ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་ཐེངས་79པའི་བཀོད་སྒྲིག་གཞིར་བཟུང་། ཚེས་7ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་གྱིས་དགའ་ལྡན་དགོན་དང་། སེ་ར་དགོན། འབྲས་སྤུངས་དགོན་བཅས་སུ་ཕེབས་ནས་ལས་རེས་ལས་སྒྲུབ་མི་སྣ་དང་། དགོན་སྡེའི་དགེ་འདུན་པ། དགོན་སྡོད་ལས་བྱེད་པ་བཅས་ལ་གཟིགས་པ་མ་ཟད། བརྟན་ལྷིང་སྲུང་སྐྱོང་གི་བདེ་སྲུང་དང་། མེ་ཟོན་བདེ་འཇགས། དགོན་སྡེ་དོ་དམ་གསར་གཏོད་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཡང་གནང་བ་རེད།
དགའ་ལྡན་དགོན་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་སྲོལ་གཏོད་མཁན་ཙོང་ཁ་པ་སྐུ་ངོ་མས་ཕྱག་བཏབ་པ་ཞིག་ཡིན་པས་དགོན་སྡེ་ཆེན་པོ་ཁག་དང་དད་ལྡན་མང་ཚོགས་ཁྲོད་དུ་སྐད་གྲགས་ཆེན་པོ་ཡོད། ཀྲོང་ཡན་དེ་གར་ཕེབས་སྐབས་དགོན་སྡེས“ཚད་གཞི་བཞིར་བརྩི་སྲུང་ཞུས་ནས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་པ་སངས་ཚེ་རིང་གིས་དགའ་ལྡན་དགོན་ལ་སྔར་ནས་བཟུང་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་ལྡན་ཡོད། དགེ་འདུན་པ་ཚོས་ཀྱང་ཏང་གི་བཀའ་དྲིན་ཟབ་མོ་ཚོར་བཞིན་ཡོད་པས། རྒྱལ་གཅེས་ཆོས་གཅེས་ཀྱི་ཚད་ལྡན་གྱི་དགེ་འདུན་པ་ཞིག་བྱེད་ངེས་རེད་ཅེས་ཀྲོང་ཡན་ལ་ངོ་སྤྲོད་བྱས། ཀྲོང་ཡན་གྱིས་དེ་དག་གསན་རྗེས་དགྱེས་ཚོར་ཆེན་པོ་གནང་ཞིང་། ཁོང་གིས་རྒྱ་ཆེའི་དགེ་འདུན་པ་ཚོས་རྗེ་ཙོང་ཁ་པ་ཆེན་པོ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སྐབས་རིམ་བྱོན་གྱི་བླ་མ་སྐྱེས་ཆེན་དམ་པ་མིག་དཔེར་བཟུང་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན་བཅས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པ། ཆོས་ལུགས་འཆམ་མཐུན་དང་བསྟན་དོན་ལམ་ལྷོངས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཀྲོང་ཡན་དང་བཅས་པས་ད་དུང་སེ་ར་དགོན་དུ་ཕེབས་ནས་སེ་ར་དགོན་གྱི་ཚོགས་ཆེན་དང་དགོན་སྡེའི་དཔེ་ཆ་ལྟ་ཀློག་ཁང་དུ་གཟིགས་ཞིབ་གནང་བ་རེད། དགོན་སྡོད་ལས་བྱེད་པས་དགེ་འདུན་པ་ཚོ་དང་འབྲེལ་འདྲིས་ཟབ་མོ་དང་གྲོགས་པོ་བསྒྲིགས་ནས་དགེ་འདུན་པར་གང་ཞིག་མཁོ་མིན་སོགས་ཤེས་རྟོགས་དང་སྙིང་གཏམ་གླེང་རེས་བྱས་ཏེ། དགེ་འདུན་པ་ཚོ་དང་ཁྱིམ་ཚང་གཅིག་གི་ནང་མི་ལྟར་གྱི་འབྲེལ་བ་ཆགས་པ་མཁྱེན་རྗེས་ཀྲོང་ཡན་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་རྒྱ་ཆེའི་དགོན་སྡོད་ལས་བྱེད་པ་ཚོས་ངེས་པར་དུ་མི་རྩ་བར་བཟུང་ནས་ཐུགས་ཁུར་ཟབ་མོ་མཐའ་འཁྱོངས་བྱས་ཏེ“གཅིག་དྲུག”དང“དགུ་ལྡན”སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་རྒྱ་ཆེའི་དགེ་འདུན་པ་ཚོར་རྒས་དུས་སྐྱོང་མཁན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། དཀའ་བ་འཕྲད་དུས་ཐག་གཅོད་བྱེད་མཁན་ཡོད་པ་བཅས་བྱས་ཏེ་སེམས་གཏིང་ནས་ཏང་དང་སྲིད་གཞུང་ལ་གོང་བཀུར་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
