དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་འཇོ་མདའི་རི་ཉིལ་བའི་འཕྲལ་སྡོམ་ཉེན་སེལ་བཀོད་འདོམས་པུའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-10-15

    ཚེས་11ཉིན་གྱི་ཐོ་རེངས་སུ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་དང་སི་ཁྲོན་དཀར་མཛེས་ཀྲོའུ་དཔལ་ཡུལ་རྫོང་གི་འབྲེལ་མཚམས་སུ་རི་ཉིལ་ཏེ་འབྲི་ཆུའི་ཆུ་ལམ་འགགས་པ་མ་ཟད་འཁྱིལ་མཚོ་ཆགས་པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཟླ་10ཚེས་12ཉིན་གྱི་ལྗོངས་ཏང་ཨུད་ཀྱི་ཛ་དྲག་ཚོགས་འདུ་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་གཞིར་བཟུང་། ཚེས་12ཉིན་གྱི་དགོང་མོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཀྱི་འཇོ་མདའི་རི་ཉིལ་བའི་འཕྲལ་སྡོམ་ཉེན་སེལ་བཀོད་འདོམས་པུའི་བཀོད་འདོམས་དཔོན་བཅས་ཡིན་པའི་ཀྲོང་ཡན་གྱིས་དགོང་མོ་དེ་རང་ལ་ཆེད་དོན་ཚོགས་འདུ་འཚོགས་ཏེ་རང་སྐྱོང་ལྗོངས་ཀྱི་འཇོ་མདའི་རི་ཉིལ་བའི་འཕྲལ་སྡོམ་ཉེན་སེལ་བཀོད་འདོམས་པུའི་ལས་ཀའི་ལམ་སྲོལ་ལ་ཞིབ་འཇུག་གནང་བ་མ་ཟད་ཉེན་སེལ་གེགས་སེལ་གྱི་ལས་དོན་ཁག་བཀོད་སྒྲིག་ཀྱང་གནང་བ་རེད། ཁོང་གིས་གེགས་འགོག་དང་གནོད་འཚེ་ཆུང་གཏོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་རིག་པ་སྒྲིམ་ནས་གོ་བ་ལེན་པ་དང་། ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་འགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་ལེན་མཐའ་གཅིག་ཏུ་བསྟར་བ། “འདུ་ཤེས་བཞི”བརྟན་པོ་འཛུགས་པའི་རྣམ་འགྱུར་བརྟན་པོའི་ཐོག་ནས་ཉེན་སེལ་གེགས་སེལ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ནས་རང་བྱུང་གནོད་འཚེའི་ཉེན་ཁ་དང་གྱོང་གུན་ཚད་གཞི་དམའ་ཤོས་སུ་སླེབས་པའི་བརྩོན་ལེན་དང་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག ཟླ་10ཚེས་12ཉིན་ལྗོངས་ཏང་ཨུད་ཀྱི་ཛ་དྲག་ཚོགས་འདུ་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་། རྒྱལ་ཁབ་འཕྲལ་སྡོམ་དོ་དམ་པུའི་མཛུབ་སྟོན་བླང་བྱ་བརྒྱུད་བསྒྲགས། འབྲེལ་ཡོད་དོན་གནད་ལ་ཞིབ་འཇུག་བཀོད་སྒྲིག་བཅས་བྱས་པ་རེད།

    ཀྲོང་ཡན་གྱིས་གནོད་འཚེ་ཐོན་རྗེས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་འཕྲལ་མར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ལམ་སེང་ལས་དོན་ཚོགས་ཆུང་མངགས་ཏེ་གེགས་ཁུལ་གྱི་འཐབ་ས་དང་པོར་ལས་དོན་ལ་མཛུབ་ཁྲིད་བྱེད་པར་བསྐྱོད་པ། འབྲེལ་ཡོད་སྡེ་ཚན་དང་གེགས་ཁུལ་གྱི་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་ཏང་ཨུད་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས། འགན་འཁུར་ཕོད་པའི་འདུ་ཤེས་བཅས་ཟབ་མོ་བཅངས་ནས་བྱ་སྤྱོད་མྱུར་དུ་སྤེལ་བ་དང་། ཛ་དྲག་ངང་མང་ཚོགས་གནས་སྤོ་དང་བཀོད་སྒྲིག་བྱས་པ། བོད་ལྗོངས་དམག་ཁུལ་ཁང་དང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་སོགས་ཕྱོགས་ཁག་གིས“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བཙུགས་ཏེ་མཐུན་སྦྱོར་མཉམ་འགུལ་དང་གཞོགས་འདེགས་དམ་ཟབ་བཅས་བྱས་ཡོད། མིག་སྔར་གེགས་ཁུལ་གྱི་མང་ཚོགས་ཚང་མ་བདེ་འཇགས་ཁུལ་དུ་གནས་སྤོས་ཟིན་པ་དང་། ལས་དོན་ཁག་གོ་རིམ་ལྡན་ལ་ཕན་འབྲས་ཐོན་པའི་ངང་སྤེལ་བཞིན་ཡོད་ཅེས་གསུངས་པ་རེད།

    ཀྲོང་ཡན་གྱིས་གནོད་འཚེའི་གནས་ཚུལ་ནི་བཀའ་རྒྱ་ཡིན་པས་ཉེན་སེལ་གེགས་སེལ་བྱ་རྒྱུ་དེ་ཉིད་མིག་སྔའི་དོན་ཆེན་དང་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ་ཏང་དང་མི་དམངས་ལ་འགན་ཆེན་པོ་འཁུར་བའི་རྣམ་འགྱུར་ཐོག་ནས་ཉེན་སེལ་གེགས་སེལ་ལས་དོན་ནང་ཞུགས་པ་དང་། སྣང་མེད་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་པ་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ། དུས་བབ་དེ་བས་རྙོག་འཛིང་ཡིན་པའི་ཚོད་དཔག་རྒྱག་པ། དཀའ་ངལ་དེ་བས་མང་བ་ཡོད་པའི་གྲ་སྒྲིག་བྱེད་པ། བྱ་ཐབས་སྔར་བས་ཚགས་ཚུད་དགོས་པའི་བསམ་བློ་གཏོང་བ་བཅས་བྱས་ནས་འགག་སྒྲོལ་དམག་འཐབ་དང་འཐབ་འཛིང་དྲག་པོ་རྒྱག་པའི་གྲ་སྒྲིག་གང་ལེགས་ཀྱིས་ཚན་རིག་དང་མཐུན་ལ་གོ་ཆོད་པའི་བྱ་ཐབས་སྔར་བས་སྤྱད་དེ་ཉེན་སེལ་གེགས་སེལ་ལ་དམ་འཛིན་དང་གནོད་འཚེའི་ཉེན་ཁ་དང་གྱོང་གུན་ཚད་གཞི་དམའ་ཤོས་སུ་ཆག་པའི་བརྩོན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།