ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ཆེད་དོན་བརྙན་ལམ་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ་རེད།
ཅང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་སྐུ་ངོ་མས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ལས་དོན་བཀོད་སྒྲིག་གནང་བར་བརྟེན། འདི་ལོ་ཚུན་དུ། འགྲིམ་འགྲུལ་ལས་འཛོལ་ཐོན་ཚད་དང་མི་འཆི་ཚད་སོ་སོར་14%དང་18%ཆག་སྟེ་འགྲིམ་འགྲུལ་བདེ་འཇགས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། ཡིན་ནའང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ལས་འཛོལ་གྱིས་བདེ་འཇགས་ཐོན་སྐྱེད་ལས་འཛོལ་ནང་བཟུང་བའི་བསྡུར་ཚད་སྔར་བཞིན་མཐོ་པོ་ཡོད་པ་དང་། འགྲིམ་འགྲུལ་བདེ་འཇགས་ཀྱི་ལས་འཛོལ་ཆེན་པོ་དང་། མི་ཤི་བའི་གྲངས་ཚད་གཞི་མི་འདྲ་བའི་ཐོག་ནས་མང་དུ་ཕྱིན་པས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་ཅེས་གསུངས་པ་རེད།
ཅང་ཅེས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། རྒྱལ་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེད་དོན་བརྙན་ལམ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས། གང་མགྱོགས་འབྲེལ་ཡོད་ཀྱི་བྱེད་ཐབས་ཞིབ་འཇུག་དོན་འཁྱོལ་དང་ནུས་ཤུགས་ཡོད་རྒུས་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཅང་ཅེས་འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་ཏན་ཏིག་བསྒྲུབས་ནས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ནན་པོ་དང་། རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་བཀོད་སྒྲིག་གཞིར་བཟུང་། སྤྱི་སྤྱོད་རླངས་འཁོར་བདེ་འཇགས་ངང་སྐྱོད་པའི་བྱ་ཐབས་ཁག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཟམ་པ་དང་། གྱེན་ཐུར། ཆུ་ངོགས་དང་བྲག་ངོགས། གངས་འཁྱགས་བཅས་ཁྲོད་ཀྱི་འགྲིམ་འགྲུལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་ཆེན་པོ་སྔོན་འགོག་བྱེད་དགོས་པ་དང་། འགྲོ་ལམ་དང་། ཟམ་པ། འགོག་སྲུང་ར་སྐྱོར་བཅས་འཐུས་ཚང་བརྟན་གཏོང་གི་ལས་གྲྭ་མགྱོགས་མྱུར་ལག་བསྟར་བྱས་ནས་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ། ར་བཟི་འཁོར་གཏོང་དང་། ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ། ཁྲིམས་འགལ་སྐྱེལ་འདྲེན། ཐེག་ཚད་དང་མྱུར་ཚད་ཚད་ལས་བརྒལ་ཏེ་རླངས་འཁོར་གཏོང་མཁན་བཅས་ལ་ཞིབ་བཤེར་ཐག་གཅོད་དང་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས་ལྗོངས་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།