དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་འཛིན་དཔྱད་སྡོམ་གྱི་དོ་དམ་སྲོལ་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-10-31

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    [2018]ཡིག་ཨང་8པ།

    《བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་འཛིན་དཔྱད་སྡོམ་གྱི་དོ་དམ་སྲོལ་ཡིག》འདི་2018ལོའི་ཟླ་7ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་དང་སྦྲགས། 2018ལོའི་ཟླ་10ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུའི་ཆེད་དོན་སྤྱི་བསྒྲགས་སྤེལ་རྒྱུ་ཡིན།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

    2018ལོའི་ཟླ་8ཚེས་1ཉིན།

    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། ཁྲིམས་འཛིན་དཔྱད་སྡོམ་གྱི་བྱེད་སྒོ་ཚད་ལྡན་བཟོས་ནས་དོ་བདག་གི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་གཏུག་བཤེར་བྱེད་སྒོ་བདེ་བླག་ངང་སྤེལ་ཏེ། ཁྲིམས་འཛིན་དྲང་གཞག་ལ་སྐུལ་འདེད་གཏོང་ཆེད། 《ཁྲིམས་འཛིན་དཔྱད་སྡོམ་ལ་དོ་དམ་བྱེད་པའི་གནད་དོན་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། སྲོལ་ཡིག་འདི་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་། ཁྲིམས་འཛིན་དཔྱད་སྡོམ་པ། ཁྲིམས་འཛིན་དཔྱད་སྡོམ་གྱི་བྱེད་སྒོ། དེ་བཞིན་དེའི་ལྟ་སྐུལ་དོ་དམ་བཅས་ལ་སྤྱད་ན་འཐུས།

    དོན་ཚན་གསུམ་པ། སྲོལ་ཡིག་འདིའི་ནང་བརྗོད་པའི་ཁྲིམས་འཛིན་དཔྱད་སྡོམ་ཟེར་བ་ནི་གཏུག་བཤེར་བྱེད་སྒོའི་ནང་དཔྱད་སྡོམ་པས་ཚན་རིག་ལག་རྩལ་ལམ་ཡང་ན་ཆེད་ལས་ཤེས་བྱ་བེད་སྤྱད་དེ་གཏུག་བཤེར་དང་འབྲེལ་བ་ཡོད་པའི་ཆེད་དམིགས་རང་བཞིན་གྱི་གནད་དོན་ལ་དབྱེ་གཅོད་དང་བརྡར་ཤ་གཅོད་པ་མ་ཟད། དཔྱད་སྡོམ་གྱི་བསམ་འཆར་འདོན་སྤྲོད་བྱེད་པའི་བྱེད་སྒོར་ཟེར་ཞིང་། དེའི་ནང་ཁྲིམས་ཞིབ་སྨན་དོན་རིགས་ཀྱི་དཔྱད་སྡོམ་དང་། དངོས་དཔང་རིགས་ཀྱི་དཔྱད་སྡོམ། སྒྲ་དང་གཟུགས་རིས་ཀྱི་དཔྱད་སྡོམ། ཁོར་ཡུག་གཏོར་སྐྱོན་རིགས་ཀྱི་དཔྱད་སྡོམ། དེ་བཞིན་གཏུག་བཤེར་གྱི་དགོས་མཁོར་གཞིགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མཐོ་རིམ་མི་དམངས་ཞིབ་དཔྱོད་ཁང་དང་གྲོས་མོལ་བྱས་ཏེ་གཏན་འཁེལ་བྱས་པའི་དཔྱད་སྡོམ་གྱི་དོན་གནད་གཞན་དག་བཅས་ཚུད་ཡོད། སྲོལ་ཡིག་འདིའི་ནང་བརྗོད་པའི་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་ཁྲིམས་འཛིན་དཔྱད་སྡོམ་པ་ཟེར་བ་ནི་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་དང་མཐུན་ཞིང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་ནས་ཐོ་འགོད་བྱས་པ་བརྒྱུད་ཁྲིམས་འཛིན་དཔྱད་སྡོམ་གྱི་ལས་སྒོ་གཉེར་མཁན་ཚན་པ་དང་མི་སྣར་ཟེར་བ་ཡིན། གོང་འཁོད་གཏན་འབེབས་དོན་གནད་ཀྱི་དཔྱད་སྡོམ་ཚན་པ་དང་དཔྱད་སྡོམ་པའི་དོ་དམ་ཐད་ལ་བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་པ་ཡོད་ཚེ་གཏན་འབེབས་དེ་བཞིན་ལག་བསྟར་བྱེད་དགོས།

    དོན་ཚན་བཞི་པ། རང་སྐྱོང་ལྗོངས་ཀྱིས་ཁྲིམས་འཛིན་དཔྱད་སྡོམ་ལས་སྒོ་གཉེར་མཁན་གྱི་དཔྱད་སྡོམ་ཚན་པ་དང་དཔྱད་སྡོམ་པར་ཐོ་འགོད་དོ་དམ་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་རྒྱུ། རྩ་འཛུགས་གང་འདྲ་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་ནས་ཐོ་འགོད་བྱས་མེད་པར་ཁྲིམས་འཛིན་དཔྱད་སྡོམ་གྱི་བྱེད་སྒོ་སྤེལ་མི་ཆོག མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་ལས་ཁུངས། རྒྱལ་ཁབ་བདེ་འཇགས་ལས་ཁུངས་བཅས་ཀྱིས་མྱུལ་ཞིབ་ལས་ཀའི་དགོས་མཁོར་གཞིགས་ནས་བཙུགས་པའི་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་དེའི་དཔྱད་སྡོམ་པར་སྙན་དཔོད་ཐོ་འགོད་ལམ་ལུགས་ལག་བསྟར་བྱེད་རྒྱུ། ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དཔྱད་སྡོམ་ལས་སྒོ་གཉེར་དགོས་པ་ལས་སྤྱི་ཚོགས་ལ་ཕྱོགས་ནས་མངགས་བཅོལ་རིགས་ཀྱི་ཁྲིམས་འཛིན་དཔྱད་སྡོམ་ལས་སྒོ་གཉེར་མི་ཆོག མི་དམངས་ཁྲིམས་ཁང་དང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་ནང་དཔྱད་སྡོམ་ཚན་པ་འཛུགས་མི་ཆོག བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཕུད།

    དོན་ཚན་ལྔ་པ། ཁྲིམས་འཛིན་དཔྱད་སྡོམ་གྱི་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་དོན་དངོས་དང་། དྲང་གཞག ཚན་རིག་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས། ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་ཁྲིམས་འཛིན་དཔྱད་སྡོམ་པས་ངེས་པར་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སྲུང་བརྩི་ཞུ་དགོས་ལ། ལས་རིགས་ཀྱི་ཀུན་སྤྱོད་དང་སྒྲིག་ཁྲིམས་ལའང་སྲུང་བརྩི་ཞུ་དགོས་ཁར། ཚན་རིག་ལ་བརྩི་འཇོག་དང་ལག་རྩལ་གྱི་བཀོལ་སྤྱོད་ཚད་གཞིར་སྲུང་བརྩི་ཞུ་དགོས། ཁྲིམས་འཛིན་དཔྱད་སྡོམ་བྱེད་པར་དཔྱད་སྡོམ་པའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་དགོས་ཤིང་། དཔྱད་སྡོམ་པས་ངེས་པར་དུ་རང་ཚུགས་ངང་དཔྱད་སྡོམ་བྱེད་རྒྱུ་དང་། དཔྱད་སྡོམ་བྱས་པའི་བསམ་འཆར་ལ་འགན་ཁུར་དགོས། ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་ཁྲིམས་འཛིན་དཔྱད་སྡོམ་པས་ཁྲིམས་ལྟར་ཁྲིམས་འཛིན་དཔྱད་སྡོམ་གྱི་བྱེད་སྒོ་སྤེལ་སྐབས་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པས། རྩ་འཛུགས་གང་འདྲ་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཁྲིམས་དང་མ་མཐུན་པའི་ཐེ་ཇུས་བྱེད་མི་ཆོག

    དོན་ཚན་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ས་གནས(གྲོང་ཁྱེར)སྲིད་ཧྲུའུ(མི་དམངས་སྲིད་གཞུང་)ཡིས་ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་ཚུལ་ལ་གཞིགས་ནས་ཁྲིམས་འཛིན་དཔྱད་སྡོམ་གྱི་དོ་དམ་དང་། རོགས་སྐྱོར། ལས་རིགས་བཅས་ཀྱི་གཙོ་ཆེའི་ཆེད་སྤྱོད་འགྲོ་གྲོན་འགན་སྲུང་བྱེད་སྲོལ་བཙུགས་ཏེ། ཁྲིམས་འཛིན་དཔྱད་སྡོམ་ལས་དོན་ཁྲོད་ཀྱི་གལ་ཆེའི་གནད་དོན་རིགས་མཐུན་སྦྱོར་ཐག་གཅོད་བྱས་ནས་ཁྲིམས་འཛིན་དཔྱད་སྡོམ་ལས་རིགས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ས་གནས(གྲོང་ཁྱེར)སྲིད་ཧྲུའུ(མི་དམངས་སྲིད་གཞུང་)ཡིས་ངེས་པར་དུ་ཁྲིམས་འཛིན་དཔྱད་སྡོམ་གྱི་སྤྱི་ཕན་རང་བཞིན་གྱི་བྱེད་སྒོ་སྤེལ་བར་སྐུལ་མ་གཏོང་རྒྱུ་དང་རོགས་སྐྱོར་བྱེད་དགོས་པ་དང་། སྨན་བཅོས་ཚན་པ་དང་། མཐོ་རིམ་སློབ་གྲྭ་ཆེ་མོ། ཚན་ཞིབ་ཁང་བཅས་སུ་ཁྲིམས་ལྟར་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་འཛུགས་རྒྱུའི་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་དགོས།

    དོན་ཚན་བདུན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་། ཁྲིམས་འཛིན་དཔྱད་སྡོམ་པའི་ཐོ་འགོད་དང་། མིང་དེབ་བཟོ་འགོད། དེ་བཞིན་སྤྱི་བསྒྲགས་སྤེལ་རྒྱུ་བཅས་ཀྱི་འགན་ཁུར་དགོས་ཁར། དེའི་ལས་གཉེར་བྱེད་སྒོར་ལྟ་སྐུལ་དང་དོ་དམ་བྱེད་དགོས། ས་གནས(གྲོང་ཁྱེར)སྲིད་ཧྲུའུ(མི་དམངས་སྲིད་གཞུང་)ཡི་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་སྲོལ་ཡིག་འདིའི་གཏན་འབེབས་ལྟར་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཁྲིམས་འཛིན་དཔྱད་སྡོམ་གྱི་ལས་དོན་ལ་ལྟ་སྐུལ་དང་དོ་དམ་བྱེད་དགོས།

    དོན་ཚན་བརྒྱད་པ། ཁྲིམས་འཛིན་དཔྱད་སྡོམ་ལ་དོ་དམ་བྱེད་སྐབས་སྲིད་འཛིན་དོ་དམ་དང་ལས་རིགས་དོ་དམ་ཟུང་འབྲེལ་བྱེད་པའི་དོ་དམ་ལམ་ལུགས་ལག་བསྟར་བྱེད་དགོས། ཁྲིམས་འཛིན་དཔྱད་སྡོམ་ཚན་པས་ཁྲིམས་ལྟར་ཁྲིམས་འཛིན་དཔྱད་སྡོམ་མཐུན་ཚོགས་འཛུགས་ཆོག ཁྲིམས་འཛིན་དཔྱད་སྡོམ་མཐུན་ཚོགས་ཀྱིས་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱི་མཛུབ་ཁྲིད་དང་ལྟ་སྐུལ་འོག མཐུན་ཚོགས་ཀྱི་སྒྲིག་ཡིག་ལྟར་བྱེད་སྒོ་སྤེལ་དགོས་པ་དང་། ཚོགས་མིར་ལས་རིགས་ཀྱི་ཀུན་སྤྱོད་དང་། བྱ་སྤྱོད་ཀྱི་ཚད་གཞི། དེ་བཞིན་ལས་གཉེར་གྱི་རྩལ་ནུས་སོགས་རང་གཅུན་དོ་དམ་ལ་ཤུགས་སྣོན་རྒྱག་ཏུ་འཇུག་རྒྱུ་མ་ཟད། དཔྱད་སྡོམ་ཚན་པ་དང་དཔྱད་སྡོམ་པས་ལས་རིགས་ཀྱི་ཀུན་སྤྱོད་ལས་འགལ་བའི་བྱེད་སྤྱོད་རིགས་ཐག་གཅོད་བྱེད་རྒྱུ་དང་། ཁྲིམས་འཛིན་དཔྱད་སྡོམ་གྱི་ལས་རིམ་སྒྲིག་སྲོལ་དང་ལག་རྩལ་ཚད་གཞི་བེད་སྤྱོད་སོགས་ཐད་ཀྱི་རྩོད་གཞི་ཐག་གཅོད་བྱེད་རྒྱུར་རོགས་སྐྱོར་བྱས་ཏེ་ཁྲིམས་ལྟར་ཚོགས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས།

    ལེའུ་གཉིས་པ། ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་ཁྲིམས་འཛིན་དཔྱད་སྡོམ་པ།

