གནོད་འགོག་གེགས་སེལ་རྒུད་སྐྱོབ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ། བདེ་འཇགས་སྒོ་ནས་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་འཛོལ་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེ་རིགས་ཉེན་ཟོན་དང་བཀག་འགོག་བྱེད་རྒྱུ། ས་ཡོམ་དང་གནམ་གཤིས། ཆུ་དཔྱད། ས་གཤིས། ཐིག་ལེན་སོགས་པའི་ལས་དོན་ལེགས་པར་བསྒྲུབ་རྒྱུ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་ལུགས་ཁྱབ་སྤེལ་དང་དྲིལ་བསྒྲགས་ཀྱི་སློབ་གསོ་ཟབ་ཏུ་སྤེལ་རྒྱུ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ལངས་གཟུགས་ཅན་གྱི་སྤྱི་ཚོགས་བདེ་འཇགས་འགོག་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ནག་སེལ་ངན་འཇོམས་ཀྱི་ཆེད་དམིགས་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་ནས། རྐུ་འཕྲོག་མགོ་སྐོར་གཡོ་ལེན་དང་འཆལ་རྒྱན་དུག་གསུམ་སོགས་པའི་ཁྲིམས་འགལ་ཉེས་གསོག་ཀྱི་བྱ་སྤྱོད་ལ་ཁྲིམས་མཐུན་ལྟར་ཆད་པ་གཅོད་རྒྱུ་དང་། ཁྲིམས་དང་འགལ་ཏེ་དངུལ་བསྡུ་དང་། བརྒྱུད་འཚོང་སོགས་པའི་དཔལ་འབྱོར་གྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བ། སྤྱི་དམངས་སྒེར་གྱི་ཆ་འཕྲིན་ལ་བཙན་གནོད་བྱེད་པ་སོགས་པའི་གནད་དོན་མངོན་གསལ་དོད་རིགས་བཅོས་སྒྲིག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བདེ་འཇགས་བགེགས་མེད་འཚོ་བ་སྲུང་སྐྱོང་མཐའ་གཅིག་ཏུ་ཡག་པོར་བྱེད་རྒྱུ།

    འཐུས་མི་རྣམ་པ།

    དུས་བབ་དང་ལས་འགན་གསར་པས། སྲིད་གཞུང་གི་ལས་ཀར་བླང་བྱ་གསར་པ་སྔར་ལས་མཐོན་པོ་བཏོན་ཡོད། རིམ་ཁག་སྲིད་གཞུང་གིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཡག་པོར་བྱས་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་རང་རྟོགས་ངང་ནས་ཚད་མཐོའི་གཅིག་གྱུར་བྱེད་པ་དང་། ཏང་ནན་པོར་སྐྱོང་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་ནན་པོར་བྱས་ཏེ། རང་ཉིད་གསར་བརྗེ་ཕོད་པ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཟབ་སྤེལ། འགན་ནུས་སྒྱུར་བ་དང་། ཕན་ནུས་ཆེ་རུ་ཇེ་མགྱོགས་སུ་གཏོང་བ། སྲིད་གཞུང་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་དང་སྲིད་གཞུང་གི་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ནས། མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་རེ་སྒུག་གསར་པ་སྔར་ལས་ལྷག་པར་བསྐང་རྒྱུ།

