དབུ་ཤོག>སྲིད་དོན།
  • ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས། (གནད་བསྡུས)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-01-14

    ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་2019ལོའི་ཟླ་1ཚེས་11ནས་13ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ད་རེས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཕེབས་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་132ཡོད་པ་དང་། མི་221ཟུར་ཞུགས་གནང་ཡོད། 

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་ལ་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཚོགས་འདུར་ཕེབས་ཡོད། 

    ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། 2018ལོའི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་ལ་ཕྱིར་མིག་བལྟ་བ། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་གི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་ཉམས་མྱོང་ཕྱོགས་སྡོམ། 2019ལོའི་ལས་འགན་བཀོད་སྒྲིག་བཅས་བྱས་པ་དང་འབྲེལ་བློ་མཐུན་ཀྲའོ་ལེ་ཅིས་ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་གནང་བའི《ལྷག་བསམ་རྣམ་དག་གི་སྒོ་ནས་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་བསྒྲུབས་ནས་དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་ཡོང་བར་འབད་བརྩོན་བྱེད་དགོས》པའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། 

    ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཤིང་། གསུང་བཤད་ནང་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་པར་ཐོབ་པའི་གྲུབ་འབྲས་གསར་པ་གལ་ཆེན་ལ་ཁས་ལེན་གང་ལེགས་བྱས་པ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་ཏང་གིས་རང་ངོས་གསར་བརྗེ་བྱས་པ་དང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་གནས་པའི་རྩ་ཆེའི་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་པ། འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་མཐོ་རིམ་ལས་བྱེད་པས་དུས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག་ཐད་བླང་བྱ་ཁ་གསལ་བཏོན་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ། རུལ་རྒོལ་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་བཏང་བ་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཡོད། གསུང་བཤད་དེ་གཟིགས་རྒྱང་རིང་བ་དང་། དགོངས་པ་གཏིང་ཟབ་པ། གནད་དོན་ལ་ཕྱོགས་པ། གསུང་ཚིག་ནན་ལ་ཟབ་པ་བཅས་ཡོད་པས་རང་རེའི་ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་མཐོར་གཏོང་བཅས་ཀྱི་ཚད་མཐོའི་རང་རྟོགས་གང་ལེགས་མཚོན་ཡོད་ལ་ཁ་གསལ་ཞིང་གཏིང་ཟབ་པའི་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་ཀྱི་རང་བཞིན་བཅས་ལྡན་ཡོད། དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ཚེ་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་མངགས་བཅོལ་ཟབ་མོ་གནང་ཡོད་ལ་བླང་བྱ་ཡང་ཁ་གསལ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་ནི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་དམ་ཟབ་དང་། བསམ་བློའི་ངོས་འཛིན་གཅིག་གྱུར། ལྷག་བསམ་རྣམ་དག་གིས་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཏན་ཏིག་ཐུབ་པའི་འགན་ལེན་བྱེད་དགོས་པའི་ངོས་འཛིན་གཅིག་མཐུན་གནང་ཡོད། 