    དོན་ཚན་དགུ་པ། ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་གིས་ཁྲིམས་འཛིན་དཔྱད་སྡོམ་གྱི་ལས་སྒོ་གཉེར་རེ་ཞུ་བར་གཤམ་གསལ་གྱི་ཆ་རྐྱེན་ཁག་ངེས་པར་འཛོམས་དགོས་པ་སྟེ།

    (གཅིག)ལས་སྒོའི་ཁྱབ་ཁོངས་ཁ་གསལ་ཡོད་དགོས་པ་དང་།

    (གཉིས)ལས་སྒོའི་ཁྱབ་ཁོངས་ནང་ཁྲིམས་འཛིན་དཔྱད་སྡོམ་བྱེད་པར་དགོས་ངེས་ཀྱི་དཔྱད་ཆས་དང་སྒྲིག་ཆས་ཡོད་དགོས་པ།

    (གསུམ)ལས་སྒོའི་ཁྱབ་ཁོངས་ནང་ཁྲིམས་འཛིན་དཔྱད་སྡོམ་བྱེད་པར་དགོས་ངེས་ཀྱི་ཁྲིམས་བཞིན་ཚད་འཇལ་གྱི་ཁས་ལེན་དཔང་འདོན་བྱས་པའམ་ཡང་ན་ཚོད་ལྟ་ཁང་གིས་ཁས་ལེན་བྱས་པའི་ཞིབ་དཔྱད་ཚོད་ལྟ་ཁང་ཡོད་དགོས་པ།

    (བཞི)ཁྲིམས་འཛིན་དཔྱད་སྡོམ་གྱི་ལས་སྒོ་རེ་རེར་དཔྱད་སྡོམ་པ་གསུམ་ཡན་ཡོད་དགོས་པ་བཅས་སོ།

    དོན་ཚན་བཅུ་པ། གཤམ་གསལ་གྱི་ཆ་རྐྱེན་གང་རུང་འཛོམས་མཁན་གྱིས་ཁྲིམས་འཛིན་དཔྱད་སྡོམ་གྱི་ལས་སྒོ་གཉེར་རྒྱུའི་ཐོ་འགོད་བྱེད་རེ་ཞུས་ན་འགྲིག་པ་སྟེ།

    (གཅིག)ཁྲིམས་འཛིན་དཔྱད་སྡོམ་གྱི་ལས་སྒོ་གཉེར་རེ་ཞུས་ཤིང་། འབྲེལ་ཡོད་ཆེད་ལས་ཀྱི་མཐོ་རིམ་ཆེད་ལས་ལག་རྩལ་གྱི་གོ་མིང་ཡོད་མཁན་དང་། (གཉིས)ཁྲིམས་འཛིན་དཔྱད་སྡོམ་གྱི་ལས་སྒོ་གཉེར་རེ་ཞུས་ཤིང་། འབྲེལ་ཡོད་ཆེད་ལས་ཀྱི་ལས་གཉེར་འོས་ཐོབ་བམ་ཡང་ན་མཐོ་རིམ་སློབ་གྲྭ་ཆེ་མོའི་འབྲེལ་ཡོད་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རིམ་ཡོད་པ་དང་འབྲེལ་ཡོད་ལས་ཀ་ལོ་ལྔ་ཡན་བྱེད་མྱོང་ཡོད་མཁན།

    (གསུམ)ཁྲིམས་འཛིན་དཔྱད་སྡོམ་གྱི་ལས་སྒོ་གཉེར་རེ་ཞུས་ཤིང་། འབྲེལ་ཡོད་ལས་ཀ་ལོ་བཅུ་ཡན་བྱེད་མྱོང་ཡོད་པ་དང་། ཆེད་ལས་ཀྱི་རྩལ་ནུས་ཆེ་ཙམ་ཡོད་མཁན་བཅས་སོ། རྐང་བཙུགས་ནས་ནག་ཉེས་བསགས་པའམ་ཡང་ན་གོ་གནས་ཀྱི་ལས་འཛོལ་ཤོར་ནས་ཉེས་དོན་གྱི་ཁྲིམས་ཆད་ཕོག་པའི་རིགས་དང་། ལས་གནས་ནས་ཕྱིར་འབུད་བྱས་པའི་རིགས། དེ་བཞིན་དཔྱད་སྡོམ་པའི་ཐོ་འགོད་མེད་པར་བཟོས་པའི་མི་སྣ་བཅས་ཀྱིས་ཁྲིམས་འཛིན་དཔྱད་སྡོམ་གྱི་ལས་སྒོ་གཉེར་མི་ཆོག

    དོན་ཚན་བཅུ་གཅིག་པ། ཁྲིམས་འཛིན་དཔྱད་སྡོམ་ལས་སྒོ་གཉེར་རེ་ཞུ་མཁན་མི་སྒེར་དང་། ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་གིས་ངེས་པར་དུ་རང་གནས་སའི་ས་གནས(གྲོང་ཁྱེར)སྲིད་ཧྲུའུ(མི་དམངས་སྲིད་གཞུང་)ཡི་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་ལ་རེ་ཞུ་བྱེད་པ་དང་སྦྲགས་འབྲེལ་ཡོད་ཀྱི་དཔྱད་ཡིག་འབུལ་དགོས། རེ་ཞུ་བདག་སྤྲོད་བྱེད་མཁན་སྡེ་ཚན་གྱིས་ངེས་པར་དུ་བདག་སྤྲོད་བྱས་ཉིན་ནས་བཟུང་ཉིན་བདུན་ནང་ཚུན་དུ་ཞིབ་བཤེར་བྱས་ཏེ། ཞིབ་བཤེར་བསམ་འཆར་དང་རེ་ཞུའི་དཔྱད་ཡིག་ཚང་མ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་ལ་སྐྱེལ་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་དཔྱད་ཡིག་འབྱོར་ཉིན་ནས་བཟུང་ཉིན་ཉི་ཤུའི་ནང་ཚུན་དུ་ཞིབ་བཤེར་བྱས་ཏེ་ཐོ་འགོད་ཆོག་མིན་གཏན་འཁེལ་བྱེད་དགོས། ཐོ་འགོད་ཆོག་པའི་ཆ་རྐྱེན་དང་འཚམ་རིགས་ཡིན་ཕྱིན། གཏན་འཁེལ་བྱས་ཉིན་ནས་བཟུང་ཉིན་བཅུའི་ནང་ཚུན་དུ་རེ་ཞུ་འབུལ་མཁན་ལ《ཁྲིམས་འཛིན་དཔྱད་སྡོམ་གྱི་འཁྲོལ་འཛིན》ནམ་ཡང་ན《ཁྲིམས་འཛིན་དཔྱད་སྡོམ་པའི་ལས་གཉེར་ལག་ཁྱེར》སྤྲོད་དགོས་པ་དང་། ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་ཁྲིམས་འཛིན་དཔྱད་སྡོམ་པའི་མིང་དེབ་ནང་འགོད་དགོས་པ་མ་ཟད་སྤྱི་བསྒྲགས་ཀྱང་སྤེལ་དགོས། ཆ་རྐྱེན་དང་མ་འཚམ་པར་ཐོ་འགོད་མ་བྱས་པའི་རིགས་ཡིན་ཕྱིན། ངེས་པར་དུ་རེ་ཞུ་འབུལ་མཁན་ལ་ཡིག་ཐོག་ནས་བརྡ་ཐོ་གཏོང་དགོས་པ་མ་ཟད་རྒྱུ་མཚན་གསལ་བཤད་བྱེད་དགོས།

    དོན་ཚན་བཅུ་གཉིས་པ། ཁྲིམས་འཛིན་དཔྱད་སྡོམ་ཚན་པའམ་ཡང་ན་ཁྲིམས་འཛིན་དཔྱད་སྡོམ་པས་ཡིག་ཐོག་ནས་ཐོ་འགོད་དོན་གནད་ལ་འགྱུར་བ་གཏོང་རེ་ཞུ་རིགས། ངེས་པར་དུ་སྲོལ་ཡིག་འདིའི་དོན་ཚན་བཅུ་གཅིག་པའི་གཏན་འབེབས་ཀྱི་ལས་རིམ་ལྟར་གཉེར་སྒྲུབ་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་འཛིན་དཔྱད་སྡོམ་ཚན་པའམ་ཡང་ན་ཁྲིམས་འཛིན་དཔྱད་སྡོམ་པ་མང་དུ་བཏང་བ་དང་མེད་པར་བཟོས་པའི་ཐོ་འགོད་གནས་ཚུལ་ལ་གཞིགས་ཏེ། བཟོ་འགོད་བྱས་པའི་ཁྲིམས་འཛིན་དཔྱད་སྡོམ་ཚན་པའམ་ཡང་ན་ཁྲིམས་འཛིན་དཔྱད་སྡོམ་པའི་མིང་དེབ་དུས་བཀག་ལྟར་བརྗེ་སྒྱུར་བྱེད་པ་དང་སྦྲགས་སྤྱི་བསྒྲགས་སྤེལ་དགོས།

    དོན་ཚན་བཅུ་གསུམ་པ། 《ཁྲིམས་འཛིན་དཔྱད་སྡོམ་གྱི་འཁྲོལ་འཛིན》ནམ་ཡང་ན《ཁྲིམས་འཛིན་དཔྱད་སྡོམ་པའི་ལས་གཉེར་ལག་ཁྱེར》སྤྲད་ཉིན་ནས་བཟུང་ལོ་ལྔའི་ནང་ཚུན་དུ་གོ་ཆོད་ཀྱི་ཡོད། གོ་ཆོད་ཀྱི་དུས་ཡུན་ཐིམ་ནས་ད་དུང་དུས་འགྱངས་བྱེད་དགོས་ཚེ། ཁྲིམས་འཛིན་དཔྱད་སྡོམ་ཚན་པའམ་ཡང་ན་ཁྲིམས་འཛིན་དཔྱད་སྡོམ་པས་ངེས་པར་དུ་གོ་ཆོད་ཀྱི་དུས་ཚད་མ་ཐིམ་གོང་གི་ཉིན་སུམ་ཅུའི་སྔོན་དུ་དེ་སྔ་ཐོ་འགོད་བྱེད་འགན་འཁུར་མཁན་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་ལ་དུས་འགྱངས་བྱེད་རེ་ཞུ་དགོས། ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཉིན་ཉི་ཤུའི་ནང་ཚུན་དུ་ཁྲིམས་ལྟར་ཞིབ་བཤེར་གཉེར་སྒྲུབ་བྱེད་དགོས། 《ཁྲིམས་འཛིན་དཔྱད་སྡོམ་གྱི་འཁྲོལ་འཛིན》དང་《ཁྲིམས་འཛིན་དཔྱད་སྡོམ་པའི་ལས་གཉེར་ལག་ཁྱེར》སུབ་བཅོས་བྱེད་པ་དང་། གཞན་ལ་གཡར་བ། བོགས་མར་གཏོང་བ། ནང་བཤུག་གཏོང་བ་བཅས་བྱེད་མི་ཆོག དོན་ཚན་བཅུ་བཞི་པ། ཁྲིམས་འཛིན་དཔྱད་སྡོམ་གྱི་རིན་བསྡུའི་རྣམ་གྲངས་དང་རིན་བསྡུའི་ཚད་གཞི་དེ་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས། ཁྲིམས་འཛིན་དཔྱད་སྡོམ་ཚན་པས་ངེས་པར་དུ་ཁྲིམས་འཛིན་དཔྱད་སྡོམ་གྱི་རིན་བསྡུའི་རྣམ་གྲངས་དང་། རིན་བསྡུའི་ཚད་གཞི། རིན་པ་བསྡུ་སྟངས་སོགས་ཀྱི་ཆ་འཕྲིན་མངོན་གསལ་ཆེ་སར་ཡོངས་བསྒྲགས་བྱེད་དགོས།

    དོན་ཚན་བཅོ་ལྔ་པ། ཁྲིམས་འཛིན་དཔྱད་སྡོམ་ཚན་པས་ངེས་པར་དུ་གཤམ་གསལ་གྱི་གཏན་འབེབས་ཁག་ལ་བརྩི་སྲུང་ཞུ་དགོས་པ་སྟེ།

    (གཅིག)ཁྲིམས་འཛིན་དཔྱད་སྡོམ་མངགས་བཅོལ་བྱས་རིགས་ཁྲིམས་བཞིན་དང་ལེན་ཞུས་ནས་ཁྲིམས་འཛིན་དཔྱད་སྡོམ་པ་མངགས་གཏོང་བྱེད་རྒྱུ་མ་ཟད། ཁྲིམས་འཛིན་དཔྱད་སྡོམ་བྱེད་རྒྱུ་སྒྲིག་འཛུགས་བྱས་ཏེ། གཏན་འབེབས་སམ་ཡང་ན་ཁ་ཆད་བྱས་པའི་དུས་ཚད་ལྟར་ཁྲིམས་འཛིན་དཔྱད་སྡོམ་ཚར་བ་བྱེད་རྒྱུ་དང་།

    (གཉིས)ལས་གཉེར་དང་། རིན་བསྡུ། ཡོངས་བསྒྲགས། དཔྱད་སྡོམ་དཔྱད་ཡིག ལས་སྒོའི་ཡིག་ཚགས། ནོར་དོན། ཞུ་སྦྱོར་ཐག་གཅོད་སོགས་ཀྱི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    (གསུམ)ཁྲིམས་འཛིན་དཔྱད་སྡོམ་པའི་ལས་གཉེར་བྱེད་སྒོར་ལྟ་སྐུལ་བྱེད་རྒྱུ།