    ཁྲིམས་ལྟར་ཕྱོགས་ཡོངས་ནས་འགན་འཁྲི་བསྒྲུབ་པ་མཐའ་འཁྱོངས་བྱེད་རྒྱུ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཇུས་གཞི་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་ནན་པོར་བྱས་ཏེ། སྲིད་གཞུང་གི་བྱེད་སྒོ་ཡོང་རྫོགས་ཁྲིམས་སྐྱོང་གི་ཐབས་ལམ་ཁོངས་སུ་འཇུག་རྒྱུ། རིམ་ཁག་སྲིད་གཞུང་གིས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ཁྲིམས་མཐུན་ལྟར་དང་ལེན་དང་། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་འགུལ་ངང་དང་ལེན། སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བཅས་བྱས་ཏེ། དབང་ཆ་ཚང་མས་མཐོང་གསལ་དུ་སྤྱོད་འཇུག་རྒྱུ། སྲིད་གཞུང་གིས་སྒྲུབ་པ་མཐའ་དག་མི་དམངས་ཀྱི་རེ་སྒུག་ཡིན་དགོས། ཚན་རིག་དང་། དམངས་གཙོ། ཁྲིམས་ལྟར་བཅས་ཀྱི་ཐབས་ཇུས་མཐའ་འཁྱོངས་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན་ཀྱི་དགོངས་འཆར་ཉན་འཇོག་དང་། དམངས་གཙོའི་ཏང་ཤོག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཀྱི་ཚོགས་པ་ཁག་བཅས་ཀྱི་དགོངས་འཆར་ཉན་འཇོག སྤྱི་ཚོགས་ཀྱི་དམངས་ཚོགས་དང་ཁེ་ལས་ཀྱི་དགོངས་འཆར་ཉན་འཇོག་བཅས་ནན་ཏན་བྱས་ནས་སྲིད་ཇུས་ཁག་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དང་མཐུན་ལ་ཕྱི་རོལ་ཡུལ་གྱི་དོན་དངོས་དང་ཡང་འཚམ་པར་བྱས་ཏེ། མང་ཚོགས་དང་འབྲེལ་འདྲིས་དེ་བས་ཆེ་ཞིང་མི་དམངས་ཀྱི་འདོད་བློ་དང་སྔར་བས་མཐུན་པར་བྱེད་རྒྱུ། སྲིད་དོན་ཡོངས་བསྒྲགས་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ། བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་དང་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པར་བྱེད་རོགས་བྱེད་རྒྱུ། སྲིད་འཛིན་ཁྲིམས་བསྟར་གྱི་འགན་འཁྲིའི་ལམ་ལུགས་དང་འགན་འདེད་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་མཐའ་དག་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་དང་། ཁྲིམས་བསྟར་དྲང་གཞག་དང་ཡ་རབས་ཚུལ་ལྡན་མིན་པའི་སྣང་ཚུལ་མཐའ་དག་དག་ཐེར་བཅོས་སྐྱོང་མཐའ་གཅིག་བྱས་ནས། སྲིད་འཛིན་ཐད་ལས་མི་སྒྲུབ་པའི་མི་སྣ་མཐའ་དག་ལ་འགན་འཁྲི་བདའ་འདེད་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་རྒྱུ།