འབྲས་སྤུངས་དགོན་དུ་ཀྲོང་ཡན་གྱིས་ཕེབས་ཞོར་གཟིགས་ཞོར་དུ་དགོན་སྡེ་དོ་དམ་དང་མེ་ཟོན་བདེ་འཇགས་སོགས་ཀྱི་ལས་དོན་ལ་ཞིབ་ཕྲ་གཟིཌ་པ་དང་འབྲེལ། དགོན་སྡོད་ལས་བྱེད་པ་དང་། དགོན་སྡེའི་དགེ་འདུན་པ། དད་ལྡན་མང་ཚོགས་བཅས་དབར་བྱམས་བརྩེའི་གླེང་མོལ་གནང་ཞིང་། ཁོང་གིས་སྔ་བར་ཕྱི་གསུམ་དུ་མེ་ཟོན་བདེ་འཇགས་ཀྱི་རྩ་བ་འདི་དམ་པོར་བཟུང་ནས་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། མི་རྒྱུ་རྩལ་གསུམ་གྱི་ཐབས་ལ་བརྟེན་ནས་མེ་ཟོན་སྔོན་འགོག་བྱེད་པ་ཕུད། ད་དུང་རྒྱ་ཆེའི་དགེ་འདུན་པ་ཚོར་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་ཚང་མར་འགན་འཁྲི་ཡོད་པ་དང་ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་སྲིང་ལྷོད་མེད་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་མི་ཐོན་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ། “ཁྲིད་སྟོན”ཐད་ཤུགས་རྒྱག་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་པར་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་དང་གྲྭ་བཙུན་གྱིས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས་ཞེས་གསུངས།
ཀྲོང་ཡན་གྱིས་རིམ་ཁག་སྡེ་ཚན་ཁག་གིས་འགན་འཁྲི་སྔར་བས་དོན་འཁྱོལ་བྱས་ནས་གནས་ཚུལ་མི་ལྷག་པ་དང་ཀྲུང་དབྱང་ལ་རྙོག་དྲ་མི་བཟོ་བ་མཐའ་ཚད་དུ་བྱེད་པ་དང་། དོ་དམ་དང་ཞབས་ཞུ་གལ་ཆེ་མཉམ་འཛིན་མཐའ་འཁྱོངས། དོ་དམ་ཞབས་འདེགས་ལ་ཁྱབ་པ་བཅས་བྱས་ནས་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོའི་སྒོ་ནས་བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད། གཅིག་ནས་ཆོས་ལུགས་ལ་དོ་དམ་ནན་པོ་བྱས་ནས་སྲིད་ཇུས་དང་ཁྲིམས་སྲོལ་གྱི་དམར་ཐིག་མཐའ་གཅིག་ཏུ་བརྟན་པོར་སྲུང་དགོས་པ་དང་། གཉིས་ནས་དགོན་སྡེ་དང་གྲྭ་བཙུན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་བཅའ་ཁྲིམས་ཀྱི་ཤེས་བྱ་དགོན་སྡེར་དྲིལ་བསྒྲགས་ཀྱི་བྱེད་སྒོ་ཡག་པོ་སྤེལ་ནས་རྒྱ་ཆེའི་གྲྭ་བཙུན་གྱི་ཁྲོད་དུ“རྒྱལ་ཁྲིམས་འདུལ་ཁྲིམས་ལས་གལ་ཆེ་བའི”འདུ་ཤེས་བརྟན་པོར་འཛུགས་པ་དང་བཅའ་ཁྲིམས་སྲུང་བའི་སྤྱི་དམངས་ཤིག་བྱེད་དགོས་པ། གསུམ་ནས་སྤྱི་ཚོགས་ཐོག་གི་ཆོས་ལུགས་སྐོར་སྐྱོད་མི་སྣའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྒྱུན་གཏན་གྱི་ཆོས་ལུགས་ཀྱི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་དགོས་པ། བཞི་ནས་ཛ་དྲག་གི་གནས་ཚུལ་ཐོན་སྐབས་འཕྲལ་མར་ཐག་གཅོད་བྱེད་པའི་གྲ་སྒྲིག་ཡག་པོ་བྱས་ནས་སྔོན་ཇུས་ཀྱི་འཕྲལ་སྡོམ་དོ་དམ་ལ་ཤུགས་སྣོན་དང་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་འཇོན་ཐང་ཆེ་རུ་བཏང་སྟེ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བདེ་འཇགས་ཞི་མཐུན་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་རེད།