དབུ་ཤོག>སྲིད་དོན།
  • སྨན་བཅོས་འགན་བཅོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-12-14

    ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱ་གཞིར་བཟུང་། ཚེས་11ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་འགྲོ་སོང་རྩིས་ཞུའི་འབྲེལ་ཡོད་གནད་དོན་ཞིབ་འཇུག་དང་ཐག་གཅོད་གནང་བ་རེད། 

    ཀྲོང་ཡན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་བདེ་ཐང་དང་སྨན་བཅོས་འགན་བཅོལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགན་ལེན་དེ་བས་གཞུང་དྲང་ཡོང་བ་དང་། དོ་དམ་ཞབས་ཞུ་དེ་བས་ཚད་ལྡན་དུ་གཏོང་བ། སྨན་བཅོས་ཐོན་ཁུངས་ནུས་ལྡན་ངང་སྤྱོད་པ་བཅས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཧུར་ཐག་འཛུགས་དགོས་ཞེས་གསུངས་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། སྨན་བཅོས་འགན་བཅོལ་ལམ་ལུགས་ཀྱི་དོན་འཁྱོལ་ལ་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་མང་པོ་བསྒྲུབས་ཡོད། སྨན་བཅོས་འགན་བཅོལ་ལམ་ལུགས་ལག་བསྟར་བྱས་ཚུན་དམངས་འཚོ་འགན་ལེན་དང་ལེགས་བཅོས་དང་སྨན་བཅོས་ཀྱི་དཔལ་འབྱོར་ཁུར་པོ་ཡང་དུ་གཏོང་བ་དང་། ནད་ལྟ་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད། མི་དམངས་ཀྱི་ལུས་སེམས་བདེ་ཐང་ལ་འགན་ལེན། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་དང་རྒྱལ་ཁབ་ཀྱི་དྲོ་སྐྱིད་ཚོར་བ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཡང་ཚོར་ཡོད། གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་ནི། གནད་སྨིན་དབུལ་སྒྲོལ་དང་གནད་སྨིན་དབུལ་སྐྱོར་དང་། དམངས་འཚོ་དང་བདེ་སྐྱིད་ལེགས་སུ་གཏོང་བ། སྤྱི་ཚོགས་ཞི་མཐུན་བདེ་འཇགས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་མངོན་འགྱུར་བཅས་དང་འབྲེལ་བ་ཡོད་པ་མ་ཟད། ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ཡང་ལྡན་ཡོད་པས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་གསུངས། 

    ཀྲོང་ཡན་གྱིས་དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་ཤིག་དང་། དམངས་འཚོ་ནི་ཆབ་སྲིད་ཀྱི་རྨང་གཞི་ཆེ་ཤོས་ཤིག་རེད། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བདེ་ཐང་གི་བོད་ལྗོངས་སྐྲུན་རིང་སྨན་བཅོས་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བའི་གནས་བབ་གལ་ཆེན་དང་། ནུས་པ་གལ་ཆེན། ལོ་རྒྱུས་ཀྱི་ལས་འགན་བཅས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པ་དང་། སྨན་བཅོས་འགན་བཅོལ་ལ་བརྟེན་ནས་བདེ་ཐང་ལ་སྐུལ་འདེད་གཏོང་བ་གཙོ་རྐང་དུ་བྱེད་པ། སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་བའི་གནས་བབ་ཐོག་འཇོག་པ། སྨན་བཅོས་འཕྲོད་བསྟེན་གྱི་ཞན་ཆ་གསབ་པ། དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ལམ་ལུགས་སྒྱུར་བཅོས་གསར་གཏོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། གཞི་རྩའི་ཆ་ནས་ཀྲུང་དབྱང་གི་སྒྱུར་བཅོས་བླང་བྱ་དང་འཚམ་པ་དང་རང་ལྗོངས་ཀྱི་དོན་དངོས་དང་ཡང་འཚམ་པའི་སྨན་བཅོས་འགན་བཅོལ་མ་དངུལ་རྒྱུན་གཏན་ལྟར་འཁོར་རྒྱུག་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་དགོས་པ་དང་། སྨན་བཅོས་འགན་བཅོལ་མ་དངུལ་ནུས་ཤུགས་ཡོད་རྒུས་གྲབས་གསོག་དང་དུས་ཐོག་ཏུ་གཤམ་སྤྲོད་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་དགོས་མཁོ་འགན་ལེན་ཏན་ཏིག་བྱས་ནས། “སྲིད་གཞུང་གིས་རྙོག་དྲ་ཐག་གཅོད་དང་། མང་ཚོགས་ལ་སྟབས་བདེ་སྐྲུན་དགོས” ཐོན་པའི་གནད་དོན་དང་འཕྲད་པའི་དཀའ་ངལ་ལ་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ནས་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། མི་དམངས་ཀྱི་ཁེ་ཕན་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་སྒྱུར་བཅོས་དང་སྨན་བཅོས་འགན་བཅོལ་འགྲོ་སོང་རྩིས་ཞུ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་ཕྱོགས་ཡོངས་དང་། དུས་ཐོག གནད་འཕིགས་བཅས་ཀྱི་སྒོ་ནས་མང་ཚོགས་ཚང་མས་ཚོར་བར་བྱས་ཏེ་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟབ་ཏུ་གཏོང་དགོས་ཞེས་གསུངས། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།