དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་ལས་བྱེད་པ་ཡོངས་ཀྱི་ཚོགས་ཆེན་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-12-01

     ལྗོངས་ཏང་ཨུད་ཀྱིས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དུ་ལས་བྱེད་པ་ཡོངས་ཀྱི་ཚོགས་ཆེན་འཚོགས་ནས་ལྗོངས་ཏང་ཨུད་ཀྱིས་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོའི་གོ་གནས་བསྐོ་འཐེན་གྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅི་གོ་ཀང་གིས་རྣམ་འགྱུར་མཚོན་པའི་གཏམ་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་གསུང་བཤད་གནང་སྐབས། ད་ཐེངས་ལྗོངས་ཏང་ཨུད་ཀྱིས་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོའི་གོ་གནས་ལ་ལེགས་སྒྲིག་བྱས་པ་ནི་ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་དང་དེ་བཞིན་འཕེལ་སྒྱུར་ལས་དོན་གྱི་ཕུགས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་པ་ཞིག་ཡིན་པས་འཕེལ་སྒྱུར་ཁོངས་གཏོགས་ཀྱི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་དོན་དངོས་ནས་འགོ་བཙུགས་ཏེ་ཁྱོན་ཡོངས་ལ་བསམ་བློ་བཏང་བ་དང་། སྤྱི་འདོམས་འཆར་འགོད། ཞིབ་འཇུག་གཟབ་ནན་བཅས་བྱས་པའི་གཏན་འབེབས་ཤིག་ཡིན་པ་དེ་ཐོག་ནས་ལྗོངས་ཏང་ཨུད་ཀྱིས་འཕེལ་སྒྱུར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་འཕེལ་སྒྱུར་ཁོངས་གཏོགས་ཀྱི་ལས་བྱེད་པར་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་མཚོན་གྱི་ཡོད། ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ལ་ང་ཚོས་ངེས་པར་དུ་བརྩི་བཀུར་དང་བརྩི་སྲུང་མཐའ་གཅིག་ཏུ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་གཅིག་ནས་ཆབ་སྲིད་ལ་སྣང་ཆེན་བྱེད་མཁས་པོ་བྱས་ཏེ་སྤྱི་ཡོངས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་དགོས་ཤིང་། འཕེལ་སྒྱུར་ཁོངས་གཏོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་དམིགས་ཚད་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཏང་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་གནང་བའི་རྣམ་གྲངས་གལ་ཆེན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པ་དང་།

    གཉིས་ནས་མཐུན་སྒྲིལ་ལ་སྣང་ཆེན་བྱེད་མཁས་པོ་བྱས་ཏེ་ཚན་ཁག་གི་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་གཏོང་དགོས་ཤིང་། དམངས་ཆེད་དམིགས་ཡུལ་བརྟན་པོ་འཛུགས་རྒྱུར་བརྟེན་ནས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་ལྟར་འགན་འཁྲི་ལག་བསྟར་མཐའ་གཅིག་ཏུ་སྲིད་འཛིན་ལས་དོན་བསྒྲུབས་ཏེ་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱེད་པར་བརྟེན་ནས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བར་བརྟེན་ནས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ།

    གསུམ་ནས་སློབ་སྦྱོང་ལ་སྣང་ཆེན་བྱེད་མཁས་པོ་བྱས་ཏེ་སྤྱི་ཡོངས་ལ་སྟངས་འཛིན་བྱེད་པའི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་བྱང་ཚད་དང་བསམ་བློའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་དང་། ལོ་རྒྱུས་དང་དོན་དངོས། མིག་སྔ་དང་སླད་ཕྱིན་བཅས་ཟུང་དུ་འབྲེལ་བའི་ལས་ཀའི་བྱ་ཐབས་སྤྱད་རྒྱུར་སྣང་ཆེན་དང་སྒྱུར་བཅོས་གསར་གཏོད་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་ཏན་ཏིག་བཏང་ནས་གནད་དོན་ཐག་གཅོད་ཀྱི་ཚད་བརྒལ་ནུས་པ་དང་། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལག་བསྟར་ནུས་པ། ཉེན་ཁར་ཁ་ལོ་སྒྱུར་བའི་སྟངས་འཛིན་ནུས་པ་བཅས་ཆེ་རུ་ཧུར་ཐག་གཏོང་དགོས།

    བཞི་ནས་སྲིད་དོན་བརྩོན་སྐྱོང་ལ་སྣང་ཆེན་བྱེད་མཁས་པོ་བྱས་ཏེ་འགན་འཁྲིའི་བསམ་པ་སྔར་བས་ཆེ་རུ་གཏོང་དགོས། མིག་མངས་འགྲིག་སྐོར་གཅིག་གི་བསམ་བློ་བརྟན་པོ་འཛུགས་པ་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་བློ་ནུས་ཡོད་རྒུ་འདོན་པ་དང་གཞུང་དོན་ལ་བརྩོན་པའི་ཐོག་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་དེ་མི་དམངས་མང་ཚོགས་ཀྱི་མིག་མཐོང་ལག་ཟིན་དང་དངོས་དངོས་རྗེན་རྗེན་གྱི་ལས་ཀའི་ཕན་འབྲས་སུ་འགྱུར་བ་བྱེད་དགོས།

    ལྔ་ནས་སྤྱོད་གཙང་གཞུང་དྲང་ལ་སྣང་ཆེན་བྱེད་མཁས་པོ་བྱས་ཏེ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་གྱིས་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་འགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་འགྱུར་ལྡོག་དང་རིམ་སྤོར་ལ་བརྟེན་ནས་ལས་ཁུངས་ཀྱི་སྤྱོད་ཚུལ་འགྱུར་ལྡོག་དང་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་བློ་དཀར་སེམས་དཀར་དང་། དྭངས་གཙང་། འགན་འཁྲི་འཁུར་བ་བཅས་ཀྱི་འཕེལ་སྒྱུར་གྱི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་སྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།