    (བཞི)ཁྲིམས་འཛིན་དཔྱད་སྡོམ་པའི་ལས་གཉེར་བྱེད་སྒོར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་རྒྱུ་དང་དངོས་པོའི་ཐོག་ནས་འགན་སྲུང་བྱེད་རྒྱུ། (ལྔ)ཁྲིམས་འཛིན་དཔྱད་སྡོམ་པ་སློབ་གསོའི་སྦྱོང་བརྡར་ནང་ཞུགས་རྒྱུ་སྒྲིག་འཛུགས་བྱེད་རྒྱུ། (དྲུག)ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་དང་ཁྲིམས་འཛིན་དཔྱད་སྡོམ་མཐུན་ཚོགས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་ལེན་ཞུས་ནས་བླང་བྱ་ལྟར་འབྲེལ་ཡོད་དཔྱད་ཡིག་མཁོ་འདོན་བྱེད་རྒྱུ།

    (བདུན)ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་དང་། ཁྲིམས་འཛིན་དཔྱད་སྡོམ་མཐུན་ཚོགས། དེ་བཞིན་འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་ཚན་པ་དེ་ག་དང་འབྲེལ་བ་ཡོད་པའི་ཐེར་འདོན་དང་ཞུ་སྦྱོར་ལ་བརྟག་དཔྱད་དང་ཐག་གཅོད་བྱེད་པར་རོགས་རམ་དང་གཞོགས་འདེགས་བྱེད་རྒྱུ།

    (བརྒྱད)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གི་གཏན་འབེབས་གཞན་དག་བཅས་སོ།

    དོན་ཚན་བཅུ་དྲུག་པ། ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་ཁྲིམས་འཛིན་དཔྱད་སྡོམ་པས་ངེས་པར་དུ་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་དུ་ཐོ་འགོད་བྱས་པའི་ལས་སྒོའི་ཁྱབ་ཁོངས་གཞིར་བཟུང་ཁྲིམས་འཛིན་དཔྱད་སྡོམ་གྱི་ལས་སྒོ་གཉེར་དགོས། ཁྲིམས་འཛིན་དཔྱད་སྡོམ་པས་ངེས་པར་དུ་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་གཅིག་གི་ནང་ལས་གཉེར་བྱེད་དགོས།

    དོན་ཚན་བཅུ་བདུན་པ། ཁྲིམས་འཛིན་དཔྱད་སྡོམ་པས་ལས་གཉེར་བྱེད་སྐབས་གཤམ་གསལ་གྱི་ཁེ་དབང་ལོངས་སུ་སྤྱོད་ཆོག་པ་སྟེ།

    (གཅིག)ཁྲིམས་འཛིན་དཔྱད་སྡོམ་གྱི་དོན་གནད་དང་འབྲེལ་བ་ཡོད་པའི་གནས་ཚུལ་དང་དཔྱད་ཡིག་ཤེས་རྟོགས་དང་ལྟ་ཀློག་བྱེད་པ་དང་། དཔྱད་སྡོམ་གྱི་དོན་གནད་དང་འབྲེལ་བ་ཡོད་པའི་དོ་བདག་དང་དཔང་མི་སོགས་ལ་འདྲི་རྩད་བྱེད་པ་དང་། (གཉིས)མངགས་བཅོལ་བྱེད་མཁན་ལ་ཁྲིམས་འཛིན་དཔྱད་སྡོམ་ཐད་མཁོ་བའི་དཔྱད་སྡོམ་གྱི་དཔྱད་ཡིག་རིན་མེད་ངང་མཁོ་འདོན་དང་ཁ་གསབ་བྱེད་དགོས་པའི་རེ་བ་འདོན་པ།

    (གསུམ)ཁྲིམས་དང་མ་མཐུན་པ་དང་། དཔྱད་སྡོམ་གྱི་ཆ་རྐྱེན་མ་འཛོམས་པའམ་ཡང་ན་ཐོ་འགོད་ཀྱི་ལས་སྒོའི་ཁྱབ་ཁོངས་ལས་བརྒལ་བའི་དཔྱད་སྡོམ་མངགས་བཅོལ་བྱེད་རིགས་དང་ལེན་མི་བྱེད་པ། (བཞི)དཔྱད་སྡོམ་བྱེད་པར་དགོས་ངེས་ཀྱི་ཞིབ་དཔྱད་དང་ཞིབ་བཤེར་བྱེད་པ་དང་། མངགས་བཅོལ་པས་ཁྲིམས་བཞིན་སྒྲིག་འཛུགས་བྱས་པའི་རྩད་ཞིབ་དང་འདྲ་བཟོའི་ཚོད་ལྟའི་ནང་ཞུགས་པ། (ལྔ)ཁྲིམས་འཛིན་དཔྱད་སྡོམ་དང་འབྲེལ་བ་མེད་པའི་གནད་དོན་རིགས་ཐག་གཅོད་མི་བྱེད་པ་དང་དེར་ལན་འདེབས་མི་བྱེད་པ།

    (དྲུག)ཁྲིམས་འཛིན་དཔྱད་སྡོམ་གྱི་བསམ་འཆར་གཅིག་མཐུན་མིན་པའི་སྐབས་མི་མཐུན་པའི་བསམ་འཆར་སོར་འཇོག་བྱེད་པ།

    (བདུན)ལས་ཞུགས་གོང་གི་སྦྱོང་བརྡར་དང་རྒྱུན་མཐུད་སློབ་གསོ་དང་ལེན་བྱེད་པ།

    (བརྒྱད)ཁྲིམས་མཐུན་གྱི་ཐོབ་ཆ་རག་པ།

    (དགུ)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་ཁེ་དབང་གཞན་དག་བཅས་སོ།

    དོན་ཚན་བཅོ་བརྒྱད་པ། ཁྲིམས་འཛིན་དཔྱད་སྡོམ་པས་ལས་གཉེར་བྱེད་སྐབས་ངེས་པར་དུ་གཤམ་གསལ་གྱི་འོས་འགན་ཁག་སྒྲུབ་དགོས་པ་སྟེ། (གཅིག)ལས་ཁུར་བྱེད་སའི་ཁྲིམས་འཛིན་དཔྱད་སྡོམ་ཚན་པས་མངགས་གཏོང་བྱས་པ་ལྟར་ཁྲིམས་འཛིན་དཔྱད་སྡོམ་གྱི་དོན་གནད་དུས་ཐོག་ཏུ་ཚར་བ་བྱས་ཏེ། ཁྲིམས་འཛིན་དཔྱད་སྡོམ་གྱི་བསམ་འཆར་བཏོན་རྗེས་མིང་རྟགས་འགོད་དགོས་པ་མ་ཟད་ཐེལ་ཙེ་རྒྱག་དགོས་པ་དང་།

    (གཉིས)ཁྲིམས་བཞིན་ཟུར་གཡོལ་བྱེད་དགོས་པ།

    (གསུམ)དཔྱད་སྡོམ་བྱེད་རྒྱུར་ཕུལ་བའི་དཔྱད་སྡོམ་གྱི་དཔྱད་ཡིག་ཉར་ཚགས་ཏན་ཏིག་བྱེད་དགོས་པ། (བཞི)ལས་གཉེར་བྱེད་སྒོའི་ནང་ཤེས་རྟོགས་བྱུང་བའི་རྒྱལ་ཁབ་ཀྱི་གསང་བ་དང་། ཚོང་ལས་ཀྱི་གསང་བ། དེ་བཞིན་མི་སྒེར་གྱི་གསང་དོན་བཅས་དམ་སྲུང་བྱེད་དགོས་པ།

    (ལྔ)ཁྲིམས་བཞིན་དཔྱད་སྡོམ་གཟུ་ཉན་དང་ཁྲིམས་སར་དཔང་འདོན་བྱེད་པའི་ནང་ཞུགས་ནས་ཁྲིམས་འཛིན་དཔྱད་སྡོམ་གྱི་འབྲེལ་ཡོད་འདྲི་རྩད་བྱེད་པར་ལན་འདེབས་བྱེད་དགོས་པ།

    (དྲུག)ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་དང་ལས་ཁུར་བྱེད་སའི་ཚན་པའི་ལྟ་སྐུལ་དོ་དམ་དང་ལེན་ཞུ་དགོས་པ།

    (བདུན)ལས་ཞུགས་གོང་གི་སྦྱོང་བརྡར་དང་རྒྱུན་མཐུད་སློབ་གསོའི་ནང་ཞུགས་དགོས་པ། (བརྒྱད)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་འོས་འགན་གཞན་དག་བཅས་སོ།

    དོན་ཚན་བཅུ་དགུ་པ། ཁྲིམས་འཛིན་དཔྱད་སྡོམ་ཚན་པར་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་བཞིན་ཐོ་ཁུངས་ནས་མེད་པར་བཟོ་བའི་འགྲོ་ལུགས་གཉེར་དགོས་པ་མ་ཟད་སྤྱི་བསྒྲགས་སྤེལ་དགོས་པ་སྟེ།(གཅིག)ཁྲིམས་བཞིན་ཁྲིམས་འཛིན་དཔྱད་སྡོམ་བྱེད་སྒོ་སྤེལ་མཚམས་འཇོག་རེ་ཞུས་པའི་རིགས་དང་། (གཉིས)རང་མོས་ཀྱིས་ལས་མཚམས་བཞག་པའམ་ཡང་ན་མི་དགོས་པ་བཟོས་པའི་རིགས། (གསུམ)ཐོ་འགོད་དོན་གནད་ལ་འགྱུར་བ་བྱུང་ནས་གསར་འཛུགས་ཀྱི་ཆ་རྐྱེན་དང་མ་མཐུན་པའི་རིགས།

    (བཞི)《ཁྲིམས་འཛིན་དཔྱད་སྡོམ་གྱི་འཁྲོལ་འཛིན》གྱི་གོ་ཆོད་དུས་ཡུན་ཐིམ་ཡང་དུས་འགྱངས་བྱེད་རེ་མ་ཞུས་པའི་རིགས།

    (ལྔ)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག་བཅས་སོ།

    དོན་ཚན་ཉི་ཤུ་པ། ཁྲིམས་འཛིན་དཔྱད་སྡོམ་པར་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་བཞིན་ཐོ་ཁུངས་ནས་མེད་པར་བཟོ་བའི་འགྲོ་ལུགས་གཉེར་དགོས་པ་མ་ཟད་སྤྱི་བསྒྲགས་ཀྱང་སྤེལ་དགོས་པ་སྟེ། (གཅིག)ཁྲིམས་བཞིན་ཁྲིམས་འཛིན་གྱི་དཔྱད་སྡོམ་བྱེད་སྒོ་སྤེལ་མཚམས་འཇོག་རེ་ཞུས་པའི་རིགས་དང་།

    (གཉིས)འདས་གྲོངས་སུ་སོང་བའམ་ཡང་ན་རང་སྐྱ་འཕེར་མ་ཐུབ་པའི་རིགས།

    (གསུམ)ལས་ཁུར་བྱེད་སའི་ཁྲིམས་འཛིན་དཔྱད་སྡོམ་ཚན་པས་ཐོ་ཁུངས་སུབ་པའམ་ཡང་ན་མེད་པར་བཟོས་པའི་རིགས།

    (བཞི)《ཁྲིམས་འཛིན་དཔྱད་སྡོམ་པའི་ལས་གཉེར་ལག་ཁྱེར》གྱི་གོ་ཆོད་དུས་ཡུན་ཐིམ་ཡང་དུས་འགྱངས་བྱེད་རེ་མ་ཞུས་པའི་རིགས།

    (ལྔ)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག་བཅས་སོ།

    ལེའུ་གསུམ་པ། ཁྲིམས་འཛིན་དཔྱད་སྡོམ་གྱི་ལས་རིམ།

    དོན་ཚན་ཉེར་གཅིག་པ། གཏུག་བཤེར་ལས་རིམ་སྒྲུབ་བཞིན་པའི་གྱོད་གཞི་ཡིན་ཚེ། དོ་བདག་ཕྱོགས་གཉིས་ཀས་སྲོལ་ཡིག་འདིའི་དོན་ཚན་གསུམ་པའི་གཏན་འབེབས་ཀྱི་ཁྲིམས་འཛིན་དཔྱད་སྡོམ་ལས་སྒོའི་ཁྱབ་ཁོངས་ནང་གི་དོན་གནད་ལ་ཁྲིམས་འཛིན་དཔྱད་སྡོམ་བྱེད་རྒྱུའི་རེ་བ་ཞུས་ཚེ། ངེས་པར་དུ་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་སྤྱི་བསྒྲགས་སྤེལ་བའི་ཁྲིམས་འཛིན་དཔྱད་སྡོམ་ཚན་པའི་མིང་དེབ་ནང་ནས་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་བདམས་ཏེ་དཔྱད་སྡོམ་བྱེད་རྒྱུ་གྲོས་མོལ་བྱེད་དགོས། གྲོས་ཁ་མ་འཆམ་པའམ་ཡང་ན་དོ་བདག་གིས་རེ་ཞུ་བྱས་མེད་ཀྱང་གྱོད་ཞིབ་ལས་ཁུངས་ཀྱིས་དཔྱད་སྡོམ་བྱེད་དགོས་པའི་དགོས་པ་འདུག་སྙམ་ཚེ། གྱོད་ཞིབ་ལས་ཁུངས་ཀྱིས་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་ནས་སྤྱི་བསྒྲགས་སྤེལ་བའི་ཁྲིམས་འཛིན་དཔྱད་སྡོམ་ཚན་པའི་མིང་དེབ་ནང་གི་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་སྐབས་བསྟུན་མངགས་བཅོལ་བྱས་ནས་དཔྱད་སྡོམ་བྱེད་དགོས། ཁྲིམས་འཛིན་དཔྱད་སྡོམ་ཚན་པས་ངེས་པར་དུ་ཁྲིམས་འཛིན་དཔྱད་སྡོམ་མངགས་བཅོལ་བྱས་རིགས་གཅིག་གྱུར་བདག་སྤྲོད་བྱེད་དགོས་ཤིང་། ཁྲིམས་འཛིན་དཔྱད་སྡོམ་པས་རང་དགར་མངགས་བཅོལ་བྱེད་རིགས་དང་ལེན་བྱེད་མི་ཆོག

