དབུ་ཤོག>སྲིད་དོན།
  • ཅང་ཅེས་རང་སྐྱོང་ལྗོངས་སྲིད་གཞུང་གི་གནམ་ཐང་འཛུགས་སྐྲུན་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-12-10

     ཚེས་6ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་གནམ་ཐང་འཛུགས་སྐྲུན་ལས་དོན་གྱི་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས་རང་ལྗོངས་ཀྱི“3+1”གི་གནམ་ཐང་འཛུགས་སྐྲུན་རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་གྱི་སྙན་སེང་གསན་པ་དང་རྣམ་གྲངས་ཀྱི་དུས་གོང་ལས་དོན་ཁྲོད་ལྷག་པའི་གནད་དོན་མཐུན་སྦྱོར་དང་ཐག་གཅོད་བྱས་པ་དང་འབྲེལ། ལྷ་ས་གོང་དཀར་གནམ་ཐང་གི་རྒྱུག་ལམ་གཉིས་པ་བསྐྲུན་པ་དང་དེ་བཞིན་དམངས་སྤྱོད་གནམ་ཐང་3བསྐྲུན་པའི་དུས་གོང་ལས་དོན་སླར་ཡར་བཀོད་སྒྲིག་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་གནམ་ཐང་འཛུགས་སྐྲུན་ལས་དོན་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཅང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ཅང་ཅེས“3+1”གི་གནམ་ཐང་འཛུགས་སྐྲུན་གྱི་རྣམ་གྲངས་ནི་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་དང་རྒྱལ་ཕན་དམངས་ཕན་གྱི་དོན་ཆེན་དང་བྱ་བཟང་ཞིག་ཡིན་པས། རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། རྒྱལ་ཁབ་དམངས་སྤྱོད་མཁའ་འགྲུལ་ཅུས་བཅས་ཀྱིས་ཚད་མཐོའི་མཐོང་ཆེན་གནང་ནས་སྐུལ་འདེད་ཤུགས་ཆེན་བཏང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་བསམ་བློ་གཅིག་གྱུར་བྱས་ཏེ“3+1”རྣམ་གྲངས་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས་དུས་ཀྱིས་ང་ཚོ་མི་སྒུག་པའི་ཁ་ཚ་དགོས་གཏུག་གི་བསམ་པ་དང་འགན་འཁྲིའི་བསམ་པ་ཆེ་རུ་བཏང་ནས་ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཅང་ཅེས་གྲོང་ཁྱེར་དང་། ས་ཁུལ། རྫོང་ཁག ལྗོངས་ཐད་གཏོགས་སྡེ་ཚན་ཁག་གིས་ལས་ཀའི་སྤྱོད་ཚུལ་བསྒྱུར་ནས་མྱུར་ཚད་མགྱོགས་སུ་བཏང་སྟེ་སྤྱི་འདོམས་མཐུན་སྦྱོར་དང་། གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། སྲུབས་མེད་འབྲེལ་མཐུད། དུས་ཚོད་དམ་འཛིན་བཅས་བྱས་ནས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་མཁོ་བའི་སྒྲིག་བཀོད་གལ་ཆེན་དམིགས་སར་འབྱོར་ཐུབ་པ་བྱས་ཏེ། དུས་གོང་ལས་དོན་ཡག་པོ་བསྒྲུབ་དགོས་པ། སྡེ་ཚན་ཁག་དང་། ཚན་པ་ཁག རྣམ་གྲངས་ཁག་གི་བཀོད་འདོམས་པུའུ་བཅས་ཀྱིས་འཁྲི་འགན་རང་འཁུར་དང་རང་འགན་གཙང་སྒྲུབ་དང་གཙོ་གནད་དང་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་བྱས་ནས་གནམ་ཐང་གསར་སྐྲུན་རྣམ་གྲངས་ཀྱི་རེ་ཞུ་ཞིབ་མཆན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། ལྗོངས་དམངས་སྤྱོད་མཁའ་འགྲུལ་ཅུས་དང་ལྷ་ས་གོང་དཀར་གནམ་ཐང་གི་རྒྱུག་ལམ་གཉིས་པའི་འཛུགས་སྐྲུན་བཀོད་འདོམས་པུས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་བཅངས་ནས་འབྲེལ་མཐུད་མཐུན་སྦྱོར་དང་དགོངས་སྐོར་སྙན་སེང་ལ་ཤུགས་སྣོན་རྒྱག་པ་དང་། ས་བསྡུ་དང་ཆུ་ལོག་འབྲུབ་འགོག་གི་རགས་རྒྱག་ཇུས་འགོད་ཞིབ་མཆན་སོགས་ཀྱི་དུས་འགོའི་ལས་དོན་མགྱོགས་མྱུར་བསྒྲུབས་ནས་ཕྱི་ལོ་འབྲུབ་དུས་མ་སླེབས་གོང་དུ་འབྲུབ་འགོག་རགས་རྒྱག་གི་ལས་གྲྭ་ཨ་མ་ལེགས་གྲུབ་བྱས་ཏེ་ཕྱི་ལོ་ཕྱོགས་ཡོངས་ནས་རྒྱུག་ལམ་གཉིས་པ་སྐྲུན་འགོ་འཛུགས་ཆེད་ཆ་རྐྱེན་གཏོད་དགོས་པ། རྣམ་གྲངས་ལག་བསྟར་བྱ་ཡུལ་སྲིད་གཞུང་གིས་རྣམ་གྲངས་བཀོད་འདོམས་པུའུ་དང་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་གནམ་ཐང་འཛུགས་སྐྲུན་གྱི་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས་པ་དང་འབྲེལ། སྣུམ་དང་གློག་སོགས་མཁོ་འདོན་གྱི་ལས་དོན་སྔོན་ལ་ཡག་པོ་སྒྲུབ་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།