དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དགུ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-01-08

    ཟླ་1ཚེས་6ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དགུ་པ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། བསྟན་འཛིན་རྣམ་རྒྱལ། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། འོད་ཟེར། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅི་གོ་ཀང་། མཱ་ཧྲེང་ཁྲང་། ཝང་ཅུན། ཞུའེ་ཁྲེང་ཚང་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཕེབས་ཡོད་པ་རེད། 

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུའི་མ་ཟིན་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་སྟེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པར་གྲོས་ཞིབ་བྱ་རྒྱུར་ཕུལ་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་གྱི་འཆར་ཟིན་ལ་གྲོས་འཆམ་བྱུང་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་གྲ་སྒྲིག་ཚོགས་འདུར་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུའི་ཐག་བཅད་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེའི་མཚན་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོཌ་འདུ་ཐེངས་གཉིས་པའི་གྲ་སྒྲིག་ཚོཌ་འདུར་འདེམས་བསྐོ་བྱ་རྒྱུར་འབུལ་རྒྱུའི་ཐག་བཅད་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་ཟུར་ཞུགས་མི་སྣའི་མཚན་ཐོར་གྲོས་འཆམ་བྱུང་བ་བཅས་རེད། 

    ཚོགས་འདུའི་ཐོག《ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་དོན་ཚན་གལ་ཆེན་ལ་གྲོས་བསྡུར་ཐག་གཅོད་བྱ་རྒྱུའི་གཏན་འབེབས》དང《ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག》ལ་ཞིབ་བཤེར་བྱས་ནས་ཆོག་མཆན་སྤྲད་པ་དང་། འཐུས་མི་ཁག་གཅིག་གི་ཐོབ་ཐང་གི་སྙན་ཞུ་དང་སྤྱི་བསྒྲགས་ལ་གྲོས་འཆམ་བྱུང་བ། མི་དོན་བསྐོ་གཞག་གི་དོན་ཚན་ལ་གྲོས་འཆམ་བྱུང་བ། བསྐོ་གཞག་ཡི་གེ་སྤྲད་པ་བཅས་རེད། 

    བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་སྐབས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་འཚོག་ལ་ཉེ་བས་འདི་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་དང་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ད་རེས་ཀྱི་ཚོགས་ཆེན་ཡག་པོ་འཚོག་ཐུབ་པ་བྱ་རྒྱུ་དེས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་དབྱང་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་པར་སྔར་བས་སྐུལ་སློང་དང་ལྕག་སྐུལ་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་ནུས་ལྡན་དང་། འཐུས་མིའི་གྲོས་ཞིབ་སྒྲིག་འཛུགས་ནན་ཏན། ཚོགས་འདུའི་འདེམས་བསྐོ་སྒྲིག་འཛུགས་ཧུར་ཐག ནུས་ཤུགས་ཡོད་རྒུས་ཚོགས་འདུའི་འགན་ལེན་ཡག་པོ་བཅས་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་བདེ་བླག་ངང་འཚོག་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

    ཚོགས་འདུ་འཚོག་རིང་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་ཉེར་བཞི་པ་གཙོ་སྐྱོང་གནང་བ་དང་མཇུག་འགྲིལ་ཚོགས་འདུར་བརྡས་ཐག་གཅོད་རྒྱུར་འབུལ་བའི་དོན་ཚན་གཙོ་བོར་ཞིབ་འཇུག་གནང་བ་རེད། ཚོགས་འདུ་གྲོལ་རྗེས་གསར་དུ་བསྐོ་གཞག་བྱས་པའི་མི་སྣ་ཚོས་རྩ་ཁྲིམས་ཀྱི་མདུན་དུ་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།