    མངགས་བཅོལ་བྱེད་མཁན་གྱིས་ཁྲིམས་འཛིན་དཔྱད་སྡོམ་ཚན་པར་དཔྱད་སྡོམ་བྱེད་རྒྱུ་མངགས་བཅོལ་བྱེད་སྐབས། ངེས་པར་དུ་ཁྲིམས་འཛིན་དཔྱད་སྡོམ་ཚན་པར་ཁྲིམས་འཛིན་དཔྱད་སྡོམ་གྱི་མངགས་བཅོལ་ཡི་གེ་འདོན་དགོས་པ་དང་། དཔྱད་སྡོམ་གྱི་དཔྱད་ཡིག་དངོས་བདེན་དང་། ཆ་ཚང་བ། གང་ལེགས་བཅས་མཁོ་འདོན་བྱེད་དགོས་པ་མ་ཟད། དཔྱད་སྡོམ་གྱི་དཔྱད་ཡིག་བདེན་པ་ཡིན་མིན་དང་ཁྲིམས་མཐུན་ཡིན་མིན་ལ་འགན་འཁུར་དགོས།

    ཁྲིམས་འཛིན་དཔྱད་སྡོམ་ཚན་པས་ངེས་པར་དུ་དཔྱད་སྡོམ་དཔྱད་ཡིག་གི་མིང་དང་། རིགས་གྲས། གྲངས་འབོར། ངོ་བོ་དང་གཟུགས་དབྱིབས། ཉར་ཚགས་བྱས་ཚུལ། འབྱོར་དུས་སོགས་ལ་ཞིབ་བསྡུར་དང་ཐོ་འགོད་བྱེད་དགོས་པ་མ་ཟད། མངགས་བཅོལ་བྱེད་མཁན་ལ་བྱུང་འཛིན་འདོན་དགོས།

    དོན་ཚན་ཉེར་གཉིས་པ། ཁྲིམས་འཛིན་དཔྱད་སྡོམ་ཚན་པས་ངེས་པར་དུ་མངགས་བཅོལ་བྱས་ཉིན་ནས་བཟུང་གི་ལས་ཀའི་ཉིན་གྲངས་བདུན་གྱི་ནང་ཚུན་དུ་བདག་སྤྲོད་བྱེད་མིན་གཏན་འཁེལ་བྱེད་དགོས། དཔྱད་སྡོམ་མངགས་བཅོལ་བྱེད་རིགས་ལ་བདག་སྤྲོད་མ་བྱས་ཚེ། ངེས་པར་དུ་མངགས་བཅོལ་བྱེད་མཁན་ལ་ཡིག་ཐོག་ནས་རྒྱུ་མཚན་གསལ་བཤད་བྱས་ཏེ་དཔྱད་སྡོམ་གྱི་དཔྱད་ཡིག་ཕྱིར་སློག་བྱེད་དགོས། རྙོག་འཛིང་ཆེ་བ་དང་། དཀའ་གནད་ཆེ་བའམ་ཡང་ན་དམིགས་བསལ་ཡིན་པའི་དཔྱད་སྡོམ་གྱི་དོན་གནད་རིགས་མངགས་བཅོལ་བྱས་པར། ཁྲིམས་འཛིན་དཔྱད་སྡོམ་ཚན་པས་མངགས་བཅོལ་བྱེད་མཁན་དང་གྲོས་མོལ་བྱས་ཏེ་བདག་སྤྲོད་བྱེད་པའི་དུས་ཚོད་གཏན་འཁེལ་བྱས་ན་འགྲིག

    དོན་ཚན་ཉེར་གསུམ་པ། ཁྲིམས་འཛིན་དཔྱད་སྡོམ་ཚན་པས་མངགས་བཅོལ་བྱས་པའི་དོན་གནད་གཏན་མ་འཁེལ་བ་དང་། དཔྱད་ཡིག་ཆ་མི་ཚང་བ། གང་ལེགས་མ་བྱུང་བའམ་ཡང་ན་ཆད་སྐྱོན་ཡོད་པའི་རྐྱེན་གྱིས་དཔྱད་སྡོམ་གྱི་དགོས་མཁོ་སྐོང་མི་ཐུབ་སྙམ་ཚེ། མངགས་བཅོལ་བྱེད་མཁན་གྱིས་ཁས་ལེན་དང་ཁ་གསབ་བྱེད་དགོས་པ་ཡིག་ཐོག་གི་བརྡ་ཐོ་གཏོང་ཆོག ཁས་ལེན་དང་ཁ་གསབ་བྱས་རྗེས་དཔྱད་སྡོམ་གྱི་དགོས་མཁོ་སྐོང་ཐུབ་ཚེ། ངེས་པར་དུ་བདག་སྤྲོད་བྱེད་དགོས།

    དོན་ཚན་ཉེར་བཞི་པ། གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་པའི་དཔྱད་སྡོམ་མངགས་བཅོལ་རིགས་ལ། ཁྲིམས་འཛིན་དཔྱད་སྡོམ་ཚན་པས་བདག་སྤྲོད་བྱེད་མི་ཆོག་པ་སྟེ།

    (གཅིག)མངགས་བཅོལ་བྱས་པའི་དཔྱད་སྡོམ་དོན་གནད་དེ་ཚན་པ་དེ་གའི་ཁྲིམས་འཛིན་དཔྱད་སྡོམ་ལས་སྒོའི་ཁྱབ་ཁོངས་ལས་བརྒལ་བའི་རིགས་དང་། (གཉིས)དཔྱད་སྡོམ་གྱི་དཔྱད་ཡིག་བདེན་པ་མིན་པ་དང་། དཔྱད་སྡོམ་གྱི་དགོས་མཁོ་སྐོང་མ་ཐུབ་པའམ་ཡང་ན་རག་ཐབས་བྱས་པ་ཁྲིམས་དང་མ་མཐུན་པའི་རིགས།

    (གསུམ)དཔྱད་སྡོམ་གྱི་སྤྱོད་གོ་ཁྲིམས་དང་མ་མཐུན་པའམ་ཡང་ན་སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་དང་རྒྱབ་འགལ་སོང་བའི་རིགས།

    (བཞི)དཔྱད་སྡོམ་བྱེད་རྒྱུའི་བླང་བྱ་དེ་ཁྲིམས་འཛིན་དཔྱད་སྡོམ་གྱི་ལས་གཉེར་སྒྲིག་སྲོལ་ལམ་ཡང་ན་འབྲེལ་ཡོད་དཔྱད་སྡོམ་གྱི་ལག་རྩལ་ཚད་གཞི་དང་མ་མཐུན་པའི་རིགས།

    (ལྔ)དཔྱད་སྡོམ་གྱི་བླང་བྱ་དེ་ཚན་པ་དེ་གའི་ལག་རྩལ་གྱི་ཆ་རྐྱེན་ནམ་ཡང་ན་དཔྱད་སྡོམ་བྱེད་ནུས་ལས་བརྒལ་བའི་རིགས།

    (དྲུག)མངགས་བཅོལ་བྱེད་མཁན་གྱིས་དཔྱད་སྡོམ་བྱེད་རྒྱུའི་དོན་གནད་གཅིག་པ་ཞིག་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་གཞན་དག་ལ་དུས་གཅིག་ཏུ་དཔྱད་སྡོམ་བྱེད་རྒྱུར་མངགས་བཅོལ་བྱས་པའི་རིགས།

    (བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་མ་མཐུན་པའི་གནས་ཚུལ་གཞན་དག་བཅས་སོ།

    དོན་ཚན་ཉེར་ལྔ་པ། ཁྲིམས་འཛིན་དཔྱད་སྡོམ་ཚན་པས་དཔྱད་སྡོམ་མངགས་བཅོལ་བྱེད་རིགས་བདག་སྤྲོད་བྱེད་རྒྱུ་གཏན་འཁེལ་བྱས་ཚེ། ངེས་པར་དུ་མངགས་བཅོལ་བྱེད་མཁན་དང་ཁྲིམས་འཛིན་གྱི་དཔྱད་སྡོམ་མངགས་བཅོལ་ཡི་གེ་འཇོག་དགོས། ཁྲིམས་འཛིན་གྱི་དཔྱད་སྡོམ་མངགས་བཅོལ་ཡི་གེའི་ནང་ངེས་པར་དུ་གཤམ་གསལ་ནང་དོན་ཁག་གསལ་པོ་འགོད་དགོས་པ་སྟེ།

    (གཅིག)མངགས་བཅོལ་བྱེད་མཁན་དང་ཁྲིམས་འཛིན་དཔྱད་སྡོམ་ཚན་པའི་གཞི་རྩའི་གནས་ཚུལ་དང་། (གཉིས)མངགས་བཅོལ་བྱས་པའི་དཔྱད་སྡོམ་གྱི་དོན་གནད།

    (གསུམ)བསྐྱར་དུ་དཔྱད་སྡོམ་བྱེད་པའི་ཁོངས་སུ་གཏོགས་མིན།

    (བཞི)དཔྱད་སྡོམ་གྱི་སྤྱོད་གོ

    (ལྔ)དཔྱད་སྡོམ་དང་འབྲེལ་བ་ཡོད་པའི་གཞི་རྩའི་གྱོ ད་གཞིའི་གནས་ཚུལ།

    (དྲུག)དཔྱད་སྡོམ་དཔྱད་ཡིག་མཁོ་འདོན་དང་ཕྱིར་སློག

    (བདུན)དཔྱད་སྡོམ་གྱི་ཉེན་ཁ།

    (བརྒྱད)ཕྱོགས་གཉིས་ཀས་གྲོས་ཐག་བཅད་པའི་དཔྱད་སྡོམ་གྱི་དུས་ཚད།

    (དགུ)དཔྱད་སྡོམ་གྱི་འགྲོ་གྲོན་དང་རིན་པ་བསྡུ་སྟངས།

    (བཅུ)ཕྱོགས་གཉིས་ཀའི་ཁེ་དབང་དང་འོས་འགན།

    (བཅུ་གཅིག)ཁྲིམས་འཛིན་གྱི་དཔྱད་སྡོམ་བསམ་འཆར་ཡི་གེ་སྐྱེལ་སྤྲོད་བྱེད་སྟངས།

    (བཅུ་གཉིས)གསལ་པོ་འགོད་དགོས་པའི་དོན་གནད་གཞན་དག་བཅས་སོ།

    དོན་ཚན་ཉེར་དྲུག་པ། དཔྱད་སྡོམ་མངགས་བཅོལ་བྱས་རིགས་བདག་སྤྲོད་བྱས་རྗེས། ཁྲིམས་འཛིན་དཔྱད་སྡོམ་ཚན་པས་དཔྱད་སྡོམ་བྱེད་རྒྱུའི་དོན་གནད་གཅིག་པ་ཡིན་པའི་རིགས་ལ། ངེས་པར་དུ་ཚན་པ་དེ་གའི་དཔྱད་སྡོམ་དོན་གནད་ཀྱི་ལས་གཉེར་ཐོབ་ཐང་ཡོད་པའི་ཁྲིམས་འཛིན་དཔྱད་སྡོམ་པ་གཉིས་ཡན་དམིགས་འཛུགས་ཀྱིས་དཔྱད་སྡོམ་བྱེད་དུ་འཇུག་དགོས། མངགས་བཅོལ་བྱེད་མཁན་ལ་དམིགས་བསལ་གྱི་རེ་བ་ཡོད་ཚེ། ཕྱོགས་གཉིས་པོའི་གྲོས་མོལ་གཅིག་མཐུན་བྱུང་རྗེས། ཚན་པ་དེ་གའི་ནང་ནས་ཆ་རྐྱེན་འཛོམས་པའི་ཁྲིམས་འཛིན་དཔྱད་སྡོམ་པ་གཉིས་ཡན་བདམས་ཏེ་དཔྱད་སྡོམ་བྱེད་དུ་བཅུག་ན་འགྲིག རྙོག་འཛིང་ཆེ་བ་དང་དཀའ་གནད་ཆེ་བའམ་ཡང་ན་དམིགས་བསལ་ཡིན་པའི་དཔྱད་སྡོམ་དོན་གནད་རིགས་ལ། ཁྲིམས་འཛིན་དཔྱད་སྡོམ་པ་ཁ་ཤས་དམིགས་འཛུགས་བྱེད་པའམ་ཡང་ན་བདམས་ཏེ་དཔྱད་སྡོམ་བྱེད་དུ་བཅུག་ན་འགྲིག

