ཚེས་12ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཀྲོང་ཡན་གྱིས་རུ་སྣེ་ཁྲིད་དེ་གཟི་བྱིན་བླ་མཚོ་བོད་ཟས་ཁང་དང་། ཁྲུང་ཆིང་ཀྲེན་སན་ཀོན་རྒྱ་ཁོག་ཁང་། ཧྲེན་ལི་དུས་རབས་ཐང་ཆེན་ཏ་མའེ་སྒོ་རྩིས་ཚོང་ཁང་སོགས་ལ་སྔ་རྗེས་སུ་ཕེབས་ནས་བཟའ་བཅའི་བདེ་འཇགས་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།
ཀྲོང་ཡན་གྱིས་གཟི་བྱིན་བླ་མཚོ་བོད་ཟས་ཁང་དུ་ཕེབས་ནས་བོད་ཟས་སྣ་ཚོགས་བཟོ་རིམ་ལ་གཟིགས་ཞིབ་ནན་ཏན་གནང་བ་དང་། རོ་བཅུད་ལྡན་པའི་བོད་ཟས་སྣ་ཚོགས་མ་བྱན་གྱིས་གཡོས་སྦྱོར་བྱེད་སྐབས་བརྒྱུད་རིམ་ཧྲིལ་པོ་གཙང་སྦྲ་ལྡན་པ་ཞིག་ཡོད་པ་གཟིགས་སྐབས་ཀྲོང་ཡན་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་ཇ་མངར་མོ་དང་བུལ་ཐུག་སོགས་སྲོལ་རྒྱུན་གྱི་ཞིམ་ཟས་ལ་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པས་ངེས་པར་དུ་བཟའ་བཅའི་བདེ་འཇགས་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་ལྷག་པར་དུ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲོལ་རྒྱུན་གྱི་བཟའ་བཅའི་བདེ་འཇགས་ལ་དམ་འཛིན་ཡག་པོ་བྱས་ཏེ་བཟའ་བཅའི་རྒྱུ་ཆ་མཁོ་འདོན་གྱི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ཏེ་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
ཁྲུང་ཆིང་ཀྲེན་སན་ཀོན་རྒྱ་ཁོག་ཁང་དུ་ཀྲོང་ཡན་གྱིས་བཟའ་བཅའི་བདེ་འཇགས་དོ་དམ་དང“ཐབ་ཚང་ཕྱི་གསལ་ནང་གསལ”སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། ཏ་མའེ་སྒོ་རྩིས་ཚོང་ཁང་དུ་ཀྲོང་ཡན་གྱིས་ཚོང་ཟོག་འཐེན་ཡུལ་དང་། ཉར་ཚགས་དུས་ཚོད། དུས་ཚོད་ཡོལ་བའི་བཟའ་བཅའ་གཙང་སེལ་སོགས་ཀྱི་གནས་ཚུལ་རེ་རེ་བཞིན་བཀའ་འདྲི་གནང་བ་རེད།
ཀྲོང་ཡན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཟའ་བཅའི་བདེ་འཇགས་ལས་དོན་ལ་མཐོང་ཆེན་པོ་གནང་གི་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཚད་གཞི་ནན་ཤོས་དང་། ལྟ་སྐུལ་དོ་དམ་ནན་ཤོས། ཆད་གཅོད་ནན་ཤོས། འགན་འཁྲི་བདའ་འདེད་ནན་ཤོས”བཅས་ཀྱི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྷག་པར་དུ་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་མ་ཟད། ཏང་སྲིད་ཀྱིས་འགན་འཁྲི་གཅིག་མཚུངས་འཁུར་བ་དང་ས་གནས་ཀྱིས་སྤྱི་འགན་འཁུར་རྒྱུ་དོན་འཁྱོལ་ནན་ཏན་བྱས་ཏེ་རིམ་ཁག་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་དུ་གཏོང་བའི་སྒོ་ནས་བཟའ་བཅའི་བདེ་འཇགས་ལས་དོན་གྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས་པ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་འཐེན་བཤེར་བྱེད་ཚད་མང་དུ་གཏོང་བ་དང་འཐེན་བཤེར་བྱེད་ཁྱོན་ཆེ་རུ་བཏང་སྟེ་རྒྱུན་དུ་ནས་དམ་འཛིན་དང་དུས་རྒྱུན་ནས་ནན་པོ་བྱེད་དགོས་པ། བཟའ་བཅའ་གཉེར་སྐྱོང་མཁན་གྱི་འགན་འཁྲིའི་འདུ་ཤེས་དང་ཁ་དན་ཚིག་གནས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། བཟའ་བཅའ་གཉེར་སྐྱོང་མཁན་གྱི་བྱེད་པོའི་འགན་འཁྲི་སྔར་བས་ཁ་གསལ་བཟོ་བ། བཟའ་བཅའ་གཉེར་སྐྱོང་གི་བྱ་སྤྱོད་སྔར་བས་ཚད་ལྡན་ཡོང་རྒྱུ་ཁ་གསལ་བཟོ་བ་བཅས་བྱེད་དགོས་པ། བཟའ་བཏུང་ཞབས་ཞུ་མཁོ་འདོན་བྱེད་མཁན་ལ་བཟའ་བཏུང་ཞབས་ཞུའི་བཟའ་བཅའི་བདེ་འཇགས་བཀོལ་སྤྱོད་ཚད་ལྡན་དོན་འཁྱོལ་ཡོང་རྒྱུར་སྐུལ་མ་གཏོང་བའི་ཐོག་འཛད་སྤྱོད་པ་དང་། ཁྲོམ་ར་འཛུགས་གཉེར་བ། ལས་སྟེགས་སོགས་ལ་བཟའ་བཅའི་བདེ་འཇགས་དོ་དམ་གྱི་ཆུ་ཚད་ལེགས་སུ་གཏོང་རྒྱུར་སྐུལ་མ་གཏོང་དགོས་པ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཆོག་འཐུས་ཀྱི་དོན་གནད་བཟང་སྒྲིག་བྱེད་པ། མི་སེམས་དྲོས་པའི་ཞབས་ཞུ་སྒྲུབ་པ་བཅས་ཀྱི་སྒོ་ནས་རང་ལྗོངས་ཀྱི་བཟའ་བཅའ་ཐོན་སྐྱེད་དང་། གཉེར་སྐྱོང་། བཟའ་བཏུང་ཞབས་ཞུ་སོགས་ཀྱི་ཁེ་ལས་སྔར་བས་སྐྱེད་སྲིང་བྱེད་པ་དང་། གོང་འཕེལ་གཏོང་བ། སྟོབས་ཆེར་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།