བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན་བཅས་གཞིས་རྩེ་དང་། ནག་ཆུ། ལྷོ་ཁའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།
ཚེས་10ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ཀྱི་རྣམ་པ་འཁྲུག་ཆ་དོད་པོ་ཡོད་ཅིང་། འཐུས་མི་ཚོས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། འཆར་གཞིའི་སྙན་སྒྲོན། སྔོན་རྩིས་སྙན་སྒྲོན་བཅས་ལ་གྲོས་ཞིབ་ནན་ཏན་གནང་བ་རེད། འཐུས་མི་ཚོའི་གཏམ་བཤད་ནན་ཏན་ངང་གསན་རྗེས་བློ་བཟང་རྒྱལ་མཚན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དེ་ཀྲུང་དབྱང་གི་དགོངས་དོན་དང་མཐུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་མཐུན་ཡོད། དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པའི་སྙན་སྒྲོན་ཡག་པོ་ཞིག་ཡིན་པས་ང་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་གོ་སྐབས་བཟང་པོ་དམ་འཛིན་ཡག་པོ་དང་ལས་དོན་དོན་འཁྱོལ་ཐུབ་རྒྱུར་དམ་འཛིན་ནན་པོ་བྱེད་དགོས། དེ་ཡང་གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། “འདུ་ཤེས་བཞི”བརྟན་པོ་འཛུགས་པ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པ། “མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་རང་རྟོགས་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་བརྟན་པོ་ཟུག་པ་བྱེད་དགོས་པ་དང་། གཉིས་ནས་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་དེ་ཁོང་དུ་ནན་པོ་ཆུད་པར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་དེ་བས་མང་བ་ཡོང་བ་བྱེད་དགོས་པ། གསུམ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ནས་བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་བཀག་འགོག་བཅས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ལེགས་པར་སྒྲུབ་དགོས། ལྷ་གཞིས་མྱུར་བགྲོད་གཞུང་ལམ་དང་ཤངས་ཆུའི་ལྟེ་བའི་ལས་གྲྭ་སོགས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་དང་མཉམ་འདྲེས་ཧུར་ཐག་བྱེད་པ། ས་བབ་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། བོད་སྐྱོར་གྱི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་དགོས་པ། བཞི་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་ཕུ་ཐག་བཅད་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འཆར་འགོད་འདོན་ཉེར་ཡོད་པས་འབྲེལ་མཐུད་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། གནད་ཀྱིས་ཁྱོན་ལ་སྣེ་འཁྲིད་རྒྱུ་མཐའ་འཁྱོངས་བྱེད་པ། གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཁྱབ་གདལ་གཏོང་བ། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ། ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ནས་མཐའ་མཚམས་ས་ཁུལ་འཕེལ་རྒྱས་མགྱོགས་མྱུར་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། ལྔ་ནས་སྣོད་བཅུད་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་བསྲུངས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་པ། དྲུག་ནས་ཞི་མཐུན་བརྟན་ལྷིང་དང་མཐའ་མཚམས་ཀྱི་བདེ་འཇགས་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་བྱེད་རྒྱུ་དེ་ལྡོག་མེད་ཀྱི་ལས་འགན་གཙོ་བོ་དང་འགན་འཁྲི་ཨང་དང་པོར་བརྩི་དགོས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་དམིགས་ས་དང་ཤུགས་རྒྱག་གཞི་དེར་དམ་པོར་དམིགས་ནས་དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དམ་པོར་འཛིན་པ་དང་། བདེ་སྡོད་ཉེན་བསམ་ཐུབ་པ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ། རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་གི་བདེ་འཇགས་འགན་ལེན། མཐའ་མཚམས་ཚོད་འཛིན་ཁུལ་བདེ་འཇགས་བརྟན་ལྷིང་ཡོང་བའི་འགན་ལེན་བཅས་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་བརྟན་ལྷིང་ཡོང་བ་བྱས་ནས་ལྗོངས་ཡོངས་ཡུན་རིང་བདེ་འཁོད་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཚེས་10ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཆེ་དགྲ་ལྷ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་ནག་ཆུའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད།