    ཏང་སྲོལ་དང་སྲིད་དོན་གཙང་སྐྱོང་ཟབ་སྤེལ་བྱེད་རྒྱུ། “ཐོག་མའི་བསམ་འདུན་མ་བརྗེད་ཅིང་། འགན་འཁྲི་ཡིད་ལ་བརྟན་པོར་འཆང”བའི་བརྗོད་གཞིའི་སྐོར་གྱི་སློབ་གསོ་ཏན་ཏིག་སྤེལ་རྒྱུ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་པ་ལག་བསྟར་དང་དོན་འཁྱོལ་ནན་ཏན་བྱས་ཏེ། “སྤྱོད་ཚུལ་བཞི”དུས་དང་རྣམ་པ་ཀུན་ཏུ་ཡོ་བསྲང་དང་བཅོས་སྐྱོང་བྱེད་རྒྱུ། སྤྱོད་གཙང་གི་སྲིད་གཞུང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རུལ་སུངས་མི་ཕོད་པ་དང་། རུལ་སུངས་མི་རུང་བ། རུལ་སུངས་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་སྤེལ་གཏོང་རྒྱུ། རྩིས་བཤེར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྲིད་གཞུང་གི་ལས་ཀ་བྱེད་མཁན་གྱིས་བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་། ལྟ་ཞིབ་ཀྱི་ལྟ་སྐུལ། མི་དམངས་ཀྱི་ལྟ་སྐུལ་བཅས་རང་འགུལ་ངང་ནས་དང་ལེན་བྱེད་རྒྱུ། སྲིད་འབྲས་བཟང་ངན་མཐའ་མ་མཇུག་འབྲས་ལ་བལྟ་རྒྱུ། རིམ་ཁག་སྲིད་གཞུང་གིས་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་མཐའ་དག་ལ་ངོ་རྒོལ་དང་བཅོས་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། ལས་བྱེད་པ་ཚོགས་འདུ་དང་ཡིག་ཆ། དཔྱད་འཇོག་ཞིབ་བཤེར་དུ་གདན་ཞུ། དཔྱད་གཞིའི་སྙན་ཐོ་འབུལ་བ་བཅས་ཀྱི་ཁྲོད་ལས་ཐར་དུ་བཅུག་ནས། སེམས་ནུས་ཡོད་རྒུ་དཀའ་ངལ་དངོས་ཐག་གཅོད་བྱེད་ཕྱིར་འདོན་རྒྱུ། ལྟ་ཞིབ་ཞིབ་བཤེར་དཔྱད་ཞིབ་བཅས་ཀྱི་ལས་སྒོ་ཉུང་འཕྲི་དང་ཚད་ལྡན་བཟོས་ཏེ། “དྲ་སྦྲེལ་+ལྟ་ཞིབ”ལག་བསྟར་བྱེད་རྒྱུ། ཡིག་ཆ་འདོན་པ་དང་ཚོགས་འདུ་ཚོགས་གྲངས་ཉུང་དུ་གཏོང་བ་དང་། ད་ལོ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་སྡེ་ཚན་གྱིས་སྣེ་ཁྲིད་ནས་ཚོགས་འདུ་ཧྲག་བསྡུས་བྱེད་པ་དང་། ཡིག་ཆ་སུམ་ཆ་གཅིག་ཡན་རྦད་དེ་ཉུང་དུ་གཏོང་རྒྱུ།

    འགན་འཁྲི་འཁུར་ཤུགས་ཆེ་རུ་ཏན་ཏིག་གཏོང་རྒྱུ། ཀྲུང་གོའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་འོད་སྟོང་འབར་པའི་གྲུབ་འབྲས་ནི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཧུར་ཐག་འབད་ཐག་དང་། དཀའ་སྤྱད་འབད་བརྩོན་བྱས་པ་ལས་བྱུང་བ་རེད། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་གོའི་མི་དམངས་ཀྱི་བདེ་སྐྱིད་དང་ཕུགས་འདུན་འགྲུབ་པར་བྱེད་ན། སྔར་བཞིན་ཡུན་རིང་འབད་བརྩོན་ལྷོད་མེད་བྱེད་རྒྱུར་བརྟེན་དགོས། སྲིད་དོན་སྐྱོང་བ་གཞུང་གི་དོན། སྟོང་གཏམ་ལས་ཀྱང་ལས་ན་བཟང་། རིམ་ཁག་སྲིད་གཞུང་དང་དེའི་ལས་ཀ་བྱེད་མཁན་གྱིས་བདེན་འཚོལ་དངོས་སྒྲུབ་བྱས་ནས་ངང་ཐུང་འཚབ་འཚུབ་སྤང་ཐབས་བྱས་ནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་བརྟེན་གཞིར་བྱས་ནས་སྐུལ་སྤེལ་གཏོང་བ་དང་། དོན་གཉེར་ལས་འབྱེད་ཀྱི་བྱས་རྗེས་དངོས་ལ་བརྟེན་ནས་རྒྱུགས་ལན་འབུལ་རྒྱུ། སྐུལ་འདེད་གཅུན་སྡོམ་གྱི་ལམ་སྲོལ་དང་། རང་འགན་གཙང་མར་བསྒྲུབས་ན་འགན་འདེད་མི་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ལས་བྱེད་པ་ལས་ཀ་བྱེད་འདོད་པ་དང་། ལས་ཀ་བྱེད་ཕོད་པ། ལས་ཀ་སྒྲུབ་ཐུབ་པ་བཅས་ཀྱི་ཁོར་ཡུག་བསྐྲུན་རྒྱུ། ཀྲུང་དབྱང་དང་ས་གནས་ཀྱི་ཧུར་བརྩོན་བྱེད་སེམས་གཉིས་འདོན་སྤེལ་སྔར་ལས་ལྷག་པར་བྱེད་པ་དང་། གཞི་རིམ་མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱས་ནས་ས་གནས་ཀྱིས་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱེད་པར་སྐུལ་ཤུགས་འདོན་སྤྲོད་བྱེད་རྒྱུ་དང་བར་སྟོང་འདང་ངེས་འཇོག་རྒྱུ། རྒྱ་ཆེའི་ལས་བྱེད་པར་ལས་དོན་སྒྲུབ་སེམས་དང་ཧུར་བརྩོན་བྱེད་སེམས་ཤུགས་ཆེན་ལྡན་པར་བྱས་ནས་དོན་ལས་མི་གཟུར་བ་དང་། འགན་ལས་མི་གཡོལ་བར་དཀའ་སྤྱད་འབད་བརྩོན་དང་དོན་དངོས་དང་ཟུང་འབྲེལ་བྱས་ནས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་བསྒྲུབས་ཏེ། མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་ཐོབ་པ་དང་། ཀྲུང་གོ་གོང་དུ་འཕེལ་བར་འོད་སྟོང་འབར་བའི་བྱས་རྗེས་གསར་པ་འཇོག་པར་འབད་བརྩོན་ཆེན་པོ་བྱེད་རྒྱུ།