    དོན་ཚན་ཉེར་བདུན་པ། ཁྲིམས་འཛིན་དཔྱད་སྡོམ་པར་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། ངེས་པར་དུ་ཟུར་གཡོལ་བྱེད་དགོས་པ་སྟེ།

    (གཅིག)གྱོད་གཞི་འདིའི་དོ་བདག་གམ་ཡང་ན་དེའི་གཉེན་ཉེའི་རིགས་དང་།

    (གཉིས)རང་སོ་སོའམ་ཡང་ན་རང་གི་གཉེན་ཉེ་གྱོ ད་གཞི་དེ་དང་ཁེ་གྱོང་གི་འབྲེལ་བ་ཡོད་པའི་རིགས། (གསུམ)དཔྱད་སྡོམ་གྱི་དོན་གནད་གཅིག་པ་ཡིན་པར་དཔྱད་སྡོམ་བྱེད་མྱོང་ཡོད་པའམ་ཡང་ན་ཆེད་ལས་མཁས་ཅན་ཞིག་གི་ངོས་ནས་འདྲི་རྩད་བསམ་འཆར་འདོན་མྱོང་ཡོད་པ། ཡང་ན་ཆེད་ལས་ཤེས་ལྡན་པའི་མི་ཞིག་གི་ངོས་ནས། དཔྱད་སྡོམ་གྱི་དོན་གནད་གཅིག་པ་ཞིག་ལ་ཁྲིམས་སར་ངོ་ཐུག་ར་སྤྲོད་བྱེད་རྒྱུར་གདན་ཞུ་བྱེད་མྱོང་ཡོད་པའི་རིགས།

    (བཞི)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་ངེས་པར་དུ་ཟུར་གཡོལ་བྱེད་དགོས་པའི་གནས་ཚུལ་གཞན་དག་བཅས་སོ།

    ཁྲིམས་འཛིན་དཔྱད་སྡོམ་པས་རང་སོ་སོས་ཟུར་གཡོལ་བྱེད་རྒྱུ་བཏོན་ཚེ། དེའི་ཁོངས་གཏོགས་ཀྱི་ཁྲིམས་འཛིན་དཔྱད་སྡོམ་ཚན་པས་གཏན་འཁེལ་བྱེད་དགོས། མངགས་བཅོལ་བྱེད་མཁན་གྱིས་ཁྲིམས་འཛིན་དཔྱད་སྡོམ་པར་ཟུར་གཡོལ་བྱེད་དགོས་པའི་རེ་བ་བཏོན་ཚེ། ངེས་པར་དུ་ཁྲིམས་འཛིན་དཔྱད་སྡོམ་པ་དེའི་ཁོངས་གཏོགས་ཀྱི་ཁྲིམས་འཛིན་དཔྱད་སྡོམ་ཚན་པར་རེ་ཞུ་བྱེད་པ་དང་སྦྲགས་རྒྱུ་མཚན་གསལ་བཤད་བྱས་ནས་ཁྲིམས་འཛིན་དཔྱད་སྡོམ་ཚན་པས་གཏན་འཁེལ་བྱེད་དགོས།

    མངགས་བཅོལ་བྱེད་མཁན་གྱིས་ཁྲིམས་འཛིན་དཔྱད་སྡོམ་ཚན་པས་བཏོན་པའི་ཁྲིམས་འཛིན་དཔྱད་སྡོམ་པ་ཟུར་གཡོལ་བྱེད་དགོས་མིན་ཐད་ཀྱི་གཏན་འབེབས་ལ་བསམ་འཆར་མི་འདྲ་བ་ཡོད་ཚེ། དཔྱད་སྡོམ་མངགས་བཅོལ་བྱས་པ་མེད་པར་བཟོས་ན་འགྲིག

    དོན་ཚན་ཉེར་བརྒྱད་པ། ཁྲིམས་འཛིན་དཔྱད་སྡོམ་པས་ངེས་པར་དུ་དཔྱད་སྡོམ་བྱེད་རིམ་ལ་དུས་ཐོག་ཏུ་ཟིན་ཐོ་འགོད་རྒྱུ་དང་སྦྲགས་མིང་རྟགས་འགོད་དགོས། ཟིན་ཐོ་འགོད་སྐབས་ཟིན་བྲིས་དང་། སྒྲ་འཇུག བརྙན་ཕབ། པར་ལེན་སོགས་ཀྱི་བྱ་ཐབས་སྤྱད་ཆོག ཟིན་ཐོ་འགོད་སྐབས་ངེས་པར་དུ་དཔྱད་སྡོམ་གྱི་གཙོ་བོའི་བྱེད་ཐབས་དང་བརྒྱུད་རིམ། ཞིབ་བཤེར་དང་། ཞིབ་དཔྱད། ཞིབ་དཔྱད་ཚད་ལེན་བཅས་བྱས་འབྲས། དེ་བཞིན་དཔྱད་ཆས་དང་སྒྲིག་ཆས་བེད་སྤྱོད་བྱས་ཚུལ་སོགས་གསལ་པོ་འགོད་དགོས། ཟིན་ཐོའི་ནང་དོན་ངེས་པར་དུ་བདེན་པ་དང་། དངོས་ཡོད། ཡང་དག་པ། ཆ་ཚང་བ། ཁ་གསལ་བ་བཅས་དགོས་པ་དང་། ཟིན་ཐོའི་མ་ཡིག་གི་དཔྱད་ཡིག་དང་སྒྲ་ཕབ་བརྙན་འཇུག་གི་དཔྱད་ཡིག་སོགས་ངེས་པར་དུ་དཔྱད་སྡོམ་ཡིག་ཚགས་ནང་འཇུག་དགོས།

    དོན་ཚན་ཉེར་དགུ་པ། ཁྲིམས་འཛིན་དཔྱད་སྡོམ་ཚན་པས་ངེས་པར་དུ་ཁྲིམས་འཛིན་དཔྱད་སྡོམ་མངགས་བཅོལ་ཡི་གེའི་གོ་ཆོད་ནུས་པ་ཐོན་ཉིན་ནས་བཟུང་ལས་ཀའི་ཉིན་གྲངས་སུམ་ཅུའི་ནང་ཚུན་དུ་དཔྱད་སྡོམ་ཚར་བ་བྱེད་དགོས།

    དཔྱད་སྡོམ་བྱེད་རྒྱུའི་དོན་གནད་དེ་རྙོག་འཛིང་ཆེ་བ་དང་། དཀའ་གནད་ཆེ་བ། དམིགས་བསལ་ཡིན་པ་བཅས་ཀྱི་ལག་རྩལ་གྱི་གནད་དོན་དང་འབྲེལ་བ་ཡོད་པའམ་ཡང་ན་དཔྱད་སྡོམ་བྱེད་རིམ་གྱི་དུས་ཡུན་རིང་ཙམ་དགོས་ཚེ། ཚན་པ་དེ་གའི་འགན་འཁུར་བའི་ཆོག་མཆན་ཐོབ་རྗེས། དཔྱད་སྡོམ་བྱེད་ཡུན་དུས་འགྱངས་བྱས་ཆོག དུས་འགྱངས་བྱེད་རྒྱུ་དེ་ལས་ཀའི་ཉིན་གྲངས་སུམ་ཅུ་ནས་བརྒལ་མི་ཆོག དཔྱད་སྡོམ་བྱེད་ཡུན་དུས་འགྱངས་བྱས་ཚེ། ངེས་པར་དུ་མངགས་བཅོལ་བྱེད་མཁན་ལ་ལམ་སེང་ཤོད་དགོས།

    ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་མངགས་བཅོལ་བྱེད་མཁན་གྱིས་དཔྱད་སྡོམ་བྱེད་རྒྱུའི་དུས་ཡུན་ཐད་ལོགས་སུ་ཁ་ཆད་བྱས་ཡོད་ཚེ། ཁ་ཆད་བྱས་པ་བཞིན་ལག་བསྟར་བྱེད་དགོས།

    ཁྲིམས་འཛིན་དཔྱད་སྡོམ་བྱེད་རིམ་ཁྲོད་དཔྱད་སྡོམ་བྱེད་རྒྱུའི་དཔྱད་ཡིག་ཁ་གསབ་དང་བསྐྱར་དུ་ལེན་རྒྱུར་སྤྱད་པའི་དུས་ཚོད་དེ་ཁྲིམས་འཛིན་དཔྱད་སྡོམ་བྱེད་པའི་དུས་ཡུན་ནང་བརྩི་རྒྱུ་མེད།

    དོན་ཚན་སུམ་ཅུ་པ། ཁྲིམས་འཛིན་དཔྱད་སྡོམ་ཚན་པས་དཔྱད་སྡོམ་བྱེད་རིམ་ཁྲོད། གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། དཔྱད་སྡོམ་བྱེད་མཚམས་འཇོག་ཆོག་པ་སྟེ།

    (གཅིག)སྲོལ་ཡིག་འདིའི་དོན་ཚན་ཉེར་བཞི་པའི་ནང་གསེས་གཉིས་པ་ནས་བདུན་པའི་གཏན་འབེབས་ནང་གི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་བའི་རིགས་དང་།

    (གཉིས)དཔྱད་སྡོམ་གྱི་དཔྱད་ཡིག་ཟད་སྐྱོན་བྱུང་ནས། མངགས་བཅོལ་བྱེད་མཁན་གྱིས་ཁ་གསབ་བྱེད་མ་ཐུབ་པའི་རིགས།

    (གསུམ)མངགས་བཅོལ་བྱེད་མཁན་གྱིས་ཁྲིམས་འཛིན་དཔྱད་སྡོམ་གྱི་མངགས་བཅོལ་ཡི་གེའི་ཐོག་གཏན་འབེབས་བྱས་པའི་འོས་འགན་མ་འཁུར་བ་དང་། དཔྱད་སྡོམ་བྱ་ཡུལ་གྱིས་གཞོགས་འདེགས་མ་བྱས་པའམ་ཡང་ན་དཔྱད་སྡོམ་བྱེད་སྒོར་འགོག་རྐྱེན་ཚབས་ཆེ་བཟོས་ནས་མུ་མཐུད་དཔྱད་སྡོམ་བྱེད་ཐབས་བྲལ་བའི་རིགས།

    (བཞི)མངགས་བཅོལ་བྱེད་མཁན་གྱིས་དཔྱད་སྡོམ་མངགས་བཅོལ་བྱེད་རྒྱུ་མེད་པར་བཟོས་པའམ་ཡང་ན་དཔྱད་སྡོམ་གྱི་འགྲོ་གྲོན་གཏོང་སྤྲོད་མ་བྱས་པའི་རིགས།

    (ལྔ)འགོག་ཐབས་བྲལ་བའི་རྐྱེན་གྱིས་མུ་མཐུད་དཔྱད་སྡོམ་བྱེད་ཐབས་མེད་པའི་རིགས།

    (དྲུག)དཔྱད་སྡོམ་བྱེད་མཚམས་འཇོག་དགོས་པའི་གནས་ཚུལ་གཞན་དག་བཅས་སོ།

    དཔྱད་སྡོམ་བྱེད་མཚམས་བཞག་པའི་རིགས། ཁྲིམས་འཛིན་དཔྱད་སྡོམ་ཚན་པས་ངེས་པར་དུ་ཡིག་ཐོག་ནས་མངགས་བཅོལ་བྱེད་མཁན་ལ་བརྡ་ཐོ་གཏོང་བ་དང་རྒྱུ་མཚན་གསལ་བཤད་བྱེད་དགོས་ཤིང་། དངོས་ཡོད་གནས་ཚུལ་ལ་གཞིགས་ནས་དཔྱད་སྡོམ་དཔྱད་ཡིག་ཕྱིར་སློག་བྱེད་དགོས་པ་མ་ཟད། མཚམས་འཇོག་བྱེད་རྐྱེན་དང་འགན་འཁྲིར་གཞིགས་ནས་དཔྱད་སྡོམ་གྱི་འགྲོ་གྲོན་ཕྱིར་སློག་བྱེད་དགོས།

    དོན་ཚན་སོ་གཅིག་པ། གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། ཁྲིམས་འཛིན་དཔྱད་སྡོམ་ཚན་པས་མངགས་བཅོལ་བྱེད་མཁན་གྱི་རེ་བ་གཞིར་བཟུང་། དཔྱད་སྡོམ་ཁ་གསབ་བྱེད་ཆོག་པ་སྟེ།

    (གཅིག)དེ་སྔའི་དཔྱད་སྡོམ་མངགས་བཅོལ་བྱས་པའི་དོན་གནད་ཆད་ལུས་སོང་བའི་རིགས་དང་།

    (གཉིས)མངགས་བཅོལ་བྱེད་མཁན་གྱིས་དེ་སྔའི་དཔྱད་སྡོམ་མངགས་བཅོལ་བྱས་པའི་དོན་གནད་ལ་དཔྱད་སྡོམ་གྱི་དཔྱད་ཡིག་གསར་པ་མཁོ་འདོན་བྱས་པའི་རིགས།

