དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་ལས་བྱེད་པ་དང་ལས་བཟོར་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-02-07

    ཟླ་2ཚེས་5ཉིན་ནི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཚེས་གཅིག་ཡིན། གནའ་གྲོང་ལྷ་སར་སྤྲོ་སྣང་དང་འཆམ་མཐུན་གྱི་དུས་ཆེན་རྣམ་པས་ཁེངས་ཡོད། ཚེས་5ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ལྗོངས་མི་དམངས་སྨན་ཁང་དང་། བོད་ལྗོངས་གློག་འཕྲིན། བོད་ལྗོངས་སྒུལ་བདེ། ལྗོངས་དྲ་འཕྲིན་གཞུང་ལས་ཁང་བཅས་སུ་ཕེབས་ནས་དུས་ཆེན་རིང་འཐབ་ས་དང་པོར་ལས་གནས་བརྟན་སྲུང་བྱེད་མཁན་ལས་བྱེད་པ་དང་ལས་བཟོར་འཚམས་འདྲི་གནང་བ་དང་། ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་ཁོང་ཚོས་དཀའ་སྤྱད་ལས་བརྩོན་དང་ལས་བཀུར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ལོ་གསར་གྱི་སྨོན་འདུན་བཟང་པོ་ཡང་ཞུས་པ་རེད།

    གནས་རེར་ཕེབས་རིམ་བཞིན་བློ་བཟང་རྒྱལ་མཚན་གྱིས་སྡོད་བྱའི་མི་སྣར་ཕྱག་བཏང་གནང་བ་དང་ཁོང་ཚོར་མཇལ་དར་བསྒྲོན་ཏེ་འཐབ་ས་དང་པོའི་མི་སྣ་དང་ཅི་འཕྲོས་མོལ་འཕྲོས་གནང་ཞིང་། ཚང་མའི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་ཁོང་ཚོས་ཁྱིམ་ཚང་ཆུང་ངུ་དོར་ཏེ་ཁྱིམ་ཚང་ཆེན་པོ་སྲུང་བའི་ལས་བཀུར་གྱི་སྙིང་སྟོབས་ལ་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ལྗོངས་མི་དམངས་སྨན་ཁང་གི་མྱུར་སྐྱོབ་ལྟེ་གནས་སུ་བློ་བཟང་རྒྱལ་མཚན་གྱིས་དམངས་འཚོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་མི་སེམས་གཅིག་ཏུ་སྒྲིལ་བའི་ནང་དོན་གལ་ཆེན་ཞིག་ཡིན། སྨན་བཅོས་འཕྲོད་བསྟེན་འཐབ་ཕྱོགས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་སྨན་བཅོས་ཞབས་ཞུའི་སྤུས་ཚད་ལེགས་སུ་དང་མང་ཚོགས་བློ་ཡིད་ཚིམ་ཚད་ཆེ་རུ་ཧུར་ཐག་བཏང་སྟེ་བོད་ཀྱི་མི་དམངས་སྔར་བས་བདེ་སྐྱིད་ཁམས་བཟང་གི་འཚོ་བ་སྐྱེལ་རྒྱུར་ཞབས་འདེགས་ཡག་པོ་ཞུ་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཀྲུང་གོ་གློག་འཕྲིན་གྱི་ཨང་གྲངས་10000གྱི་ཞབས་ཞུའི་ལྟེ་གནས་སུ་སྡོད་བྱའི་མི་སྣས་སྤྱོད་མཁན་གྱི་ཁ་པར་ལེན་པར་བྲེལ་བཞིན་ཡོད་པ་གཟིགས། སྤྱོད་མཁན་གྱིས་བཤད་པའི་གནད་དོན་ཐག་གཅོད་ཞིབ་ཚགས་བྱས་པས་བློ་བཟང་རྒྱལ་མཚན་གྱིས་ཁོང་ཚོའི་ལས་བཀུར་གྱི་སྙིང་སྟོབས་ལ་བསྔགས་བརྗོད་གནང་བ་རེད།

    ལྗོངས་དྲ་འཕྲིན་གཞུང་ལས་ཁང་དྲ་འཕྲིན་འཕྲལ་སྡོམ་བཀོད་འདོམས་ལས་སྟེགས་སུ་བློ་བཟང་རྒྱལ་མཚན་གྱིས་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་བཏང་སྟེ་དྲ་སྦྲེལ་ལས་སྟེགས་ལ་དོ་དམ་ཡག་པོ་དང་བེད་ཡག་པོ་སྤྱད་ནས་བོད་ཀྱི་དྲ་འཕྲིན་ལས་དོན་སྐས་རིམ་གསར་པར་སླེབས་པ་དང་གྲུབ་འབྲས་གསར་པ་གཏོད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།