ཚེས་20ཉིན་གྱི་སྔ་དྲོ། 2018ལོའི་ལོ་འཁོར་གྱི་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་མཉམ་ཞུ་མཉམ་བསྡུར་མཉམ་ཞིབ་ཚོགས་ཆེན་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲུང་ཆེ། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ལིའུ་ཅང་ཚོགས་འདུར་ཕེབས་པ་རེད། ལྗོངས་ཐད་གཏོགས་ཚན་པ་22ཀྱི་ཏང་ཙུའི(ཏང་ཨུད)ཧྲུའུ་ཅིས་ཚོགས་ཆེན་ཐོག་འགན་སྒྲུབ་གསལ་ཞུ་བྱས་པ་རེད། ལིའུ་ཅང་གིས་འགན་སྒྲུབ་གནས་ཚུལ་དང་འདི་ལོའི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཕྱོགས་སྡོམ་ནན་ཏན་གནང་ནས་ལྷག་པའི་གནད་དོན་བསྟན་གནང་བ་རེད།
ལིའུ་ཅང་གིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྔར་བས་བརྟན་དུ་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོ་བཅས་ཡིན། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་སྤེལ་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མིག་དཔེ་གསུམ་དང་དཔེ་བཟང་གཅིག”གི་མཛུབ་སྟོན་གལ་ཆེན་གཞིར་བཟུང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“རྩ་བ་དྲུག”ལ་དམ་འཛིན་བྱས་ཏེ་ཏང་འཛུགས་སྐྱོང་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
ལིའུ་ཅང་གིས་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས“ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་ནི་སྲིད་སྐྱོང་གི་བྱས་རྗེས་ཆེ་ཤོས་ཡིན་པའི”འདུ་ཤེས་བརྟན་པོ་འཛུགས་པ་དང་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ལག་བསྟར་ཡག་པོ་བྱས་ཏེ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།