ཟླ་1ཚེས་2ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཁྲུང་ཆིང་གྲོང་ཁྱེར་དུ་འཚམས་ལན་དང་། རྟོག་ཞིབ། སློབ་སྦྱོང་བྱེད་པར་བསྐྱོད་པ་རེད། དེའི་རིང་ཁྲུང་ཆིང·བོད་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་འཐུས་མིར་གཟིགས་པ། ས་གནས་གཉིས་པོའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་གསུམ་གཏིང་ཟབ་ཏུ་བཏང་བ། བོད་སྐྱོར་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་བ་རེད།
ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་མིན་ཨེར་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེ་ཀྲང་ཐང་ལེང་ཀྲེ་ཡིས་ཁྲུང་ཆིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་དང་བོད་སྐྱོར་ལས་དོན་སྤེལ་ཚུལ་ངོ་སྤྲོད་གནང་བ། ཁྲུང་ཆིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲང་ཤོན་དང་ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རེན་ཞུའེ་ཧྥུང་ཚོགས་འདུར་ཞུགས་པ་རེད།
ཁྲེན་མིན་ཨེར་གྱིས་ཁྲུང་ཆིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཁྲུང་ཆིང་ལ་རྟོག་ཞིབ་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་། དུས་ཡུན་རིང་པོའི་ནང་བོད་ཀྱིས་ཁྲུང་ཆིང་ལ་རྒྱབ་སྐྱོར་དང་ཁ་གཏད་བོད་སྐྱོར་ལས་བྱེད་པར་ཐུགས་ཁུར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁྲེན་མིན་ཨེར་གྱིས་ཁ་གཏད་རོགས་སྐྱོར་ནི་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྤྱི་ཡོངས་ལ་གཞིགས་ནས་གཏན་ལ་ཕབ་པའི་འཐབ་ཇུས་བཀོད་ཇུས་གལ་ཆེན་ཞིག་རེད། ཀྲུང་དབྱང་གིས་ཆབ་མདོར་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་ལས་འགན་དེ་ཁྲུང་ཆིང་ལ་དཀྲིས་པ་ནི་ཁྲུང་ཆིང་ལ་ཡིད་ཆེས་ཆེན་པོ་གནང་བ་ཞིག་རེད་ལ། ཁྲུང་ཆིང་ལ་དཀྲིས་པའི་ཆབ་སྲིད་ལས་འགན་ཆེན་པོ་ཞིག་ཀྱང་རེད། ང་ཚོས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་དང་འཐབ་ཇུས་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། བྱེད་ཤུགས་ཆེ་རུ་གཏོང་བ། བློ་རྒྱ་ཆེ་རུ་གཏོང་བ། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། བློ་རྩེ་གཅིག་ཏུ་སྒྲིམ་པ་དང་། བརྩེ་སེམས་ཟབ་མོ་འཆང་བ། ནུས་ཤུགས་ཡོད་རྒུས་ཁ་གཏད་བོད་སྐྱོར་ལས་དོན་ལེགས་པར་སྒྲུབ་པ་བཅས་བྱས་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་རྩ་བ་ཁྲུང་ཆིང་གི་བོད་སྐྱོར་ལས་དོན་ནང་བརྟན་པོར་ཚུགས་ཏེ་ལོ་འདབ་རྒྱས་པར་བྱ་རྒྱུ་ཡིན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཀྱི་རྒྱལ་ཁ་ལེན་པར་རོགས་རམ་དང་རྒྱབ་སྐྱོར་བྱེད་པར་དམ་པོར་དམིགས་ཏེ་རྣམ་གྲངས་ལ་བརྟེན་ནས་བོད་སྐྱོར་དང་། ཐོན་ལས་ལ་བརྟེན་ནས་བོད་སྐྱོར། དམངས་འཚོར་བརྟེན་ནས་བོད་སྐྱོར་བཅས་ཀྱི་ལས་དོན་ལ་མུ་མཐུད་དམ་འཛིན་གཏིང་ཟབ་བྱས་ནས་ཆབ་མདོའི་མི་རིགས་ཁག་གི་མི་དམངས་ལ་སྒྱུར་བཅོས་སྒོ་དབྱེ་དང་ཁ་གཏད་རོགས་སྐྱོར་གྱི་གྲུབ་འབྲས་སྔར་བས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ཏེ་དུས་ཡུན་རིང་པོའི་ནང་ཁྲུང་ཆིང་གིས་བོད་ལ་དམིགས་བསལ་གྱི་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཞུས་པ་རེད། བློ་བཟང་རྒྱལ་མཚན་གྱིས་ཁྲུང་ཆིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་སྣང་ཆེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་བཅས་བྱས་ཤིང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་ཕྱོགས་ཡོངས་དང་། རིམ་པ་མང་པོ། བྱེད་ཤུགས་ཆེན་པོས་བོད་སྐྱོར་ལས་དོན་སྤེལ་བ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཚོར་བ་བྱེད་པ། ཁྲུང་ཆིང་གྲོང་ཁྱེར་གྱི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ཁྱིམ་ཚང་ཁྲི་སྟོང་མང་པོར་མཚོན་པར་བྱེད་པ་བཅས་བྱས་ནས་བོད་དང་ལྷག་པར་དུ་ཆབ་མདོ་གྲོང་ཁྱེར་གྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། གངས་ལྗོངས་ས་མཐོར་ཉམས་པ་མེད་པའི་མཛད་རྗེས་རྡོ་རིང་བཙུགས་པ་མ་ཟད། ད་དུང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དཔག་ཏུ་མེད་པའི་ཁྱད་འཕགས་རང་བཞིན་དང་། མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དཔག་ཏུ་མེད་པའི་དྲོ་སྐྱིད། ཀྲུང་ཧྭ་མི་རིགས་ཀྱིས་ཀྲུང་གོའི་ཕུགས་འདུན་ཐུན་མོང་ཐོག་སྒྲུབ་པའི་ཤིན་ཏུ་ཆེ་བའི་གོང་བུ་འགྲིལ་ཤུགས་བཅས་ཀྱང་མངོན་པར་བྱས་ཡོད། སླད་བོད་རང་སྐྱོང་ལྗོངས་ཀྱིས་ཁྲུང་ཆིང་གིས་རོགས་སྐྱོར་གནང་བའི་མ་དངུལ་བེད་སྤྱོད་ཏན་ཏིག་བྱ་རྒྱུ་དང་། རྣམ་གྲངས་དོན་འཁྱོལ་ཡག་པོ་བྱ་རྒྱུ། དེ་བཞིན་བོད་སྐྱོར་ལས་བྱེད་པ་ཚང་མར་སེམས་ཁུར་བྱེད་པ་དང་། གཅེས་སྐྱོང་བྱེད་པ། ཞབས་ཞུ་འགན་ལེན་གྱི་ལས་དོན་བློ་རྩ་གཅིག་སྒྲིམ་གྱིས་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཁོང་ཚོ་བོད་དུ་བྱས་རྗེས་འཇོག་ཐུབ་པ་དང་། བདེ་ཐང་ངང་འཚར་ལོངས་ཡོང་བ། མཐའ་མཚམས་དང་མེས་རྒྱལ་ལ་ལེགས་སྐྱེས་མང་ཙམ་འབུལ་ཐུབ་པ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།