ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བློ་བཟང་རྒྱལ་མཚན་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་དང་། གྲ་ནང་རྫོང་། གོང་དཀར་རྫོང་བཅས་ལ་ཕེབས་ནས་ས་གནས་ས་ཐོག་ཏུ་གཟིགས་ཞིབ་དང་བསྐྱར་འདྲི་བརྟག་ཞིབ་གནང་སྟེ་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་ཐོན་ལས་འཛུགས་སྐྲུན་དང་། སྣོད་བཅུད་བཅོས་སྒྲིག དབུལ་སྐྱོར་གནས་སྤོས་སོགས་ཀྱི་ལས་ཀའི་འཕེལ་རིམ་དང་ཕན་འབྲས་མཁྱེན་རྟོགས་གཏིང་ཟབ་གནང་བ་རེད།
བློ་བཟང་རྒྱལ་མཚན་སྣེ་གདོང་ཆུས་སོ་དྲུག་ཤང་སྡིང་སྣ་གྲོང་ཚོའི་བོད་ཕག་གསོ་ཚགས་རྟེན་གཞི་དང་། ཀུན་བདེ་ཞིང་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སིའི་སྐྱེད་པ་ཤང་ནས་ལས་སྣོན་རྟེན་གཞི། ཡར་ཀླུང་དེང་རབས་སྤྲོ་གསེང་ཞིང་ལས་གླིང་བཅས་དང་དེ་བཞིན་འཁོར་ཁང་དང་དྲོད་ཁང་ཆེ་མོ་སོགས་སུ་ཕེབས་ནས་ཁེ་ལས་ཀྱི་འགན་འཁུར་བ་དང་། ལག་རྩལ་བཟོ་པ། ལས་ཞུགས་མང་ཚོགས་བཅས་དང་སྤེལ་རེས་གཏིང་ཟབ་གནང་སྟེ། ཐོན་ལས་ཁག་གི་མ་འཇོག་དང་ཐོན་འབབ་དང་། གཞི་ཁྱོན་ཕན་འབྲས། འཁོར་སྐྱོད་བྱ་ཐབས། ཁྲོམ་རའི་ངེས་གནས། ལག་རྩལ་འདེགས་སྐྱོར་བཅས་དང་དེ་བཞིན་མང་ཚོགས་ལས་ཞུགས་ཐུབ་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ས་མཐོའི་ཁྱད་ལྡན་འདེབས་འཛུགས་དང་། གསོ་ཚགས།
ལས་སྣོན་བཅས་གསུམ་ནི་བྱེད་རིན་དང་། ཡོང་འབབ། མདུན་ལམ་བཅས་ཡོད་པའི་ཐོན་ལས་ཆེ་མོ་ཞིག་ཡིན། རང་སྐྱོང་ལྗོངས་ཀྱིས་དེའི་ཐད་ཚད་མཐོའི་མཐོང་ཆེན་དང་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་འཁེལ་བྱས་ཏེ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་ཡོད། མཉམ་ལས་སྒོ་དབྱེ་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། ཞིང་འབྲོག་ལས་ཀྱི་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་བཅས་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་མུ་མཐུད་རྒྱ་ཆེར་གཏོང་བ་དང་། མང་ཚོགས་ཀྱིས་མཐོང་ཐུབ་པའི་བྱ་བ་སྒྲུབ་པ། མང་ཚོགས་ཀྱི་སྣེ་ཁྲིད་དེ་བྱ་བ་སྒྲུབ་པ། མང་ཚོགས་ལ་ཁེ་སྤོགས་སྐྲུན་རོགས་བྱེད་པ། དབུལ་སྐྱོར་རིག་སྐྱོར་དང་ལས་སྟོབས་ཞིང་དར་ཡོང་བ་བཅས་བྱས་ཏེ་མང་ཚོགས་རང་ས་རང་ཡུལ་ནས་མི་བྲལ་བར་དངོས་འབྲེལ་ཕྱུག་པོ་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད།
གྲ་ནང་རྫོང་དེང་རབས་ཞིང་འབྲོག་ལས་ཐོན་ལས་གླིང་དང་རྔ་སྒྲ་ཤང་མུའུ་ཁྲིའི་སྡོང་ཕྲུག་རྟེན་གཞིས་ཡར་ཀླུང་གཙང་པོའི་ཉེ་འཁོར་གྱི་གྲམ་ཐང་སྤྱད་དེ་སྔོན་ཐོན་ལག་རྩལ་ལ་བརྟེན་ནས་སྣོད་བཅུད་འཛུགས་སྐྱོང་དང་མང་ཚོགས་ལ་འབབ་འཕར་གཏོད་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད། བློ་བཟང་རྒྱལ་མཚན་གྱིས་ས་གནས་ས་ཐོག་ཏུ་རྣམ་གྲངས་མ་འཇོག་དང་། འབྲི་ཏ་ས་འཛིན་འདེབས་པ། སྡོང་ཕྲུག་འདུལ་གསོ། སྣོད་བཅུད་ཉམས་གསོ། འབབ་འཕར་ལ་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ནགས་བཟོ་སྔོ་འགྱུར་ནང་མང་ཚོགས་ཞུགས་པ་བརྒྱུད་ཡོང་འབབ་མང་དུ་འགྲོ་རྒྱུར་སྣེ་ཁྲིད་བྱས་ཏེ་སྣོད་བཅུད་ལ་བརྟེན་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལམ་དུ་སྐྱོད་ཐུབ་པ་བྱེད་དགོས། ཆུ་ཚད་མཐོ་པོས་འཆར་འགོད་ལ་སྣེ་འཁྲིད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་སྣོད་བཅུད་ཕྱོགས་བསྡུས་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་པ་བཅས་བྱས་ཏེ་དཔལ་འབྱོར་གྱི་ཕན་འབྲས་དང་། སྣོད་བཅུད་ཕན་འབྲས། དམངས་འཚོའི་ཕན་འབྲས་བཅས་གཅིག་གྱུར་ཧུར་ཐག་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
གོང་དཀར་རྫོང་འཕྲེང་འགོ་ཤང་དུ་བློ་བཟང་རྒྱལ་མཚན་གྱིས་ས་བབ་མཐོ་བའི་མང་ཚོགས་ཀྱི་གནས་སྤོའི་བཀོད་སྒྲིག་ས་ཚུགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ཁག་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་དང་འབྲེལ། གཞི་རིམ་གྱི་ལས་བྱེད་པ་དང་མཉམ་དུ་དབུལ་སྒྲོལ་ལས་དོན་ལ་གྲོས་བསྡུར་གནང་ཞིང་། ཁོང་གིས་གནད་སྨིན་དབུལ་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ནི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་སྔོན་འགྲོའི་ལས་འགན་ཞིག་རེད། དེར་བརྟེན། དབུལ་སྐྱོར་གནས་སྤོས་དང“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་རྒྱུ་དང་ཟུང་འབྲེལ་དམ་ཟབ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས། གནས་སྤོས་མང་ཚོགས་ཀྱི་བདེ་སྡུག་ལ་སེམས་ཁུར། ཐོན་ལས་རྣམ་གྲངས་ཇུས་འགོད་ཞིབ་ཚགས་བཅས་བྱས་ནས་མང་ཚོགས་དབུལ་པོ་སྤོ་ཐུབ་པ་དང་། སེམས་རྣལ་དུ་ཕབ་པ། ལས་ཞུགས་ཐུབ་པ། ཕྱུག་པོ་ཆགས་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།