ནག་ཆུའི་འཐུས་མི་ཚོགས་པའི་གྲོས་ཞིབ་ཀྱི་རྣམ་པ་འཁྲུག་ཆ་དོད་པ་ཞིག་ཡོད་ཅིང་། འཐུས་མི་ཚོས་གཏམ་བཤད་སྤེལ་སྐབས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་དང་འབྲེལ་དཔལ་འབྱོར་འཕེལ་རྒྱས་དང་། བརྟན་ལྷིང་སྲུང་སྐྱོང་། དམངས་འཚོ་ལེགས་གཏོང་། དབུལ་སྒྲོལ་འགག་སྒྲོལ། འབྲོག་ལས་འཕེལ་རྒྱས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་དམིགས་ནས་མྱོང་ཚོར་གླེང་བ་དང་། མཐོང་ཐོས་བརྗོད་པ། གྲོས་འགོ་འདོན་པ་བཅས་གནང་བ་རེད། ཆེ་དགྲ་ལྷས་ནན་ཏན་གསན་པ་དང་སྦྲགས་གཏམ་ལྕེབས་ཡང་ཡང་གནང་ནས་ཚང་མ་དང་གྲོས་བསྡུར་སྤེལ་རེས་གཏིང་ཟབ་གནང་བ་རེད།
གོམ་སྟབས་རྗེས་མའི་ལས་དོན་ལེགས་པར་བསྒྲུབ་རྒྱུའི་ཐད་ཆེ་དགྲ་ལྷས་ཞིང་འབྲོག་པར་ཡོང་འབབ་མང་དུ་གཏོང་བའི་ཐད་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་13%ཡན་འཕར་བའི་དམིགས་ཚད་ལ་དམ་པོར་དམིགས་པ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་དང་ཟུང་འབྲེལ་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ། ངལ་རྩོལ་ནུས་ཤུགས་ཁྲོམ་ར་དང་གནད་སྨིན་སྦྲེལ་མཐུད་བྱེད་པ། ལས་ཞུགས་རྩལ་ནུས་གསོ་སྦྱོང་གནད་སྨིན་བྱེད་པ། ངལ་རྩོལ་ནུས་ཤུགས་གཞན་སྒྱུར་དང་ལས་ཞུགས་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཞིང་འབྲོག་པ་ལས་གྲྭ་གལ་ཆེན་གྱི་རྣམ་གྲངས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུ་སྒྲིག་འཛུགས་དང་ཁྲིད་སྟོན་བྱེད་པ་བཅས་བྱེད་དགོས། འབྲོག་ལས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་ནས་སྲོལ་རྒྱུན་གྱི་བསམ་གཞིག་ལས་སྒྲོལ་བ་དང་། ཚན་རྩལ་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་བ། འབྲི་གཡག་རྒྱགས་གསོ་དང་སྤུས་ལེགས་དཀར་ཆུའི་ལས་རིགས་སོགས་ཀྱི་ལག་རྩལ་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། ཐོན་ལས་ཅན་དང་། གཞི་ཁྱོན་ཅན། ཚད་ལྡན་ཅན་བཅས་ཀྱི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་སྤུས་རྟགས་གཏོད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ནོར་ལུག་འཚོས་ནས་བཤས་གཏོང་དུས་ཚོད་ཐུང་དུ་གཏོང་བ་དང་བཤས་གཏོང་ཚད་མཐོ་རུ་གཏོང་དགོས་ལ། སྔོན་ཐོན་གྱི་ལག་རྩལ་ནང་འདྲེན་དང་བེད་སྤྱོད་བྱས་ནས་གཟན་རྩྭ་ས་མེད་འདེབས་འཛུགས་དང་། རྩྭ་ཕྱུགས་དོ་སྙོམས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་བཅས་བྱས་ནས་འབྲོག་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བ་དང་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས། ལས་བྱེད་པའི་བྱང་ཚད་མཐོ་རུ་གཏོང་བའི་ཐད་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཕེལ་རྒྱས་ཀྱི་འདུ་ཤེས་འཛུགས་པ་དང་། སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཤུགས་སྣོན་རྒྱག་པ། རྒྱུན་རྣམ་གསར་པར་ངོས་འཛིན་དང་། འཚམ་པ། སྣེ་ཁྲིད་བཅས་ཀྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ། གཞི་ཆུང་བྱེད་པོའི་གསོན་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་འཁུར་ཕོད་པ་དང་བློ་ཁོག་ཆེན་པོས་འགན་འཁྲི་འཁུར་བ། རྒྱུན་འཁྱོངས་ལྷོད་མེད་ངང་དངོས་འཛིན་དངོས་སྒྲུབ་བྱེད་པ། ཞིབ་ཕྲའི་བྱ་བ་དངོས་མང་དག་བརྒྱུད་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཚེས་10ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ཏིང་ཡེ་ཤན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་ལྷོ་ཁའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་ནང་ཞུགས་ཏེ་འཐུས་མིའི་བསམ་འཆར་དང་གྲོས་འགོ་གསན་པ་དང་འབྲེལ་ཚང་མ་དང་མཉམ་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད།