    (གསུམ)དཔྱད་སྡོམ་ཁ་གསབ་བྱེད་དགོས་པའི་གནས་ཚུལ་གཞན་དག་བཅས་སོ།

    དཔྱད་སྡོམ་ཁ་གསབ་བྱེད་རྒྱུ་དེ་ངེས་པར་དུ་དེ་སྔའི་ཁྲིམས་འཛིན་དཔྱད་སྡོམ་པས་བྱེད་དགོས།

    དོན་ཚན་སོ་གཉིས་པ། གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། མངགས་བཅོལ་བྱེད་མཁན་གྱིས་ཁྲིམས་འཛིན་དཔྱད་སྡོམ་ཚན་པར་བསྐྱར་དུ་དཔྱད་སྡོམ་བྱེད་རྒྱུ་མངགས་བཅོལ་བྱེད་ཆོག་པ་སྟེ།

    (གཅིག)དེ་སྔའི་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་ཁྲིམས་འཛིན་དཔྱད་སྡོམ་པར་ཁྲིམས་འཛིན་དཔྱད་སྡོམ་གྱི་འོས་བབ་དང་ཐོབ་ཐང་མེད་པའི་རིགས་དང་།

    (གཉིས)དེ་སྔའི་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་ཁྲིམས་འཛིན་དཔྱད་སྡོམ་པས་ཐོ་འགོད་ཀྱི་ལས་སྒོའི་ཁྱབ་ཁོངས་ལས་བརྒལ་ཏེ་དཔྱད་སྡོམ་བྱས་པའི་རིགས།

    (གསུམ)དེ་སྔའི་ཁྲིམས་འཛིན་དཔྱད་སྡོམ་པས་ངེས་པར་དུ་ཟུར་གཡོལ་བྱེད་དགོས་ཀྱང་ཟུར་གཡོལ་མ་བྱས་པའི་རིགས།

    (བཞི)དེ་སྔའི་ཁྲིམས་འཛིན་དཔྱད་སྡོམ་དེ་གཏན་འབེབས་ཀྱི་ལས་རིམ་དང་ལག་རྩལ་བཀོལ་སྤྱོད་ཀྱི་ཚད་གཞི་ལས་ཚབས་ཆེ་འགལ་བའམ་ཡང་ན་བཀོལ་སྤྱོད་ལག་རྩལ་གྱི་ཚད་གཞི་དང་མངོན་གསལ་དོད་པོས་མ་འཚམ་པའི་རིགས།

    (ལྔ)དོ་བདག་གིས་དེ་སྔའི་དཔྱད་སྡོམ་བསམ་འཆར་ལ་བསམ་ཚུལ་མི་འདྲ་བ་ཡོད་པ་མ་ཟད། ཁྲིམས་མཐུན་གྱི་གཞི་འཛིན་ས་དང་ལུགས་མཐུན་གྱི་རྒྱུ་མཚན་དྲངས་རྒྱུ་ཡོད་པའི་རིགས།

    (དྲུག)གྱོད་ཞིབ་ལས་ཁུངས་ཀྱིས་བསྐྱར་དུ་དཔྱད་སྡོམ་བྱེད་རྒྱུའི་དགོས་པ་འདུག་སྙམ་པའི་རིགས།

    (བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག་བཅས་སོ།

    དོན་ཚན་སོ་གསུམ་པ། བསྐྱར་དུ་དཔྱད་སྡོམ་བྱེད་སྐབས། ངེས་པར་དུ་དེ་སྔའི་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་ཕུད་པའི་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་གཞན་དག་ལ་མངགས་བཅོལ་བྱེད་དགོས། དམིགས་བསལ་གྱི་རྒྱུ་མཚན་ཡོད་ཚེ། མངགས་བཅོལ་བྱེད་མཁན་གྱིས་དེ་སྔའི་ཁྲིམས་འཛིན་དཔྱད་སྡོམ་ཚན་པར་མངགས་བཅོལ་བྱེད་ཆོག་མོད། ཡིན་ཡང་དེ་སྔའི་ཁྲིམས་འཛིན་དཔྱད་སྡོམ་ཚན་པས་ངེས་པར་དུ་དེ་སྔའི་ཁྲིམས་འཛིན་དཔྱད་སྡོམ་པ་ཕུད། དེ་མིན་གྱི་ཆ་རྐྱེན་འཛོམས་པའི་ཁྲིམས་འཛིན་དཔྱད་སྡོམ་པར་དམིགས་འཛུགས་ཀྱིས་དཔྱད་སྡོམ་བྱེད་དུ་འཇུག་དགོས།

    བསྐྱར་དུ་དཔྱད་སྡོམ་མངགས་བཅོལ་དང་ལེན་བྱེད་མཁན་ཁྲིམས་འཛིན་དཔྱད་སྡོམ་ཚན་པའི་འོས་ཐོབ་ཀྱི་ཆ་རྐྱེན་དེ་ངེས་པར་དུ་དེ་སྔའི་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་ལས་མི་དམའ་བ་དགོས་པ་དང་། བསྐྱར་དུ་དཔྱད་སྡོམ་བྱེད་མཁན་གྱི་ཁྲིམས་འཛིན་དཔྱད་སྡོམ་པའི་ཁྲོད་ངེས་པར་དུ་ཉུང་མཐར་ཡང་འབྲེལ་ཡོད་ཆེད་ལས་དང་མཐོ་རིམ་ཆེད་ལས་ཀྱི་ལག་རྩལ་གོ་མིང་ཡོད་པའི་མི་གཅིག་དགོས།

    དོན་ཚན་སོ་བཞི་པ། ཁྲིམས་འཛིན་དཔྱད་སྡོམ་བྱེད་རིམ་ནང་། རྙོག་འཛིང་ཆེ་བ་དང་། དཀའ་གནད་ཆེ་བ། དམིགས་བསལ་ཡིན་པ་བཅས་ཀྱི་ལག་རྩལ་གྱི་གནད་དོན་དང་འབྲེལ་བ་ཡོད་ཚེ། ཁྲིམས་འཛིན་དཔྱད་སྡོམ་ཚན་པས་ཚན་པ་དེ་ག་ཕུད་པའི་འབྲེལ་ཡོད་ཆེད་ལས་ཁྱབ་ཁོངས་ཀྱི་ཆེད་ལས་མཁས་ཅན་ལ་བློ་འདྲི་བྱེད་ཆོག་མོད། ཡིན་ཡང་མཐའ་མའི་དཔྱད་སྡོམ་བསམ་འཆར་དེ་ངེས་པར་དུ་ཚན་པ་དེ་གའི་ཁྲིམས་འཛིན་དཔྱད་སྡོམ་པས་འདོན་དགོས།

    ཆེད་ལས་མཁས་པས་བློ་འདྲིའི་བསམ་འཆར་བཏོན་པར་ངེས་པར་དུ་མིང་རྟགས་འགོད་དགོས་པ་མ་ཟད། དཔྱད་སྡོམ་ཡིག་ཚགས་ནང་འཇུག་དགོས། དོན་ཚན་སོ་ལྔ་པ། གྱོད་གཞི་ཆེ་རིགས་སམ་ཡང་ན་རྙོག་འཛིང་ཆེ་བ་དང་། དཀའ་གནད་ཆེ་བ། དམིཌ་བསལ་ཡིན་པ་བཅས་ཀྱི་ལག་རྩལ་གྱི་གནད་དོན་དང་། ཡང་ན་དཔྱད་སྡོམ་རིགས་གྲས་མང་བའི་ཁྲིམས་འཛིན་དཔྱད་སྡོམ་གྱི་དོན་གནད་དང་འབྲེལ་བ་ཡོད་ཚེ། མངཌ་བཅོལ་བྱེད་མཁན་གྱིས་ཁྲིམས་འཛིན་དཔྱད་སྡོམ་མཐུན་ཚོགས་ནས་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་མང་དག་ཅིག་སྒྲིག་འཛུགས་མཐུན་སྦྱོར་བྱས་ཏེ་དཔྱད་སྡོམ་བྱེད་རྒྱུ་མངགས་བཅོལ་བྱས་ཆོག

    དོན་ཚན་སོ་དྲུག་པ། ཁྲིམས་འཛིན་དཔྱད་སྡོམ་བྱས་ཚར་རྗེས། ཁྲིམས་འཛིན་དཔྱད་སྡོམ་ཚན་པས་ངེས་པར་དུ་ཁྲིམས་འཛིན་དཔྱད་སྡོམ་ཡིག་ཆའི་ཚད་གཞི་དང་བླང་བྱ་གཞིར་བཟུང་། མངགས་བཅོལ་བྱེད་མཁན་ལ་ཁྲིམས་འཛིན་དཔྱད་སྡོམ་གྱི་བསམ་འཆར་ཡི་གེ་འདོན་དགོས་པ་དང་། ཁྲིམས་འཛིན་དཔྱད་སྡོམ་པས་མིང་རྟགས་འགོད་པའམ་ཡང་ན་ཐེལ་ཙེ་རྒྱག་དགོས། ཁྲིམས་འཛིན་དཔྱད་སྡོམ་ནང་མི་མང་པོ་ཞུགས་ནས་དཔྱད་སྡོམ་བསམ་འཆར་ལ་བསམ་ཚུལ་མི་འདྲ་བ་ཡོད་ཚེ། ངེས་པར་དུ་ཁྲིམས་འཛིན་དཔྱད་སྡོམ་གྱི་བསམ་འཆར་ཡི་གེའི་ཐོག་གནས་ཚུལ་གསལ་འགོད་བྱེད་དགོས། ཁྲིམས་འཛིན་དཔྱད་སྡོམ་བསམ་འཆར་ཡི་གེའི་ཐོག་ངེས་པར་དུ་ཁྲིམས་འཛིན་དཔྱད་སྡོམ་ཚན་པའི་གཞུང་ཐམ་རྒྱག་དགོས།

    ཁྲིམས་འཛིན་དཔྱད་སྡོམ་གྱི་བསམ་འཆར་ཡི་གེ་དེར་ངེས་པར་དུ་ངོ་གཅིག་ལ་འདྲ་བཞི་ཡོད་དགོས་ཤིང་། དེའི་ནང་ནས་འདྲ་གསུམ་མངགས་བཅོལ་བྱེད་མཁན་ལ་སྤྲད་དེ་ཉར་ཚགས་བྱེད་དགོས་པ་དང་། འདྲ་གཅིག་ཁྲིམས་འཛིན་དཔྱད་སྡོམ་ཚན་པས་ཡིག་ཚགས་ནང་འཇུག་དགོས།

    ཁྲིམས་འཛིན་དཔྱད་སྡོམ་ཚན་པས་ངེས་པར་དུ་འབྲེལ་ཡོད་གཏན་འབེབས་སམ་ཡང་ན་མངགས་བཅོལ་བྱེད་མཁན་དང་ཁ་ཆད་བྱས་པའི་བྱ་ཐབས་གཞིར་བཟུང་། མངགས་བཅོལ་བྱེད་མཁན་ལ་ཁྲིམས་འཛིན་དཔྱད་སྡོམ་གྱི་བསམ་འཆར་ཡི་གེ་སྐྱེལ་དགོས།

    དོན་ཚན་སོ་བདུན་པ། མི་དམངས་ཁྲིམས་ཁང་གིས་ཁྲིམས་བཞིན་བརྡ་ཐོ་བཏང་རྗེས། ཁྲིམས་འཛིན་དཔྱད་སྡོམ་པས་ངེས་པར་དུ་ཁྲིམས་སར་ཡོང་ནས་དཔང་པོ་བྱེད་དགོས། ཁྲིམས་སར་དཔང་པོ་མ་བྱས་ཚེ། དཔྱད་སྡོམ་བསམ་འཆར་དེ་དངོས་ཡོད་གནས་ཚུལ་ཇི་ཡིན་ངོས་འཛིན་གཏན་འཁེལ་བྱེད་པའི་གཞི་འཛིན་སར་བརྩི་མི་ཆོག

    ཁྲིམས་འཛིན་དཔྱད་སྡོམ་པས་མི་དམངས་ཁྲིམས་ཁང་གིས་དམིགས་འཛུགས་བྱས་པའི་དུས་ཚེས་སུ་ཁྲིམས་སར་ཡོང་བའི་འགྲིམ་འགྲུལ་དང་། ཞག་སྡོད། འཚོ་སྣོན། ལས་ཐེབས་ཆག་གླ་བཅས་ཀྱི་འགྲོ་གྲོན་རྣམས་ངེས་པར་དུ་དོ་བདག་གིས་སྤྲོད་འགན་འཁུར་དགོས་པ་དང་། མི་དམངས་ཁྲིམས་ཁང་གིས་ཚབ་བྱས་ཏེ་བསྡུ་དགོས།