    འཐུས་མི་རྣམ་པ།

    ང་ཚོས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་བ་དང་། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བ།མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་སློབ་གསོ་ཟབ་སྤེལ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མི་རིགས་ཁག་མཛའ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། མཐུན་སྦྱོར་ངང་འཕེལ་རྒྱས་བཅས་གཏོང་རྒྱུ། མི་རིགས་ས་ཁུལ་དང་མི་གྲངས་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ་གཟོང་ཁ་གཅིག་སྒྲིལ་གྱིས་མི་རིགས་56ཐུན་མོང་དུ་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་དུ་དར་རྒྱས་གོང་འཕེལ་ཡོང་བའི་ཡིད་འོང་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་རྒྱུ།

    ང་ཚོས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་མཐར་ཕྱིན་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས། ཁྲིམས་མཐུན་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་རྒྱུ།

    ང་ཚོས་ཕྱིར་སྡོད་རང་མིའི་ལས་དོན་ཀྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་དང་། ཕྱིར་སྡོད་སྤུན་ཟླ་དང་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ལེགས་པར་བྱེད་པ་དང་། ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ་དང་ལེགས་བཅོས་བྱས་ནས་ཁོང་ཚོའི་དམིགས་བསལ་དགེ་མཚན་དང་ནུས་པ་གལ་ཆེན་འདོན་སྤེལ་བྱེད་རྒྱུ་དང་། རྒྱལ་ཕྱི་རྒྱལ་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚོའི་བསམ་པ་མཐུན་པའི་རེ་སྨོན་ཆེན་པོ་དང་། རྔམ་བརྗིད་ཆེ་བའི་སྟོབས་ཤུགས་ལྷན་དུ་འདུ་བའི་བཀོད་པ་འདིང་རྒྱུ་ཡིན།

