དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-01-24

    ཚེས་21ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་ཚོགས་འདུར་ཕེབས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྔར་བས་སློབ་སྦྱོང་དང་ལག་བསྟར་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་རྩ་བའི་བྱེད་ཐབས་སུ་བརྩི་བ། ནུས་ཤུགས་ཡོད་རྒུས་ཚོང་གཉེར་གྱི་ཁོར་ཡུག་ལེགས་ཤོས་གཏོད་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་དབང་ཧའེ་ཀྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 

    ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གནད་སྨིན་ཤུགས་འདོན་གྱིས་རང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱེད་དགོས་པ་སྟེ། གཅིག་ནས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་གཞི་རྩའི་དཔལ་འབྱོར་ལམ་ལུགས་ལ་གཞིགས་ནས་ལས་དོན་སྒྲུབ་པ་དང་། གཞུང་ཁོངས་དཔལ་འབྱོར་དང་དམངས་གཉེར་དཔལ་འབྱོར་ལ་ལྟ་སྟངས་གཅིག་པ་དང་ལྟ་སྟངས་འདྲ་མཉམ་འཛིན་པ། “དྲ་སྦྲེལ་+སྲིད་དོན་ཞབས་ཞུར”མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་གཏོད་དགོས་པ་དང་། གཉིས་ནས་ཁྲལ་གྲོན་གཉིས་ཆག་གི་སྲིད་ཇུས་དོན་འཁྱོལ་བྱས་ནས་ཁྲལ་གྲོན་དམའ་ཤོས་དང་། སྲིད་ཇུས་ལེགས་ཤོས། ཞབས་ཞུ་ལེགས་ཤོས་བཅས་ཀྱི་ཚོང་གཉེར་གྱི་ཁོར་ཡུག་ཧུར་ཐག་བཏོད་དེ་ཁེ་ལས་འབྲིང་ཆུང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཆེད་ཁུར་པོ་ཡང་དུ་གཏོང་དགོས་པ། གསུམ་ནས་དངུལ་རྩས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་འབྲིང་ཆུང་གི་ཁག་ཐེག་ཐེབས་རྩ་གང་མགྱོགས་འཛུགས་པ་དང་ས་གནས་དེ་གའི་ལེགས་ཆ་ལྡན་པའི་ཁེ་ལས་འབྲིང་ཆུང་གི་ཁྲོམ་རར་ཞུགས་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཐུན་སྦྱོར་དང་མཛུབ་ཁྲིད་ཧུར་ཐག་བྱས་ཏེ་ཁེ་ལས་འབྲིང་ཆུང་གི་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཐག་གཅོད་བྱེད་དགོས་པ། བཞི་ནས་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁྲོམ་རའི་བྱེད་པོའི་ཉོ་ཚོང་ཚད་ལྡན་ཡོང་བ་བྱེད་པ་དང་། ཤེས་བྱའི་བདག་དབང་སྲུང་སྐྱོང་ཁྲིམས་ལུགས་ཅན་ལ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཤེས་བྱའི་བདག་དབང་ཁྱབ་ཁོངས་ཀྱི་ཡིད་རྟོན་མཉམ་འབྲེལ་ཆད་གཅོད་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ་ཁེ་ལས་འབྲིང་ཆུང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ། ལྔ་ནས“གཉིས་གཏོད”ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་འབྲིང་ཆུང་ཁག་གཅིག་སྐྱེད་སྲིང་དང་། འཕེལ་རྒྱས། སྟོབས་ཆེར་བཅས་བཏང་ནས་ཁེ་ལས་འབྲིང་ཆུང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། དྲུག་ནས“ཆེད་ལས་དང་། སྤུས་དག ཁྱད་ལྡན། གསར་པ”བཅས་ཀྱི་ལམ་བུར་བསྐྱོད་པ་དང་ས་བབ་ཀྱི་ལེགས་ཆར་གཞིགས་ཏེ་བོད་ཀྱི་ལེགས་ཆ་ལྡན་པའི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་རྟགས་གཏོད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། 

    ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ལས་སྒྲོལ་ཐུབ་པ་བྱེད་དགོས་པ་དང་། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཁེ་ལས་འབྲིང་ཆུང་གི་ཤེས་ལྡན་མི་སྣའི་གསོ་སྦྱོང་འཆར་གཞི་ལག་བསྟར་ཤུགས་ཆེན་བྱས་ཏེ་ཁེ་ལས་མཁས་ཅན་གྱི་རིན་ཐང་ལ་བརྩི་འཇོག་དང་ཁེ་ལས་མཁས་ཅན་གྱི་གསར་གཏོད་ལ་སྐུལ་ལྕག ཕུལ་བྱུང་གི་ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཁེ་ལས་མཁས་ཅན་གྱི་ནུས་པ་འདོན་སྤེལ་བཅས་ཀྱི་གླེང་ཕྱོགས་ཀྱི་རྣམ་པ་ཧུར་ཐག་གཏོད་དགོས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྲེལ་མཐུད་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་པ། རང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།