དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་དུ་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-12-07

    ཚེས་5ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་སྤྱི་བདེ་ཕྱོགས་བསྡུས་ཞིབ་བཤེར་ས་ཚིགས་དང་། ནོར་བུ་གླིང་ཁ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། ར་མོ་ཆེ་གཙུག་ལག་ཁང་། ཨ་ནེའི་མཚམས་ཁུང་བཅས་སུ་ཕེབས་ནས་ལས་རེས་སྡོད་བྱའི་མི་སྣ་དང་། དགོན་སྡེའི་གྲྭ་བཙུན། དགོན་སྡོད་ལས་བྱེད་པ་བཅས་ལ་གཟིགས་ནས་འཚམས་འདྲི་གནང་བ་དང་འབྲེལ་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་དང་དགོན་སྡེའི་དོ་དམ་གསར་གཏོད་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཡང་གནང་བ་རེད། 

    སྣེའུ་ཁུལ་གསར་སྤྱི་བདེ་ཕྱོགས་བསྡུས་ཞིབ་བཤེར་ས་ཚིགས་སུ་ཀྲོང་ཡན་གྱིས་ལས་སྒྲུབ་བྱེད་བཞིན་པའི་སྤྱི་བདེ་མི་དམངས་ཉེན་རྟོག་པར་གཟིགས་ནས་འཚམས་འདྲི་གནང་བ་དང་། ས་གནས་ས་ཐོག་ཏུ་ཞིབ་བཤེར་ས་ཚིགས་ཀྱི་ནུས་པའི་ཁུལ་བཀོད་སྒྲིག་བྱས་ཚུལ་ལ་གཟིགས་ཞིབ་གནང་ནས་ཞིབ་བཤེར་ས་ཚིགས་ཀྱི་སྒྲིག་བཀོད་དང་།  ལས་ཐོག་མི་སྣ་བཀོད་སྒྲིག ལས་སྒྲུབ་མི་དམངས་ཉེན་རྟོག་པའི་འཚོ་བ་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་སྣེའུ་ཁུལ་གསར་སྤྱི་བདེ་ཕྱོགས་བསྡུས་ཞིབ་བཤེར་ས་ཚིགས་ནི་ལྷ་ས་གྲོང་ཁྱེར་གྱི་ལྷོ་སྒོ་ཆེན་པོ་ཞིག་ཡིན་པ་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད། དེ་ནི་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་གཟུགས་བརྙན་མཚོན་པའི་སྐར་ཁུང་གལ་ཆེན་ཞིག་རེད་ཅེས་གསུངས་པ་དང་། ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་ཡོངས་ལ་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དམ་པོར་བཟུང་ནས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པ་དང“ལྗོངས་ཡོངས་སུ་མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་བཙུགས་ནས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། རང་འགན་གཙང་སྒྲུབ་བྱེད་པ། ཤེས་དཔལ་ལྡན་པའི་ངང་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བ། ཁྲིམས་འཛིན་གྱི་སྤུས་ཚད་དང་། ཆུ་ཚད། སྤྱི་མོས་ཐོབ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་སྐར་ཁུང་ཚན་པའི་གཟུགས་བརྙན་ཡག་པོ་གཏོད་དགོས་པའི་ཐུགས་རེ་གནང་བ་རེད། 

    ལྷ་ས་གྲོང་ཁྱེར་ནོར་བུ་གླིང་ཁ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཀྲོང་ཡན་གྱིས་ཉེན་དོན་ས་ཚིགས་ཀྱི་འཛུགས་སྐྲུན་དང་འཁོར་རྒྱུག་གནས་ཚུལ་གྱི་སྙན་སེང་ནན་ཏན་ངང་གསན་པ་དང་འབྲེལ་ཁས་ལེན་ཡང་གང་ལེགས་གནང་ཞིང་། ཁོང་གིས་དུས་ཡུན་རིང་པོའི་ནང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་བློ་མཐུན་ཚོས་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་དཀའ་ངལ་ལ་མི་སྐྲག་པ་དང་རྒྱུན་མཐུད་དམག་འཐབ་རྒྱག་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཏེ་རང་ལྗོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཆེད་ནུས་པ་གལ་ཆེན་བཏོན་ཡོད་ལ་རང་ལྗོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུར་དཀའ་ལས་ཚད་མེད་བརྒྱབ་ཡོད། ཁྱེད་ཚོས“དམངས་གཅེས་དང་། དམངས་ཆེད། དམངས་ཕན། དམངས་བདེ”བཅས་ཀྱི་ཞབས་ཞུའི་དམིགས་ཡུལ་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པ་དང་། བྱ་སྤྱོད་མགྱོགས་མྱུར་སྤེལ་བའི་ནུས་པ་ཆེ་རུ་གཏོང་བ། གདོང་མཆོང་ཕོད་པ་དང་། ཁ་གཏད་གཅོག་ཐུབ་པ། རྒྱལ་ཁ་ལེན་ཐུབ་པ། ཐག་གཅོད་ཡག་པོ་ཐུབ་པ་བཅས་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་མི་དམངས་བདེ་སྡོད་ལས་བརྩོན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད། 

    ར་མོ་ཆེ་གཙུག་ལག་ཁང་དང་ཨ་ནེའི་མཚམས་ཁུང་དུ་བསང་དུད་ལང་ལོང་དུ་འཕྱུར་བ་དང་སྒྲིག་ལམ་གོ་རིམ་ལྡན་པ་ཞིག་ཡོད། ཀྲོང་ཡན་དང་བཅས་པ་དགོན་པར་ཕེབས་ནས་དགོན་པའི་མེ་ཟོན་བདེ་འཇགས་སྒྲིག་བཀོད་དང་དེ་བཞིན་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་གྱི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་གཟིགས་ཞིབ་ནན་ཏན་གནང་བ་རེད། གྲྭ་བཙུན་ཚོས་ཉེ་བའི་ལོ་ཤས་རིང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་སྐྱོང་འོག་ང་ཚོར་སྨན་བཅོས་འགན་བཅོལ་དང་རྒན་གསོ་འགན་བཅོལ་སོགས་ཀྱི་འགན་བཅོལ་ཁག་ཡོད་པས་འཚོ་བ་ཧ་ཅང་བདེ་སྐྱིད་ལྡན་པ་འདུག ང་ཚོས་སེམས་གཏིང་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། ཀྲོང་ཡན་གྱིས་གསན་རྗེས་དགྱེས་ཚོར་ཆེན་པོ་གནང་བཞིན་ཁོང་གིས་ར་མོ་ཆེ་གཙུག་ལག་ཁང་དང་ཨ་ནེའི་མཚམས་ཁུང་ནི་སྔར་ནས་བཟུང་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་མཁན་ཞིག་རེད་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་དགོན་སྡེ་ཞིག་ཀྱང་རེད། “ཚད་གཞི་བཞི་བརྩི་སྲུང་ལག་བསྟར་བྱས་ནས་སྔོན་ཐོན་གྲྭ་བཙུན་ཞིག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་ཡག་པོ་སྤེལ་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། དགོན་སྡོད་ལས་བྱེད་པས་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱ་གཞིར་བཟུང་དགོན་སྡེ་དོ་དམ་ཨུ་ལྷན་དང་དགོན་སྡེའི་ཆོས་ལུགས་མི་སྣའི་འགན་འཁྲི་གསལ་པོ་བཟོས་ཏེ་ཕྱོགས་གཉིས་ཐད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་པ་དང་དགོན་སྡེ་ཞབས་ཞུ་དོ་དམ་གྱི་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་སྲ་བརྟན་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། xzxwadmin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།