    འཐུས་མི་རྣམ་པ།

    འདས་ཟིན་པའི་ལོ་གཅིག་གི་ནང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་བཏང་བ་དང་། དམག་ཤུགས་ཆེ་རུ་གཏོང་བའི་བྱ་བཞག་ལས་རྣམ་པ་གསར་པ་དང་བྱེད་ལུགས་གསར་པ་མངོན་ཡོད། ལོ་གསར་པའི་ནང་། ཏང་གིས་དུས་རབས་གསར་པར་དམག་སྟོབས་ལྡན་པར་བྱེད་པའི་དམིགས་འབེན་མུ་མཐུད་སྣེ་ཁྲིད་དུ་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་སྟོབས་ལྡན་པར་བྱེད་པའི་དགོངས་པ་དེ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བྱེད་པའི་མཛུབ་ཁྲིད་གནས་བབ་སུ་བརྟན་པོར་འཇོག་པ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས། ཁྲིམས་མཐུན་ལྟར་དམག་དཔུང་བཅོས་སྐྱོང་བཅས་གཏིང་ཟབ་ཏུ་སྤེལ་རྒྱུ། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་གཞི་རྩའི་རྩ་དོན་དང་ལམ་ལུགས་མཐའ་འཁྱོངས་དང་། དམག་ཨུད་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱེད་རྒྱུ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར་བྱས་ཏེ། དངོས་སུ་འཐབ་པའི་དམག་དོན་སྦྱོང་བརྡར་གྱི་ཆུ་ཚད་མཐོ་རུ་བཏང་ནས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་མུ་མཐུད་གཏིང་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་སྲིད་ཇུས་ཀྱི་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྒྱལ་སྲུང་སློབ་གསོ་དང་། རྒྱལ་སྲུང་སྐུལ་སློང་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཐུས་སྒོ་ཚང་དུ་བཏང་ནས་དམངས་ཡོངས་ཀྱི་རྒྱལ་སྲུང་འདུ་ཤེས་ཟབ་ཏུ་གཏོང་རྒྱུ། དམག་དམངས་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། རྒྱལ་སྲུང་ཚན་རྩལ་གསར་གཏོད་ཀྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ། རིམ་ཁག་སྲིད་གཞུང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་དོ་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ“གཉིས་བཀུར”བྱེད་སྒོ་གཏིང་ཟབ་སྤེལ་ཏེ་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་རྩ་བ་ཚུགས་ཤིང་ཡལ་འདབ་རྒྱས་ཏེ། ནམ་ཡང་ཉམས་མེད་མཚར་སྡུག་ལྡན་པར་བྱེད་རྒྱུ་ཡིན།

    འཐུས་མི་རྣམ་པ།

    ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཞང་ཀང་བས་ཞང་ཀང་སྐྱོང་བ” “ཨའོ་མོན་པས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་མུ་མཐུད་ཁྱོན་ཡོངས་ནས་དོན་ཐོག་ཏུ་ཡང་དག་འཁྱོལ་བར་བྱས་ཐོག རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་ལས་དོན་དམ་ནན་བསྒྲུབ་རྒྱུ། ཞང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྲིད་འཛིན་འགོ་འདོམས་ཀྱིས་ཁྲིམས་མཐུན་ལྟར་སྲིད་སྐྱོང་བར་རོགས་སྐྱོར་གང་ཐུབ་བྱེད་རྒྱུ་དང་། ཀང་ཨའོ་ཡིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ཡུའེ་ཀང་ཨའོ་གསུམ་གྱི་ཁུག་པ་ཆེ་ཁུལ་འཛུགས་སྐྲུན་གྱི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། རང་ངོས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ནང་ས་དང་གཉིས་ཕན་མཉམ་ལས་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་རྒྱུ། ཞང་ཀང་དང་ཨའོ་མོན་གཉིས་མེས་རྒྱལ་ནང་ས་དང་མཉམ་དུ་འཕེལ་རྒྱས་དང་། མཉམ་དུ་ཡར་ཐོན། ཡུན་རིང་དར་རྒྱས་བརྟན་ལྷིང་བཅས་ཡོང་ངེས་ཡིན་པར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད།

