དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་མཇུག་འགྲིལ་ཚོགས་འདུའི་ཐོག་གི་གསུང་བཤད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-01-15

    འཐུས་མི་རྣམ་པ་དང་བློ་མཐུན་རྣམ་པ། 

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྷན་རྒྱས་དང་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ཁག་ལམ་ལྷོངས་ངང་ལེགས་གྲུབ་བྱུང་ནས་རྒྱལ་ཁའི་ངང་མཇུག་སྒྲིལ་རྒྱུ་རེད། ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་སྙན་སྒྲོན་ཁག་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། འཐུས་མི་ཡོངས་ཀྱིས་བློ་རིག་གཅིག་སྡུད་ཐོག་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འདོད་བློ་མཚོན་པར་བྱས་ཡོད། ཚོགས་འདུའི་ཐོག་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་དམངས་གཙོ་དར་སྤེལ་གང་ལེགས་བཏང་བ་དང་ཁྲིམས་བཞིན་འགན་འཁྲི་ནན་ཏན་བསྒྲུབ་པར་བརྟེན། འདེམས་བསྐོའི་ལས་འགན་ཁག་ལམ་ལྷོངས་ངང་ནས་ལེགས་གྲུབ་བྱུང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མི་དོན་བཀོད་སྒྲིག་བྱེད་པའི་བཞེད་དགོངས་འགྲུབ་ཡོད། དེ་ནི་བསམ་བློ་དང་ངོས་འཛིན་གཅིག་གྱུར་གྱིས་མཐུན་སྒྲིལ་དམངས་གཙོ་དང་སྤྱོད་གཙང་སྲོལ་བཟང་གི་ཚོགས་ཆེན་ཞིག་ཡིན་པས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་ཚོ་300ལ་སྐུལ་ལྕག་ཐེབས་ནས་ཆོད་སེམས་དེ་བས་བརྟན་པ་དང་བློ་སྟོབས་དེ་བས་ཆེ་བར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་རྒྱུར་མཐའ་མའི་རྒྱལ་ཁ་ལེན་རྒྱུ་དང་། བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཕྱིར་གལ་ཆེའི་དོན་སྙིང་ལྡན་ཡོད། འཐུས་མི་རྣམ་པ་དང་བློ་མཐུན་རྣམ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་བོད་ལ་ཐུགས་ཁུར་གཟབ་བཞེས་དང་བརྩེ་སེམས་ཟབ་མོ་བཅངས་ཏེ། བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་ཡང་གནང་ཡོད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་རྒྱས་བཤད་རབ་དང་རིམ་པའི་མཛུབ་ཁྲིད་འོག བོད་ཀྱི་གོང་འཕེལ་དང་། བརྟན་ལྷིང་། སྐྱེ་ཁམས་བཅས་ཀྱི་ལས་དོན་ཁག་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཤུགས་ཆེའི་རྒྱབ་སྐྱོར། དམིགས་བསལ་གྱི་ཐུགས་ཁུར་བཅས་ལས་རང་ལྗོངས་ལ་སྔར་ན་མེད་པའི་གོང་འཕེལ་གྱི་གོ་སྐབས་ཧ་ཅང་བཟང་པོ་འཕྲད་ཡོད། ང་ཚོས་བཀའ་དྲིན་ཚོར་ཞིང་འབད་འབུངས་ཡར་བརྩོན་ཐོག་ནས་བྱ་གཞག་གསར་གཏོད་བྱེད་རྒྱུ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་མ་ཟད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་བཟང་པོ་རིམ་བཞིན་མངོན་འགྱུར་ཐུབ་པ་བྱས་ཐོག འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་བྱ་གཞག་ཟམ་མི་ཆད་པར་མདུན་དུ་སྐུལ་སྤེལ་བཏང་སྟེ་བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་དམིགས་བསལ་ཐུགས་ཁུར་གནང་བར་དྲིན་ལན་འཇལ་ཐུབ་པ་བྱེད་དགོས། ང་ཚོས་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་བློ་བརྟན་འགྱུར་མེད་ཀྱིས་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱེད་དགོས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་དུས་རབས་གསར་པར་མདུན་སྐྱོད་བྱེད་པའི་རླབས་ཆེན་གྱི་ལག་ལེན་དངོས་ཀྱི་ཁྲོད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ངོ་གནོང་མི་དགོས་པའི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པ་དང་། ཏང་ཡོངས་ཀྱིས་དགའ་གུས་དང་མི་དམངས་ཀྱིས་དགའ་གུས་བྱེད་སའི་ངོ་གནོང་མི་དགོས་པའི་གཙོ་འཛིན་ཡག་པོ་ཞིག་ཡིན་པའི་ར་འཕྲོད་བྱུང་ཡོད། ང་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་རང་འགུལ་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཐོག མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་རྒྱས་བཤད་དང་མཛུབ་སྟོན་བཀའ་མཆན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་གི་ལམ་ཕྱོགས་མཛད་ཕྱོགས་སྲིད་ཇུས་དང་ཏང་ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་བོད་དུ་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་ཐུབ་པ་བྱེད་དགོས། ང་ཚོས་དམིགས་བསལ་ཆེ་བའི་རང་ལྗོངས་ཀྱི་གནས་ཚུལ་ལ་གཞི་ཚུགས་ཏེ་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས། རླབས་ཆེན་གྱི་མེས་རྒྱལ་ནི་བོད་ལྗོངས་གོང་འཕེལ་ཡར་ཐོན་འགྲོ་བའི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡིན་པ་དང་། མི་རིགས་མཐུན་སྒྲིལ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ལས་དོན་ཁག་གི་དམིགས་ས་དང་ཤུགས་རྒྱག་སར་བརྩི་དགོས་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་འགན་འཁྲི་ཨང་དང་པོ་དང་ལྡོག་མེད་ཀྱི་ལས་འགན་དུ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཐོག དར་ཆ་གསལ་སྟོན་གྱི་སྒོ་ནས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱས་ཏེ་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་དགོས། ང་ཚོས་རྩ་བའི་དམིགས་ཡུལ་ལག་ལེན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་དམངས་འཚོ་ལེགས་བཅོས་བྱེད་པ་དང་མི་སེམས་གཅིག་སྒྲིལ་བྱེད་རྒྱུར་དམིགས་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་དེ་ནི་ང་ཚོས་འབད་འཐབ་བྱེད་པའི་དམིགས་ཚད་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་མཐའ་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་སྟེ་དམངས་འཚོས་ཁྲིད་སྟོན་བྱེད་རྒྱུ་མངོན་ཆེར་བཟུང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཟམ་མི་ཆད་པར་འགྲོ་བ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ཟམ་མི་ཆད་པར་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། གོང་འཕེལ་ཡག་པོ་བཅས་ཡོང་བ་བྱེད་དགོས། དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་ལེགས་འགྲུབ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཐོག “བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག”བྱེད་པའི་བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་དང་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་མཇུག་འགྲིལ་བར་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་དགོས། ཐེངས་འདིའི་ཚོགས་འདུ་ལམ་ལྷོངས་ཐོག་ཐུགས་གྲ་ལེགས་འགྲིག་ངང་འཚོགས་ཐུབ་པ་བྱུང་བ་དེ་ནི་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་འཐུས་མི་ཡོངས་དང་འཐུས་མི་ཚོགས་པ་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཞིག་རེད། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་དང་ལས་བྱ་ཡོངས། གསར་འགྱུར་སྨྱན་སྦྱོར་ཚན་པ་དང་གསར་འགོད་པ་རྣམ་པ། དེ་བཞིན་བདེ་འཇགས་སྲུང་སྐྱོབ་སྡེ་ཚན་དང་ལས་བྱ་བཅས་ཀྱིས་དཀའ་སྤྱད་ངལ་རྩོལ་གནང་ཡོད་པས། འདིར་ངས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚབ་ཞུས་ཏེ་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འཐུས་མི་རྣམ་པ་དང་། བློ་མཐུན་རྣམ་པ། དམ་པ་དོན་གཉེར་བྱས་ནས་ཕུགས་འདུན་འགྲུབ། འབད་པ་ལྷུར་ལེན་བྱས་ནས་མ་འོངས་གཏོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། འབད་འབུངས་ཡར་བརྩོན་དང་ཁུར་ལེན་དངོས་སྒྲུབ་བྱས་ཏེ་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས། 

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ནས)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།