རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཕུགས་འདུན་དོན་གཉེར་མཁན་ཧུར་ཐག་བྱེད་པ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་པ། ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་བོད་ཀྱི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པ་དང་། བཏོན་པའི་གནད་དོན་གནད་ལ་འཁེལ་བ། བཏོན་པའི་དམིགས་ཚད་ཚན་རིག་དང་མཐུན་ལ་ལུགས་མཐུན་ཡིན་པ། སྲིད་ཇུས་བྱེད་ཐབས་ཏན་ཏིག་ནུས་ལྡན་ཡིན་པ་བཅས་ལས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གང་ལེགས་མངོན་ཡོད། འདི་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། སྲོག་ཤིང་ལ་སྲུང་སྐྱོང་། དམ་པ་དོན་གཉེར། སྒྱུར་བཅོས་གསར་གཏོད། སེམས་ནུས་གཅིག་སྒྲིལ། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པས་རྦད་དེ་མོས་མཐུན་ཡོད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཞུ་གི་ཡིན་ཞེས་གསུངས།
བློ་བཟང་རྒྱལ་མཚན་གྱིས་ང་ཚོས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ད་ཐེངས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་གཏན་འཁེལ་གནང་བའི་དམིགས་ཚད་ལས་འགན་ལ་གཞིགས་པ། བོད་དུ་གནས་པའི“འགལ་བ་གཉིས”སྟངས་འཛིན་ནན་པོ་བྱེད་པ། བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་འབབ་སར་དམིགས་པ། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་བ། ཤུགས་སྣོན་ལྷོད་མེད་དང་སྙིང་རུས་བརྟན་འཁྱོངས་བྱེད་པ། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱེད་པ། མཐའ་མཚམས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་པ། བོད་ཀྱི་བདེ་འཇགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྤྱི་ཡོངས་བདེ་འཇགས་སྲུང་སྐྱོང་བཅས་བྱས་ཏེ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་ཐུགས་ཁུར་ཟབ་བཞེས་ལ་དྲིན་ལན་འཇལ་དགོས་པའི་ནན་བཤད་གནང་བ་རེད།