    ལེའུ་བཞི་པ། ཁྲིམས་འཛིན་དཔྱད་སྡོམ་གྱི་ལྟ་སྐུལ་དོ་དམ།

    དོན་ཚན་སོ་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ལོ་འཁོར་ལྟར་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་ཁྲིམས་འཛིན་དཔྱད་སྡོམ་པའི་མིང་དེབ་བཟོ་དགོས་པ་མ་ཟད། སྤྱི་བསྒྲགས་སྤེལ་དགོས། ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དགོས་པའི་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་དེའི་ཁྲིམས་འཛིན་དཔྱད་སྡོམ་པ་ཡིན་ཕྱིན་ངེས་པར་དུ་མིང་དེབ་ནང་གནས་སྐབས་འགོད་མཚམས་འཇོག་དགོས། ཁྲིམས་ལྟར་ལས་གཉེར་ལག་ཁྱེར་ཐོ་ཁོངས་ནས་སུབ་པའམ་ཡང་ན་མེད་པར་བཟོས་པའི་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་ཁྲིམས་འཛིན་དཔྱད་སྡོམ་པའམ་ཡང་ན་ཁྲིམས་འཛིན་དཔྱད་སྡོམ་གྱི་ལས་སྒོ་གཉེར་མཚམས་འཇོག་མཁན་རིགས་མིང་དེབ་ནང་འགོད་མི་ཆོག མིང་དེབ་ནང་བཀོད་ཟིན་པ་དེ་ངེས་པར་དུ་སྤྱི་བསྒྲགས་སྤེལ་ནས་ཐོ་སུབ་དགོས།

    དོན་ཚན་སོ་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་ཁྲིམས་འཛིན་དཔྱད་སྡོམ་པའི་ལོ་འཁོར་ལས་གཉེར་གྱི་དཔྱད་ཞིབ་ལམ་ལུགས་དང་ཟོལ་མེད་ཡིད་རྟོན་གྱི་ཡིག་ཚགས་བཟོས་ནས་ཟོལ་མེད་ཡིད་རྟོན་རིམ་པར་ཚོད་སྐོར་བྱེད་དགོས། ཚོད་སྐོར་བྱས་འབྲས་དེ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས།

    དོན་ཚན་བཞི་བཅུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་དང་། ས་གནས(གྲོང་ཁྱེར)སྲིད་ཧྲུའུ(མི་དམངས་སྲིད་གཞུང་)ཡི་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་ཁྲིམས་འཛིན་དཔྱད་སྡོམ་པའི་གཤམ་གསལ་གྱི་དོན་གནད་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་དགོས་པ་སྟེ།

    (གཅིག)བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་པའི་གནས་ཚུལ་དང་།

    (གཉིས)ཁྲིམས་འཛིན་དཔྱད་སྡོམ་གྱི་ལས་རིམ་དང་། ལག་རྩལ་གྱི་ཚད་གཞི། ལག་རྩལ་བཀོལ་སྤྱོད་ཀྱི་ཚད་གཞི་བཅས་ལ་བརྩི་སྲུང་བྱེད་པའི་གནས་ཚུལ།

    (གསུམ)ལས་སྒོ་སྤེལ་ཚུལ་དང་དཔྱད་སྡོམ་སྤུས་ཚད་ཀྱི་གནས་ཚུལ།

    (བཞི)ལས་གཉེར་གྱི་སྒྲིག་སྲོལ་དང་། ལས་རིགས་ཀྱི་ཀུན་སྤྱོད། ལས་རིགས་ཀྱི་སྒྲིག་ལམ་བཅས་ལ་བརྩི་སྲུང་བྱེད་པའི་གནས་ཚུལ།

    (ལྔ)དོ་དམ་ལམ་ལུགས་བཟོ་བ་དང་ལག་བསྟར་བྱེད་པའི་གནས་ཚུལ།

    (དྲུག)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་དོན་གནད་གཞན་དག་བཅས་སོ།

    དོན་ཚན་ཞེ་གཅིག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་འདྲི་གཅོད་དང་། ཞིབ་དཔྱོད། སྤྱི་བདེ། རྒྱལ་ཁབ་བདེ་འཇགས་བཅས་ཀྱི་ལས་ཁུངས་དང་མཉམ་དུ་ཆ་འཕྲིན་སྤེལ་རེས་ཀྱི་ལམ་སྲོལ་བཟོས་ནས་ཁྲིམས་འཛིན་དཔྱད་སྡོམ་གྱི་ལས་རིམ་ཚད་གཞི་དང་། མིང་དེབ་བཟོ་འགོད། སྤྱི་བསྒྲགས་སྤེལ་ཐབས་སོགས་ཀྱི་སྲིད་དོན་ཆ་འཕྲིན་དང་འབྲེལ་བ་ཡོད་པའི་དཔྱད་ཡིག་སྤེལ་རེས་དང་བརྡ་ཁྱབ་གཏོང་དགོས་པ་དང་། ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་ཁྲིམས་འཛིན་དཔྱད་སྡོམ་པའི་ལས་གཉེར་ཐོབ་ཐང་དང་། འཇོན་ཐང་ཚོད་སྐོར། བྱ་དགའ་ཆད་གཅོད་ཀྱི་ཟིན་ཐོ། ཁྲིམས་འཛིན་དཔྱད་སྡོམ་པས་ཁྲིམས་སར་དཔང་པོ་བྱེད་པ་སོགས་ཀྱི་ཆ་འཕྲིན་མཉམ་སྤྱོད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཆ་འཕྲིན་མཉམ་སྤྱོད་བྱེད་པའི་ནང་ཤེས་རྟོགས་བྱུང་བའི་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་ཁྲིམས་འཛིན་དཔྱད་སྡོམ་པའི་ལས་གཉེར་བྱས་ཚུལ་དེ་ཁྲིམས་འཛིན་དཔྱད་སྡོམ་ཚན་པའི་འོས་ཐོབ་རིམ་པར་ཚོད་སྐོར་དང་། ཁྲིམས་འཛིན་དཔྱད་སྡོམ་གྱི་སྤུས་ཚད་ལ་ཚོད་སྐོར། ཁྲིམས་འཛིན་དཔྱད་སྡོམ་པའི་ཟོལ་མེད་ཡིད་རྟོན་ལ་ཚོད་སྐོར། ལོ་འཁོར་གྱི་ལས་གཉེར་དཔྱད་ཞིབ་བཅས་བྱེད་རྒྱུའི་དཔྱད་གཞིའི་གཞི་འཛིན་ས་གལ་ཆེན་ཞིག་ལ་བརྩི་དགོས།

    དོན་ཚན་ཞེ་གཉིས་པ། གྱོད་གཞིའི་དོ་བདག་གམ་ཡང་ན་ཁེ་གྱོང་གི་འབྲེལ་བ་ཡོད་མི་གཞན་དག་གིས་ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་ཁྲིམས་འཛིན་དཔྱད་སྡོམ་པར་གཤམ་གསལ་གྱི་བྱེད་སྤྱོད་ཡོད་ཚེ་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་ལ་ཞུ་སྦྱོར་བྱེད་ཆོག་པ་སྟེ།

    (གཅིག)ཐོ་འགོད་ཀྱི་ལས་སྒོའི་ཁྱབ་ཁོངས་ལས་བརྒལ་ནས་ཁྲིམས་འཛིན་དཔྱད་སྡོམ་གྱི་བྱེད་སྒོ་སྤེལ་བའི་རིགས་དང་།

    (གཉིས)ཁྲིམས་འཛིན་དཔྱད་སྡོམ་གྱི་ལས་རིམ་གྱི་སྒྲིག་སྲོལ་དང་ལག་རྩལ་གྱི་ཚད་གཞི་ལས་འགལ་བའི་རིགས།

    (གསུམ)འགན་མི་ཁུར་བའི་རྐྱེན་གྱིས་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་གྱོང་གུན་བཟོས་པའི་རིགས།

    (བཞི)ཁྲིམས་འཛིན་དཔྱད་སྡོམ་པར་མི་དམངས་ཁྲིམས་ཁང་གི་བརྡ་ཐོ་འབྱོར་ནས་ལུགས་མཐུན་གྱི་རྒྱུ་མཚན་མེད་པར་ཁྲིམས་སར་དཔང་པོ་མ་བྱས་པའི་རིགས།

    (ལྔ)ཁྲིམས་འཛིན་དཔྱད་སྡོམ་པས་རྐང་བཙུགས་ནས་དཔྱད་སྡོམ་རྫུན་མ་བྱས་པའི་རིགས།

    (དྲུག)ཁྲིམས་འཛིན་དཔྱད་སྡོམ་གྱི་དོ་དམ་གཏན་འབེབས་དང་འགལ་བའི་བྱེད་སྤྱོད་གཞན་དག་བཅས་སོ།

    དོན་ཚན་ཞེ་གསུམ་པ། ཞུ་སྦྱོར་དོན་གནད་ལ་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་བདག་སྤྲོད་མི་བྱེད་པ་སྟེ།

    (གཅིག)ཞུ་སྦྱོར་དོན་གནད་དེ་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ཐག་གཅོད་བྱས་ཟིན་པའམ་ཡང་ན་སྲིད་འཛིན་བསྐྱར་གྲོས་བྱས་ཟིན་པ་དང་། སྲིད་འཛིན་གྱི་ཞུ་གཏུག་གྱོད་ཐག་བཅད་ཟིན་ཏེ་དོན་ངོ་མ་དང་དཔང་རྟགས་གསར་པ་མེད་པའི་རིགས་དང་།

    (གཉིས)མི་དམངས་ཁྲིམས་ཁང་གིས་དཔྱད་སྡོམ་བསམ་འཆར་ལ་ཡིད་ཆེས་དང་ལེན་བྱས་པའམ་ཡང་ན་ཡིད་ཆེས་དང་ལེན་མ་བྱས་པར་བསམ་ཚུལ་མི་འདྲ་བ་ཡོད་རིགས།

    (གསུམ)དཔྱད་སྡོམ་བསམ་འཆར་དེར་བསམ་ཚུལ་མི་འདྲ་བ་ཡོད་པའི་རིགས།

    (བཞི)ཞུ་སྦྱོར་དོན་གནད་དེ་ཁྲིམས་འཛིན་དཔྱད་སྡོམ་གྱི་དོ་དམ་གཏན་འབེབས་དང་འགལ་བའི་ཁོངས་སུ་མ་གཏོགས་པའི་གནས་ཚུལ་གཞན་དག་བཅས་སོ།

    དོན་ཚན་ཞེ་བཞི་པ། ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་ཁྲིམས་འཛིན་དཔྱད་སྡོམ་པའི་ཐོ་འགོད་ཀྱི་ཞུ་སྦྱོར་དང་འབྲེལ་བ་ཡོད་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ཐག་གཅོད་བྱེད་འགན་འཁུར་རྒྱུ། ཞུ་སྦྱོར་གྱི་དོན་གནད་གཞན་དག་རིགས་ཞུ་སྦྱོར་བྱ་ཡུལ་གནས་སའི་ས་གནས(གྲོང་ཁྱེར)སྲིད་ཧྲུའུ(མི་དམངས་སྲིད་གཞུང་)ཡི་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་ནས་ཐག་གཅོད་བྱེད་འགན་ཁུར་རྒྱུ།

    ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཞུ་སྦྱོར་དཔྱད་ཡིག་ལ་འཕྲལ་མར་ཞིབ་བཤེར་བྱེད་དགོས་ཤིང་། སྡེ་ཚན་དེ་གའི་དོ་དམ་བྱེད་ཁོངས་ཡིན་པ་མ་ཟད། བདག་སྤྲོད་བྱེད་རྒྱུའི་ཆ་རྐྱེན་འཛོམས་ཚེ་ངེས་པར་དུ་ལས་ཀའི་ཉིན་གྲངས་བདུན་ནང་ཚུན་དུ་བདག་སྤྲོད་བྱེད་མིན་ཡིག་ཐོག་ནས་གཏན་འཁེལ་བྱེད་དགོས་པ་དང་། གནས་ཚུལ་རྙོག་འཛིང་ཆེ་བ་ཡོད་ཚེ། བདག་སྤྲོད་བྱེད་རྒྱུ་གཏན་འཁེལ་བྱེད་པའི་དུས་ཚོད་འོས་འཚམ་རིང་དུ་གཏོང་ཆོག་མོད། ཡིན་ནའང་རིང་དུ་བཏང་བའི་དུས་ཚོད་དེ་ལས་ཀའི་ཉིན་གྲངས་བདུན་ནས་བརྒལ་མི་ཆོག་པ་མ་ཟད། ཐག་གཅོད་བྱས་འབྲས་དེ་ཉིན་དྲུག་བཅུའི་ནང་ཚུན་དུ་ཞུ་སྦྱོར་བྱེད་མཁན་ལ་ཡིག་ཐོག་ནས་ལན་འདེབས་བྱེད་དགོས། སྡེ་ཚན་དེ་གའི་དོ་དམ་བྱེད་ཁོངས་མིན་པའི་ཞུ་སྦྱོར་ལ་ངེས་པར་དུ་ལས་ཀའི་ཉིན་གྲངས་ལྔའི་ནང་ཚུན་དུ་དོ་དམ་བྱེད་དབང་ཡོད་པའི་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་ལ་རྩིས་སྤྲོད་པ་དང་སྦྲགས་ཞུ་སྦྱོར་བྱེད་མཁན་ལ་ལན་སྤྲོད་བྱེད་དགོས།

    ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་ཞེ་ལྔ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ། ཁྲིམས་བཞིན་ཐོ་འགོད་མ་བྱས་པར་སྲིད་འཛིན་དཔྱད་སྡོམ་གྱི་ལས་སྒོ་གཉེར་རིགས་ལ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་དང་ས་གནས(གྲོང་ཁྱེར)སྲིད་ཧྲུའུ(མི་དམངས་སྲིད་གཞུང་)ཡི་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་མཚམས་འཇོག་ཏུ་འཇུག་དགོས་པ་དང་། ཁྲིམས་འགལ་གྱི་ཐོབ་ཆ་ཡོད་རིགས་གཞུང་བཞེས་གཏོང་བ་དང་སྦྲགས་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་གསུམ་མན་གྱི་དངུལ་ཆད་འགེལ་དགོས། ཡིན་ནའང་དངུལ་ཆད་བསྡོམས་འབོར་སྒོར་ཁྲི་གསུམ་ལས་བརྒལ་མི་ཆོག

