ཚེས་13ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་ཨུ་ཡོན་ཚོས་འབྲེལ་ཡོད་འདེམས་བསྐོ་དང་བརྡས་ཐག་གཅོད་ཐབས(འཆར་ཟིན)དང་གྲོས་ཆོད(འཆར་ཟིན)ཁག་ལ་གྲོས་ཞིབ་གནང་བ་དང་། འབྲེལ་ཡོད་མི་སྣའི་མཚན་ཐོར(འཆར་ཟིན)ནང་མོལ་གནང་བ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ལ་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་གནང་བ་རེད།
བློ་བཟང་རྒྱལ་མཚན་དང་པད་མ་དབང་འདུས་སོགས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་ནང་ཞུགས་པ་རེད།
སྔ་དྲོ་འཐུས་མི་ཚོས་འདེམས་བསྐོ་བྱེད་ཐབས(འཆར་ཟིན)དང་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་འོས་མིའི་བརྡས་ཐག་གཅོད་ཐབས(འཆར་ཟིན)ལ་གྲོས་ཞིབ་གནང་བ་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འོས་མིའི་མཚན་ཐོ(འཆར་ཟིན)དང་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་མཚན་ཐོར(འཆར་ཟིན)ནང་མོལ་གནང་བ། ཚོགས་འདུའི་འདེམས་ཤོག་ལྟ་ཞིབ་པ་མིང་བཏོན་འདེམས་བསྐོ་གནང་བ་རེད།
ཕྱི་དྲོ་འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད(འཆར་ཟིན)དང་། འཆར་གཞིའི་སྙན་སྒྲོན་སྐོར་གྱི་གྲོས་ཆོད(འཆར་ཟིན) སྔོན་རྩིས་སྙན་སྒྲོན་སྐོར་གྱི་གྲོས་ཆོད(འཆར་ཟིན) རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད(འཆར་ཟིན) རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད(འཆར་ཟིན) དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད(འཆར་ཟིན)བཅས་ལ་གྲོས་ཞིབ་གནང་བ་རེད།
གྲོས་ཞིབ་གནང་རིང་འཐུས་མི་ཚོས་ཀྲུའུ་ཞི་ཆེ་དགྲ་ལྷས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་དེ་ལ་ཕྱོགས་ཡོངས་དང་། དངོས་ཡོད། བཀྲག་མདངས་འཚེར་ས་མང་བ་བཅས་ཡོད་པ་དང་། དུས་བབ་དབྱེ་ཞིབ་ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བ། ལས་དོན་བཀོད་སྒྲིག་དངོས་སྒྲུབ་ནུས་ལྡན། རང་ངོས་འཛུགས་སྐྱོང་ལ་བླང་བྱ་ནན་པོ་བཏོན་པ་བཅས་བོད་ཀྱི་དོན་དངོས་དང་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདོད་འདུན་དང་མཐུན་ཡོད་ཅེས་མགྲིན་གཅིག་ཏུ་གསུངས། འཐུས་མི་ཚོས་ངེས་པར་དུ་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་། སྤྱི་ཚོགས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས་ལ་བློ་གཅིག་སེམས་གཅིག་ངང་སྐུལ་འདེད་གཏོང་བ། ཐབས་བརྒྱ་ཇུས་སྟོང་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། སྣོད་བཅུད་ཁོར་ཡུག་ལ་རྒྱུན་སྲིང་ལྷོད་མེད་ངང་སྲུང་སྐྱོང་། ཏང་འཛུགས་སྐྱོང་ལ་འགོ་ནས་མཇུག་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་དོན་འཁྱོལ་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱེད་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བྱེད་པའི་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ཡག་པོ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས།
འཐུས་མི་ཚོས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གྱི་ཚུགས་གནས་མཐོ་བ་དང་། བརྗོད་དོན་གཙོ་བོ་ཁ་གསལ་བ། ནང་དོན་ཕུན་སུམ་ཚོགས་པ། སྤྱི་ཡོངས་ལ་གཅིག་འདོམས་བཅས་ཡོད་པ་དང་། ལས་དོན་ལ་ཕྱོགས་སྡོམ་བྱས་པ་དེ་ཕྱོགས་ཡོངས་དང་། དངོས་ཡོད། དངོས་ཐོག་བདེན་འཚོལ་ཞིག་ཡོད་པ། དུས་བབ་དབྱེ་ཞིབ་ཡང་དག་ལ་ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བ་ཞིག་ཡོད་པ། ལས་འགན་བཀོད་སྒྲིག་བྱས་པ་བསམ་ཕྱོགས་ཁ་གསལ་བ་དང་དམིགས་ཚད་གསལ་པོ་ཡོད་པ། སྙན་སྒྲོན་གྱི་འགོ་ནས་མཇུག་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱབ་པ་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་མངོན་པ་དང་འགན་འཁྲི་ནན་ཏན་ངང་གཙང་སྒྲུབ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མངོན་ཡོད་པའི་ངོས་འཛིན་གནང་བ་རེད།
འཐུས་མི་ཚོས“ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་ནང་གྲུབ་འབྲས་གླེང་བ་དངོས་ཐོག་བདེན་འཚོལ་དང་ཐད་ཀར་དང་ཁ་གསལ་བ་ཞིག་ཡོད་པ་དང་། གནད་དོན་ལ་བལྟས་པ་ཞིབ་ཚགས་དངོས་ཡོད་དང་གནད་ལ་འཁེལ་བ་ཞིག་ཡོད་པ། ལས་དོན་བཀོད་སྒྲིག་བྱས་པ་ཁ་ཕྱོགས་གསལ་བ་དང་གཙོ་གནད་འབུར་དུ་ཐོན་པ། སྙན་སྒྲོན་གྱི་འགོ་ནས་མཇུག་བར་དམངས་ཆེད་ཁྲིམས་འཛིན་པའི་འདུ་ཤེས་དང་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་མངོན་ཡོད་པས་སྙན་སྒྲོན་དེ་གཉིས་ལ་རྦད་དེ་མོས་མཐུན་ཡོད། 2018ལོར“ཁང་གཉིས”ཀྱིས“སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཆེད་ཁྲིམས་འཛིན་པའི”སྤྱིའི་དམིགས་ཚད་ལ་དམིགས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་དམ་པོར་དམིགས་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཐད་དམ་འཛིན་ནན་པོ་བཅས་བྱས་པས་ཁྲིམས་འཛིན་སྒྱུར་བཅོས་ཟབ་གཏོང་ལ་ཕན་འབྲས་དངོས་ཐོན་ཡོད་པའི་ངོས་འཛིན་གནང་བ་རེད། འཐུས་མི་ཚོས་རིམ་ཁག་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་ལ་གྲུབ་འབྲས་བརྟན་དུ་གཏོང་བ་དང་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་འབྱུང་རྩ་ནས“ལག་ལེན་བསྟར་དཀའ་བའི”གནད་དོན་ཐག་གཅོད་བྱེད་དགོས་པ་དང་། སྤྱི་ཕན་གཏུག་བཤེར་གྱི་འབྲེལ་ཡོད་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་གཏུག་བཤེར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།