ཚེས་15ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱི་2019ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཏེ། 2018ལོའི་བཟའ་བཅའི་བདེ་འཇགས་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་། 2019ལོའི་ལོ་འཁོར་གྱི་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་བཟའ་བཅའི་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི“ནན་ཤོས་བཞིའི”བླང་བྱ་གཞིར་བཟུང་། བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ནན་པོ་དང་། དོ་དམ་ནན་པོ། ཚོད་འཛིན་ནན་པོ་བཅས་བྱས་ཏེ། རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཁྲི་300ལྷག་ཙམ་གྱི“ལྕེ་ཐོག་གི་བདེ་འཇགས”སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་བཟའ་བཅའི་བདེ་འཇགས་ནི་མི་ཚང་མའི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་དང་འབྲེལ་བ་ཡོད་ཅིང་། དེ་ནི་མི་དམངས་མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ་དང་མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པའི་ཁེ་ཕན་གནས་ས་ཞིག་རེད། གཅིག་ནས་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་བྱ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་མི་དམངས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་པ་དང་། བཟའ་བཅའི་ཐོན་སྐྱེད་དང་། བཟའ་བཅའི་འཁོར་རྒྱུག བཟའ་འཐུང་གཉེར་སྐྱོང་སོགས་ཀྱི་ལྷུ་ཚིགས་ཁག་ལ་དམ་པོར་དམིགས་ནས་གདིང་གཞི་མཐིལ་རྟོགས་དང་། གནས་ཚུལ་ཁོང་དུ་ཆུད་པ། གནད་དོན་འཚོལ་ཞིབ་ཏན་ཏིག་བཅས་ནས་འགོ་བཙུགས་ཏེ་ཉེན་ཁའི་མངོན་མེད་རྐྱེན་ངན་གྱི་གྲལ་བཤེར་ཆེ་མོ་ཕྱོགས་ཡོངས་ནས་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་མཐར་ཕྱིན་པ་བྱེད་པ་དང་། ལྟ་སྐུལ་དོ་དམ་གྱི་ཁུག་ཆ་མེད་པ་བཟོས་ནས་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁའི་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ཁྱབ་ཁོངས་དང་ལྷུ་ཚིགས་ཚང་མར་དོན་འཁྱོལ་བྱེད་དགོས་པ་དང་། གཉིས་ནས་བཟའ་བཅའི་བདེ་འཇགས་ཀྱི་ཁྱབ་ཁོངས་གཙོ་བོའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་བཟའ་བཅའི་འབྱུང་རྩ་དང་། བཟའ་བཅའ་ཐོན་སྐྱེད། འཁོར་རྒྱུག་ལྷུ་ཚིགས། བཟའ་འཐུང་འཛད་སྤྱོད། “རྒན་རྒོན་དང་བྱིས་པའི་བཟའ་བཅའི་བདེ་འཇགས”བཅས་ལ་དམིགས་ནས་ནུས་ཤུགས་ཡོད་རྒུས་ཆེད་དོན་བཅོས་སྒྲིག་གི་ལས་དོན་སྤེལ་དགོས་པ། གསུམ་ནས་བཟའ་བཅའི་བདེ་འཇགས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་བྱ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་དཔེ་སྟོན་གྱི་ནུས་པ་ཡག་པོར་བརྟེན་ནས་སྤྱི་ཡོངས་ཀྱི་བཟའ་འཐུང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱེད་དགོས་པ། བཞི་ནས་བཟའ་བཅའི་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་བྱ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་ལེགས་གཏོང་འཆར་གཞི་ལག་བསྟར་བྱེད་པ་དང་བཟའ་བཅའི་བདེ་འཇགས་ཐད་ཀྱི་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་གྱིས་བཟའ་བཅའི་ཐོན་ལས་སྐྱོན་བྲལ་དང་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།