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། 2018ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་བཅས་གནང་བས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་ཡོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་དང་། རྒྱུན་མཐུད་རྗེས་སྙེགས་ཀྱིས་སློབ་སྦྱོང་། གོ་དོན་མཐིལ་རྟོགས་ཀྱིས་སློབ་སྦྱོང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བཅས་བྱས་པས། སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་ཐོབ་ཡོད། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་མཐའ་གཅིག་ཏུ་སྲུང་སྐྱོང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོང་། ཏང་གི་ལམ་ཕྱོགས་མཛད་ཕྱོགས་སྲིད་ཇུས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བཅས་བྱས་པས། ཏང་ཀྲུང་དབྱང་གི་བཀོད་པ་ལུང་དུ་འགྲོ་བའི་འགན་ལེན་ཐུབ་ཡོད། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་གྱི་སྒྲིག་གཞི་སྒྱུར་བཅོས་དང་། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་སྒྱུར་བཅོས་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། རིམ་ཁག་ལྟ་ཞིབ་ཨུ་ལྷན་འཛུགས་པ་དང་མི་སྣ་ཁོངས་སྒྱུར་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ། སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་ལྟ་སྐུལ་ཞིབ་བཤེར་དང་ཞིབ་བཤེར་བརྟག་དཔྱད་སྡེ་ཚན་ལོགས་སུ་འཛུགས་པ། བཅའ་སྡོད་ལྟ་སྐུལ་སྒྲིག་སྲོལ་དང་་ལམ་སྲོལ་གསར་གཏོད། ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པས་སྒྲིག་ཁྲིམས་དང་བཅའ་ཁྲིམས་སྦྲེལ་མཐུད་ཐུབ་པ་པ་དང་སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་ལ་སྐུལ་འདེད་ཐེབས་ཡོད། ཆབ་སྲིད་ཀྱི་སྐོར་གཟིགས་གཏིང་ཟབ་དང་། གནད་དོན་ཤེས་པ་དང་དག་ཐེར་དོན་འཁྱོལ་གལ་ཆེ་མཉམ་འཛིན་མཐའ་འཁྱོངས། རྒྱུན་གཏན་སྐོར་གཟིགས་དང་ཆེད་དོན་སྐོར་གཟིགས་ཟུང་འབྲེལ་བཅས་བྱས་པས་སྐོར་གཟིགས་སྐོར་ཞིབ་ལ་གོང་འོག་མཉམ་འགུལ་གྱི་ལྟ་སྐུལ་དྲ་རྒྱ་འཛུགས་རྒྱུ་འཚོལ་ཞིབ་ཐུབ་ཡོད། རྒྱུན་སྲིང་ལྷོད་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་དང་། དུས་ཚོད་དང་མཚམས་ཚིགས་གལ་ཆེན་ལ་སྤྱོད་བཟང་སྒྲིག་ནན་ཡོང་བར་དམ་འཛིན། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་གཅིག་སྡུད་བཅོས་སྒྲིག་བཅས་བྱས་པས་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་ཕྱིན་ཡོད། སྒྲིག་ཁྲིམས་འཛུགས་སྐྱོང་གི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེ་རུ་གཏོང་བ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སྣེ་ཁྲིད་དེ་སློབ་སྦྱོང་ལག་བསྟར། ལྟ་སྐུལ་སྒྲིག་སྐྱོང་གི“ཐབས་རྣམ་བཞི”གཏིང་ཟབ་སྤྱོད་པ། རྒྱུན་གཏན་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གནད་སྨིན་འགན་འཁྲི་རྩད་གཅོད་དང་བདའ་འདེད་ལས་དོན་ཏན་ཏིག་བསྒྲུབས་ཡོད། རུལ་སུངས་ལ་ཆད་པ་གཅོད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་དང་། “སྟག་རྡུང”དང་། “སྦྲང་རྡུང” “ཝ་རྔོན”བཅས་ལ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། སྒྱུར་བཅོས་ལ་སྐུལ་འདེད་དང་། ལམ་ལུགས་འཐུས་ཚང་། སློབ་གསོར་ཤུགས་སྣོན་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་པས་རྩ་ལག་མཉམ་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཆེད་དོན་བཅོས་སྒྲིག་དང་། དམངས་འཚོའི་ཁྱབ་ཁོངས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ཏེ་ནག་གཤེད་ཕྱོགས་གཏོགས་ཀྱི“སྲུང་གདུཌ”རྒྱབ་རྩར་ཆད་པ་ནན་པོ་བཅད་ཡོད། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། འགན་སྒྲུབ་འཇོན་ཐང་ཆེ་རུ་གཏོང་བ། རང་ངོས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་དང་འཇོན་ཐང་ལ་བརྟེན་ནས་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་ཆབས་ཅིག་ཚང་འཛོམས་གྲོས་ཚོགས་ཐོག་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་འཕྲད་པའི་དུས་བབ་དང་གནས་པའི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ་ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 

    ཚང་འཛོམས་གྲོས་ཚོགས་ཐོག་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་གི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཕྱོགས་སྡོམ་བྱས་པར་གཤམ་གསལ་གྱི་ངོས་འཛིན་དང་ཉམས་མྱོང་བྱུང་བ་སྟེ། གཅིག་ནི་ཏང་གིས་ཕྱོགས་ཡོངས་ལ་འགོ་འཁྲིད་རྒྱུར་ཤུགས་སྣོན་རྒྱག་པའི་གཞི་རྩའི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ཏང་གི་ལམ་ཕྱོགས་མཛད་ཕྱོགས་སྲིད་ཇུས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་པ་དང་། གཉིས་ནི་ཏང་ཨུད་ལ་གཞོགས་འདེགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་འགན་འཁྲིའི་ངེས་གནས་བརྟན་སྲུང་དང་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་བཏང་སྟེ་ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་ཏང་གིས་འགོ་འཁྲིད་པའི་སྤྱི་ཚོགས་ཀྱི་གསར་བརྗེར་སྐུལ་འདེད་བཏང་བ། གསུམ་ནི་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཚོས་གླེང་མང་བ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པས། ཏང་གིས་སྲིད་སྐྱོང་བའི་ཆབ་སྲིད་ཀྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ། བཞི་ནི་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཐོག་མཐའ་བར་གསུམ་དུ་ཕྲག་ཏུ་ཁུར་ཏེ་སྐུལ་འདེད་བཏང་བ་དང་། རྩ་ལག་མཉམ་བཅོས་དང་རྩ་བ་བརྟན་གཏོང་མཐའ་འཁྱོངས་ཀྱིས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ལམ་སྲོལ་ནུས་ལྡན་ཞིག་བཏོད་པ། ལྔ་ནི་ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པའི་བླང་བྱ་གལ་ཆེན་ཐོག་མཐའ་བར་གསུམ་དུ་བརྟན་པོར་ངེས་ཏེ་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་ཏང་དང་མི་དམངས་ཀྱི་བློ་དཀར་གྱི་སྲུང་དམག་ཡག་པོ་ཞིག་བྱས་པ་བཅས་རེད། 

    ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། 2019ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་རེད། སྒྲིག་བཤེར་ལྟ་ཞིབ་ལས་དོན་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། “འདུ་ཤེས་བཞི”ཟབ་ཏུ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་མཐའ་གཅིག་ཏུ་སྲུང་སྐྱོང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ། ཏང་ཨུད་ལ་གཞོགས་འདེགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད། སྒྲིག་ཁྲིམས་བཅའ་ཁྲིམས་ལས་ནན་པ་དང་སྒྲིག་ཁྲིམས་བཅའ་ཁྲིམས་ཀྱི་སྔོན་དུ་འཇོག་རྒྱུ་མཐའ་འཁྱོངས། སྒྲིག་བསྟར་ཁྲིམས་འཛིན་འབྲེལ་མཐུད་དང་ཁྲིམས་འཛིན་དང་འབྲེལ་མཐུད་ནུས་ལྡན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་རང་བཞིན་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པ། རུལ་རྒོལ་འཐབ་རྩོད་ལ་ཐོབ་པའི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཧུར་ཐག་འགྲོ་བ་བཅས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་གནད་སྨིན་ཡོང་བའི་འགན་ལེན་བྱས་ཏེ། གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་དགོས། 

    ཚང་འཛོམས་གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འགོ་ནས་མཇུག་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་དང་། “སྲུང་སྐྱོང་གཉིས”འགོ་ནས་མཇུག་བར་ལག་ལེན་བསྟར་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་ཕྱོགས་དང་བླང་བྱ་འགོ་ནས་མཇུག་བར་ལག་བསྟར་དོན་འཁྱོལ། “བརྟན་པོའི”ནང་དོན་ཁོང་དུ་ཆུད་པ་དང“ཡར་བརྩོན”གྱི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། འགན་ནུས་བསྒྱུར་བ་དང་། བྱེད་ཐབས་བསྒྱུར་བ། སྤྱོད་ཚུལ་ལེགས་གཏོང་བཅས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ལས་དོན་ཁག་གི་བསམ་ཕྱོགས་དང་བྱ་ཐབས་དེ་བས་ཚན་རིག་དང་མཐུན་པ་དང་། དེ་བས་ནན་ཞིང་ཚགས་ཚུད་པ། དེ་བས་ནུས་ལྡན་བཅས་ཡོང་བ་བྱེད་དགོས་པ་སྟེ། 

    དང་པོ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་སྲིང་ལྷོད་མེད་ཀྱིས་སློབ་སྦྱོང་ལག་བསྟར་བྱས་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་དགོས་པ་དང་། 

    གཉིས་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་མཐའ་གཅིག་ཏུ་སེལ་དགོས་པ། 

    གསུམ་པ། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱས་ཏེ་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་འབྲས་ལ་ཏན་ཏིག་བསྒྱུར་དགོས་པ། 

    བཞི་པ། ལྟ་སྐུལ་འགན་འཁྲི་ཏན་ཏིག་དང་ཞིབ་ཕྲ་རུ་བཏང་ནས་རྒྱུན་གཏན་གྱི་ལྟ་སྐུལ་དང་ཡུན་རིང་ལྟ་སྐུལ་ལ་འཚོལ་ཞིབ་གསར་གཏོད་དང་ཚད་བརྒལ་ཡོང་བར་ཤུགས་སྣོན་རྒྱག་དགོས་པ། 

    ལྔ་པ། ཆབ་སྲིད་ཀྱི་སྐོར་གཟིགས་རྒྱུན་མཐུད་ཟབ་ཏུ་བཏང་ནས་སྐོར་གཟིགས་སྐོར་ཞིབ་ཀྱི་འཐབ་ཇུས་བཀོད་པ་འཐུས་སྒོ་ཚང་དུ་གཏོང་དགོས་པ། 

    དྲུག་པ། གསོག་འབོར་ཉུང་དུ་གཏོང་བ་ལས་མང་དུ་འགྲོ་བར་བཀག་འགོག་ནུས་ལྡན་བྱས་ཏེ་རུལ་རྒོལ་འཐབ་རྩོད་ལ་ཐོབ་པའི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པ། 

    བདུན་པ། མང་ཚོགས་ཀྱི་ཉེ་འཁོར་དུ་ཐོན་པའི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་རྒྱུན་མཐུད་བཅོས་སྒྲིག་བྱས་ཏེ་མི་དམངས་མང་ཚོགས་ལ་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་དེ་བས་མང་བ་དང་། དེ་བས་ཐད་ཀར། དེ་བས་ཏན་ཏིག་ཡོང་བ་བྱེད་དགོས་པ། 

    བརྒྱད་པ། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་འཇོན་ཐང་ཆེ་བའི་བླང་བྱ་གཞིར་བཟུང་། སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་འཛུགས་སྐྱོང་ནན་པོ་དང་ཏན་ཏིག་བྱེད་དགོས་པ་བཅས་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྒྲིག་ཡིག་གི་གཏན་འབེབས་གཞིར་བཟུང་། བློ་མཐུན་ལུའུ་ཤིས་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་པ་རེད། 

    ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་རྒོལ་འཐབ་རྩོད་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།