ལྷོ་ཁའི་འཐུས་མི་ཚོགས་པའི་གྲོས་ཞིབ་ཀྱི་རྣམ་པ་འཁྲུག་ཆ་དོད་པ་ཞིག་ཡོད་ཅིང་། ཤི་ལོག་ཚེ་རིང་དང་། པ་སངས་དངོས་གྲུབ། ལིའུ་ཧྲེང་ཡུས། མཱ་ཆིང་ལིན། ཕུར་རྡོར། ཚའེ་ཧྲོའུ་ཁོན་སོགས་ཀྱི་འཐུས་མིའམ་ཡང་ན་ཟུར་ཞུགས་མི་སྣས་དབུལ་སྒྲོལ་འགག་སྒྲོལ་དང་། ས་བབ་མཐོ་ཁུལ་དུ་དྲོད་རླངས་དང་གསོ་རླུང་མཁོ་འདོན་ལས་གྲྭ། ཁྱད་ལྡན་ཐོན་ལས། རྨང་གཞིའི་སྒྲིག་བཀོད། ལས་རིགས་སློབ་གསོ་འཕེལ་རྒྱས་སོགས་ཀྱི་གནད་དོན་ལ་དམིགས་ནས་གང་བསམ་ལྷུག་གླེང་གནང་སྟེ་ཐབས་འདོན་ཇུས་འདོན་ཧུར་ཐག་གནང་བ་རེད།
ཚང་མའི་གཏམ་བཤད་གང་ལེགས་གསན་རྗེས་ཏིང་ཡེ་ཤན་གྱིས་འདི་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་རྩའི་ལོ་ཞིག་ཡིན་ལ། རླབས་ཆེན་མེས་རྒྱལ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཞིག་ཀྱང་རེད། དེར་བརྟེན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་བབ་ལ་ངོས་འཛིན་དང་ཆོས་ཉིད་ཁོང་དུ་ཆུད་པ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུས་མིག་སྔའི་དུས་བབ་ལ་བརྡར་ཤ་བཅད་པའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ་དང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ། གོ་སྐབས་དམ་འཛིན་དང་། གནད་དོན་ལ་ཞིབ་བསྡུར། ཚན་རིག་དང་མཐུན་པའི་ཇུས་འདོན་བཅས་བྱས་ཏེ་ལས་དོན་ཁག་བདེ་བླག་ངང་མདུན་ཕྱོགས་སུ་སྐུལ་འདེད་ཐུབ་པའི་འགན་ལེན་བྱེད་དགོས། ཚན་རིག་དང་མཐུན་པའི་ཇུས་འགོད་དང་གསར་གཏོད་འཕེལ་རྒྱས་གཏོང་བར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་དང་ལག་བསྟར་བྱེད་པ་དང་ལས་ཀའི་བསམ་ཕྱོགས་གསར་གཏོད་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱེད་རྒྱུའི་སྐོར་གྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་བརྟག་ཐབས་སྨྲ་བ་དོན་འཁྱོལ་ཡག་པོ་བྱེད་པ། སྲིད་གཞུང་དང་ཁྲོམ་ར་དང་མ་འཇོག་དང་འཆར་འགོད་སོགས་ཀྱི་འབྲེལ་བ་ཐག་གཅོད་འོས་འཚམ་བྱེད་པ་བཅས་བྱས་ནས་གྲོང་ཁྱེར་དང་ས་ཁུལ་ཁག་གི་ས་ཁོངས་དཔལ་འབྱོར་དང་། ཁྱད་ལྡན་དཔལ་འབྱོར། བསྡུར་གཞི་ཡོད་པའི་དཔལ་འབྱོར། གཞི་ཁྱོན་ལྡན་པའི་དཔལ་འབྱོར་བཅས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་འགྲོ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། དངོས་འཛིན་དངོས་སྒྲུབ་དང་འགན་འཁྲི་འཁུར་ཕོད་པ་བྱེད་པར། ལྷག་བསམ་རྣམ་དག་ངང་འགན་འཁྲི་འཁུར་རྒྱུར་དམིགས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས་པ་དང་། བརྟན་པོ་གཙོ་རྐང་དུ་འཛིན་རྒྱུར་དམིགས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་། སྐྱོན་བྲལ། མགྱོགས་མྱུར་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། རྨང་བརྟན་དམངས་ཕན་ལ་དམིགས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ། གསར་གཏོད་འཕེལ་རྒྱས་ལ་དམིགས་ཏེ་དོན་དངོས་དང་ཟུང་འབྲེལ་བྱས་ནས་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་བ་དང་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས་པ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་དང་སྟོབས་ཆེར་གཏོང་རྒྱུར་དམིགས་པ་དང་ཚན་ཁག་བཀོད་སྒྲིག་ཡག་པོ་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་དང་། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ་དང་འགག་རྩའི་དུས་སུ་ནུས་པ་ཐོན་པའི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས་པ། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ཏེ་རིམ་ཁག་ཏང་རྩ་འཛུགས་ཀྱི་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལས་འགན་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