    ང་ཚོས་ཐའེ་དབན་ལ་འཛིན་པའི་ལས་དོན་གྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་དགོས། 《སྤུན་ཟླ་ཐའེ་དབན་པར་སྤྲིངས་པའི་ཡི་གེ》འགྲེམས་སྤེལ་བྱས་ནས་ལོ་ངོ་40འཁོར་བའི་རྗེས་དྲན་བཞུགས་མོལ་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང“དགུ་གཉིས་ངོས་འཛིན་གཅིག་མཐུན”མཐའ་འཁྱོངས་བྱས་ཏེ། ངོགས་གཉིས་པོའི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་བྱེད་རྒྱུ་དང་། མེས་རྒྱལ་ཞི་བའི་སྒོ་ནས་གཅིག་གྱུར་བྱེད་རིམ་ལ་སྐུལ་འདེད་གཏོང་རྒྱུ། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་ལྐོག་ཇུས་དང་སྤྱོད་ཡན་ལ་ངོ་རྒོལ་དང་བཀག་འགོག་མཐའ་གཅིག་ཏུ་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ། ངོགས་གཉིས་མཉམ་འདྲེས་ངང་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ་དང་། ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་མཉམ་ལས་བསྟུད་མར་རྒྱ་སྐྱེད་རྒྱུ། ངོགས་གཉིས་ཀྱི་སྤུན་ཟླ་རྩ་བ་གཅིག་འབྲེལ་དང་། ལས་དབང་གཅིག་འབྲེལ་ཡིན་པས། ཀྲུང་གོ་བ་ཡོངས་ཀྱི་མ་འོངས་པའི་བདེ་སྐྱིད་ལག་གདང་སྦྲེལ་ནས་མཉམ་སྐྲུན་མཉམ་སྤྱོད་བྱེད་རྒྱུ།

    འཐུས་མི་རྣམ་པ།

    ད་ལྟའི་འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འཕྲད་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ངང་ནས་ཞི་བདེའི་འཕེལ་རྒྱས་ལམ་བུར་སྐྱོད་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ནས། ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཏུ་གྱུར་པའི་རྒྱལ་སྤྱིའི་མ་ལག་བློ་རྩ་བརྟན་པོའི་ངང་ནས་སྲུང་སྐྱོང་བྱེད་རྒྱུ། གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་མ་ལག་སྒྱུར་བཅོས་འཐུས་ཚང་བྱེད་པའི་ནང་དུ་ཧུར་ཐག་ཞུགས་ཏེ། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་བློ་རྩ་བརྟན་པོས་སྲུང་སྐྱོང་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པར་སྐུལ་འདེད་གཏོང་རྒྱུ། རྒྱལ་ཁབ་ཆེ་རིགས་གཙོ་བོ་དང་འབྲེལ་ལམ་བཙུགས་ནས་གླེང་མོལ་དང་མཐུན་སྦྱོར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐའ་སྐོར་རྒྱལ་ཁབ་དང་འབྲེལ་བ་གཏིང་ཟབ་ཏུ་སྤེལ་རྒྱུ་དང་། དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་གཉིས་ཕན་མཉམ་ལས་བྱེད་རྒྱ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཚམ་པོ་ཧུར་ཐག་འཇལ་བ་དང་ས་ཁུལ་གྱི་གླེང་ཆ་ཆེ་བའི་གནད་དོན་ཐག་གཅོད་པར་ཀྲུང་གོའི་དགེ་མཚན་ལྡན་པའི་ཇུས་གཞི་སྔར་ལས་མང་པོ་མཁོ་འདོན་བྱེད་རྒྱུ། ཀྲུང་གོས་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་མཉམ་ལས་དང་། ཕྱར་བ་གྲུ་འདེགས་བྱས་ནས་འཛམ་གླིང་ཡུན་རིང་ཞི་བདེ་དང་ཐུན་མོང་ཐོག་གོང་དུ་འཕེལ་བར་སྐུལ་སྤེལ་གཏོང་བར་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད།

    འཐུས་མི་རྣམ་པ།

    འབད་བརྩོན་བྱས་ཏེ་ལོ་རྒྱུས་བསྐྲུན། དངོས་དོན་གཉེར་ན་འབྱུང་འགྱུར་འགྲུབ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་ང་ཚོས་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། སྙིང་རུས་ཆེན་པོས་ཡར་བརྩོན་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕུལ་དུ་བྱུང་བར་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བཪྙེས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་རྒྱུ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་པའི་ཆེད་དང་། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་འཚོ། ཤེས་དཔལ་ལྡན་པ། ཞི་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་16ཉིན་འབྱོར་པའི་གློག་འཕྲིན།

    (རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་ནང་དོན་ཆ་ཚང་འདི་ག་ཚགས་པར་གྱི་དུད་སྣེ་ནས་གཟིགས་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།