    དོན་ཚན་ཞེ་དྲུག་པ། ཁྲིམས་འཛིན་དཔྱད་སྡོམ་ཚན་པར་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་དང་ས་གནས(གྲོང་ཁྱེར)སྲིད་ཧྲུའུ(མི་དམངས་སྲིད་གཞུང་)ཡི་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ཐ་ཚིག་སྒྲོག་རྒྱུ་དང་ཟླ་གཅིག་ཡན་ནས་ཟླ་གསུམ་མན་བར་ལས་གཉེར་བྱེད་མཚམས་འཇོག་རྒྱུའི་ཆད་པ་གཅོད་རྒྱུ་དང་། སྒོར་ལྔ་སྟོང་ཡན་ནས་སྒོར་ཁྲི་གསུམ་མན་གྱི་དངུལ་ཆད་འགེལ་ཆོག ཁྲིམས་འགལ་གྱི་ཐོབ་ཆ་ཡོད་རིགས་གཞུང་བཞེས་གཏོང་རྒྱུ་སྟེ།

    (གཅིག)ཐོ་འགོད་བྱས་པའི་ཁྲིམས་འཛིན་དཔྱད་སྡོམ་ལས་སྒོའི་ཁྱབ་ཁོངས་ལས་བརྒལ་ཏེ་ཁྲིམས་འཛིན་དཔྱད་སྡོམ་གྱི་བྱེད་སྒོ་སྤེལ་བའི་རིགས་དང་། (གཉིས)ཐོ་འགོད་བརྗེ་སྒྱུར་གྱི་འགྲོ་ལུགས་ཁྲིམས་ལྟར་མ་གཉེར་བའི་རིགས།

    (གསུམ)《ཁྲིམས་འཛིན་དཔྱད་སྡོམ་འཁྲོལ་འཛིན》སུབ་བཅོས་དང་། གཡར་གཏོང་། བོགས་གཏོང་། ནང་བཤུག་བཅས་བཏང་བའི་རིགས།

    (བཞི)ཁྲིམས་འཛིན་དཔྱད་སྡོམ་ལས་སྒོའི་ཡིག་ཚགས་ཀྱི་དོ་དམ་གཏན་འབེབས་ལས་འགལ་ནས། སྲིད་འཛིན་དཔྱད་སྡོམ་ཡིག་ཚགས་གཏོར་སྐྱོན་དང་བོར་བརླག་སོང་བའམ་ཡང་ན་རྗེས་འབྲས་ངན་པ་གཞན་དག་བཟོས་པའི་རིགས།

    (ལྔ)《ཁྲིམས་འཛིན་དཔྱད་སྡོམ་པའི་ལས་གཉེར་ལག་ཁྱེར》མ་རག་པའི་མི་སྣས་སྲིད་འཛིན་དཔྱད་སྡོམ་གྱི་ལས་སྒོ་གཉེར་རྒྱུ་སྒྲིག་འཛུགས་བྱས་པའི་རིགས།

    (དྲུག)སྲིད་འཛིན་དཔྱད་སྡོམ་བྱེད་སྒོའི་ཁྲོད་ལུགས་མཐུན་གྱི་རྒྱུ་མཚན་མེད་པར་དོན་མེད་དཔྱད་སྡོམ་དུས་ཡུན་རིང་དུ་བཏང་བའི་རིགས།

    (བདུན)བར་ཁེ་དང་ངོ་སྤྲོད་ཀྱི་གྲོན་དངུལ་གཏོང་སྤྲོད་བྱས་ཏེ། དྲིལ་བསྒྲགས་རྫུན་མ་བྱས་པ་སོགས་ཚུལ་མིན་བྱེད་ཐབས་སྤྱད་ནས་ཁྲིམས་འཛིན་དཔྱད་སྡོམ་ལས་སྒོ་ལེན་ཐབས་བྱས་པའི་རིགས།

    (བརྒྱད)ཁྲིམས་འཛིན་དཔྱད་སྡོམ་པ་སྒྲིག་འཛུགས་བྱས་ནས་ཁྲིམས་འཛིན་དཔྱད་སྡོམ་གྱི་ལས་རིམ་དང་ཚད་གཞི་དང་། དེ་བཞིན་ལག་རྩལ་གྱི་ཚད་གཞི་དང་འགལ་ནས་དཔྱད་སྡོམ་བྱས་པའི་རིགས།

    (དགུ)ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱི་ལྟ་སྐུལ་དང་ཞིབ་བཤེར་དང་ལེན་མ་བྱས་པའམ་ཡང་ན་དེ་གར་དཔྱད་གཞི་རྫུན་མ་མཁོ་འདོན་བྱས་པའི་རིགས།

    (བཅུ)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག་བཅས་སོ།

    དོན་ཚན་ཞེ་བདུན་པ། ཁྲིམས་འཛིན་དཔྱད་སྡོམ་པར་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་དང་ས་གནས(གྲོང་ཁྱེར)སྲིད་ཧྲུའུ(མི་དམངས་སྲིད་གཞུང་)ཡི་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ཐ་ཚིག་སྒྲོག་རྒྱུ་དང་ཟླ་གཅིག་ཡན་ནས་ཟླ་གསུམ་མན་བར་ལས་གཉེར་བྱེད་མཚམས་འཇོག་རྒྱུའི་ཆད་པ་གཅོད་རྒྱུ་དང་། སྒོར་ཉིས་སྟོང་ཡན་ནས་སྒོར་ཁྲི་གཅིག་མན་གྱི་དངུལ་ཆད་འགེལ་ཆོག ཁྲིམས་འགལ་གྱི་ཐོབ་ཆ་ཡོད་རིགས་གཞུང་བཞེས་གཏོང་རྒྱུ་སྟེ།

    (གཅིག)ཐོ་འགོད་བྱས་པའི་ལས་གཉེར་གྱི་རིགས་གྲས་ལས་བརྒལ་ནས་ཁྲིམས་འཛིན་དཔྱད་སྡོམ་གྱི་བྱེད་སྒོ་སྤེལ་བའི་རིགས་དང་།

    (གཉིས)《ཁྲིམས་འཛིན་དཔྱད་སྡོམ་པའི་ལས་གཉེར་ལག་ཁྱེར》སུབ་བཅོས་དང་། གཡར་གཏོང་། བོགས་གཏོང་། ནང་བཤུག་བཅས་བཏང་བའི་རིགས།

    (གསུམ)ཁྲིམས་འཛིན་དཔྱད་སྡོམ་མངགས་བཅོལ་བྱས་རིགས་རང་དགར་དང་ལེན་བྱས་པའམ་ཡང་ན་དཔྱད་སྡོམ་གྱི་གྲོན་དངུལ་བླངས་པའི་རིགས།

    (བཞི)མངགས་བཅོལ་གྱི་དོན་གནད་ལྟར་དཔྱད་སྡོམ་མ་བྱས་པའམ་ཡང་ན་དཔྱད་སྡོམ་གྱི་དོན་གནད་རང་འཚམ་གྱིས་བརྗེ་སྒྱུར་བྱས་པའི་རིགས།

    (ལྔ)གསང་སྲུང་དང་ཟུར་གཡོལ་བྱེད་རྒྱུའི་གཏན་འབེབས་ལས་འགལ་བའི་རིགས།

    (དྲུག)ཁྲིམས་འཛིན་དཔྱད་སྡོམ་གྱི་ལས་རིམ་དང་ཚད་གཞི་དང་། ལག་རྩལ་གྱི་ཚད་གཞི་ལས་འགལ་ཏེ་དཔྱད་སྡོམ་བྱས་པའི་རིགས།

    (བདུན)ཁྲིམས་འཛིན་དཔྱད་སྡོམ་གྱི་ཚན་པ་གཉིས་ཡན་ནང་དུས་གཅིག་ཏུ་ལས་གཉེར་བྱས་པའི་རིགས།

    (བརྒྱད)ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱི་ལྟ་སྐུལ་དང་ཞིབ་བཤེར་དང་ལེན་མ་བྱས་པའམ་ཡང་ན་དེ་གར་དཔྱད་གཞི་རྫུན་མ་མཁོ་འདོན་བྱས་པའི་རིགས།

    (དགུ)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག་བཅས་སོ།

    དོན་ཚན་ཞེ་བརྒྱད་པ། ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་ཁྲིམས་འཛིན་དཔྱད་སྡོམ་པར་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་དང་ས་གནས(གྲོང་ཁྱེར)སྲིད་ཧྲུའུ(མི་དམངས་སྲིད་གཞུང་)ཡི་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ཁྲིམས་ལྟར་ཁྲིམས་འཛིན་དཔྱད་སྡོམ་ལས་སྒོ་ཟླ་གསུམ་ཡན་ནས་ལོ་གཅིག་མན་བར་ལས་སྒོ་བྱེད་མཚམས་འཇོག་རྒྱུའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེའི་རིགས་ལ་ཁྲིམས་ལྟར་ཐོ་འགོད་རྩིས་མེད་གཏོང་རྒྱུ་སྟེ།

    (གཅིག)འགན་རྩ་བ་ནས་མི་འཁུར་བའི་རྐྱེན་གྱིས་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་གྱོང་གུན་ཚབས་ཆེ་བཟོས་པའི་རིགས་དང་།

    (གཉིས)དཔང་ཡིག་རྫུན་མ་མཁོ་འདོན་བྱས་པའམ་ཡང་ན་མགོ་སྐོར་གཡོ་འཕྲུལ་གྱི་བྱེད་ཐབས་གཞན་དག་སྤྱད་ནས་ཐོ་འགོད་གཡོ་ལེན་བྱས་པའི་རིགས།

    (གསུམ)མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་བརྡ་ཐོ་བཏང་བར། རྒྱུ་མཚན་ལུགས་མཐུན་མེད་པར་ཁྲིམས་སའི་ཐོག་དཔང་པོ་མ་བྱས་པའི་རིགས།

    (བཞི)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག་བཅས་སོ།

    དོན་ཚན་ཞེ་དགུ་པ། ལས་གཉེར་བྱེད་སྒོའི་ཁྲོད་ཁྲིམས་འཛིན་དཔྱད་སྡོམ་པས་རྐང་བཙུགས་སམ་ཡང་ན་ལས་འཛོལ་ཚབས་ཆེན་བྱུང་རྐྱེན་དོ་བདག་ལ་གྱོང་གུན་བཟོས་པར། ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དགོས་པ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ། ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།

    དོན་ཚན་ལྔ་བཅུ་པ། ཁྲིམས་འཛིན་དཔྱད་སྡོམ་དོ་དམ་གྱི་ལས་དོན་ཁྲོད་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱི་ལས་དོན་མི་སྣས་འགན་དབང་གང་བྱུང་དུ་སྤྱོད་པ་དང་། འགན་འཁྲི་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

    རྒྱལ་ཁབ་ལས་ཁུངས་གཞན་དག་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ལས་དོན་མི་སྣས་ཁྲིམས་དང་མ་མཐུན་པར་ཁྲིམས་འཛིན་དཔྱད་སྡོམ་ཚན་པའམ་ཡང་ན་ཁྲིམས་འཛིན་དཔྱད་སྡོམ་པས་ཁྲིམས་ལྟར་ཁྲིམས་འཛིན་དཔྱད་སྡོམ་བྱེད་སྒོ་སྤེལ་བར་ཐེ་ཇུས་དང་བཀག་སྡོམ་བྱེད་རིགས་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

    ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་ཁྲིམས་འཛིན་དཔྱད་སྡོམ་པས་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱི་སྲིད་འཛིན་བཀའ་འཁྲོལ་དང་སྲིད་འཛིན་ཆད་གཅོད་ལ་མི་མཐུན་པའི་བསམ་འཆར་ཡོད་ཚེ། ཁྲིམས་ལྟར་སྲིད་འཛིན་བསྐྱར་གྲོས་ཡོང་རེ་ཞུ་བའམ་ཡང་ན་སྲིད་འཛིན་གཏུག་བཤེར་བྱེད་ཆོག

    ལེའུ་དྲུག་པ། ཞར་བྱུང་།

    དོན་ཚན་ང་གཅིག་པ། གཏུག་བཤེར་བྱེད་སྒོ་ཕུད། ཁྲིམས་འཛིན་དཔྱད་སྡོམ་ཚན་པ་དང་ཁྲིམས་འཛིན་དཔྱད་སྡོམ་པས་ཁྲིམས་ལྟར་འབྲེལ་ཡོད་དཔྱད་སྡོམ་བྱེད་སྒོ་སྤེལ་བར། སྲོལ་ཡིག་འདིའི་གཏན་འབེབས་ལ་གཞིགས་ནས་ལག་བསྟར་བྱེད་རྒྱུ།

    དོན་ཚན་ང་གཉིས་པ། སྲོལ་ཡིག་འདི་2018ལོའི་ཟླ་10ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

    (ལྗོངས་མི་དམངས་འཐུས་ཚོགས་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།