དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འཆར་འགོད་བཟོ་བའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ཐེངས་བཞི་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-10-13

    ཚེས་11ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འཆར་འགོད་བཟོ་བའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ཐེངས་བཞི་པ་འཚོགས་ནས་འཆར་འགོད་བཟོ་བའི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་། བློ་བསྡུས་དགེ་འཚོལ་གྱི་སྒོ་ནས་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱེད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་འཆར་འགོད་ཡག་པོ་བཟོ་བ་བཅས་ཀྱི་ཐོག་ནས་འཆར་འགོད་ཚན་རིག་དང་མཐུན་ལ་སྤྱོད་གོ་ཆོད་པ་ཡོང་རྒྱུའི་འགན་ལེན་བྱས་ཡོད་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་དང་། ཧྲི་མོའུ་ཅུན། ཀྲང་ཡུང་ཙེ། ལུའོ་མེ། འཇམ་དཔལ་སོགས་ཚོགས་འདུར་ཕེབས་ཡོད་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་སྤྱིའི་འཆར་འགོད་དང་ཆེད་དོན་འཆར་འགོད་བཟོ་བའི་གནས་ཚུལ་ངོ་སྤྲོད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་དམིགས་པ་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཞིང་པ་དུང་ཕྱུར་མང་པོའི་རེ་འདོད་དང་བསྟུན་ནས“ཞིང་གསུམ”ལས་དོན་ཐད་གནང་བའི་ཐབས་ཇུས་གལ་ཆེན་ཞིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག དུས་རབས་གསར་པའི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞི་ཞིག་བཅས་རེད། བློ་མཐུན་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ཐབས་ཇུས་བཀོད་སྒྲིག་གནང་བ་དེ་དུས་རབས་གསར་པར་བོད་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་འཆར་འགོད་ནི“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ཐབས་ཇུས་ལག་ལེན་ཤུགས་ཆེན་བསྟར་བའི་བྱ་སྤྱོད་ཀྱི་ལམ་རིས་ཤིག་རེད། འཆར་འགོད་བཟོ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ། ཏང་དང་མི་དམངས་ལ་ཚད་མཐོའི་འགན་ཁུར་བའི་རྣམ་འགྱུར་གྱི་ཐོག་ནས་སྤུས་ཚད་མཐོ་བའི་བཟོ་བཅོས་བསམ་འཆར་དང་གྲོས་འགོ་འདོན་པ། ཐུན་མོང་ཐོག་སྐུལ་འདེད་དང་ཇུས་འགོད་བྱེད་པ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་འཆར་འགོད་ལ་བརྟེན་ནས་རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་རྒྱུར་མཛུབ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་འཆར་འགོད་བཟོ་བ་ནི་རྙོག་འཛིང་ཆེ་ལ་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པ་དང་། ལས་རིགས་ཁག་དང་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད། བསམ་འཆར་བསྡུ་ལེན་བྱེད་སྐབས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཐུབ་མིན་དང་། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོ་ཐོག་མཐའ་བར་གསུམ་དུ་ལག་ལེན་ཐུབ་མིན་དང་གང་ལེགས་མཚོན་མིན། རང་ལྗོངས་ཀྱི་དོན་དངོས་དང་འཚམ་པ་དང་བོད་ཀྱི་ཁྱད་ཆོས་མངོན་ཚུལ་གནད་འཁེལ་དང་མངོན་གསལ་དོད་པོ་ཡོང་མིན། “འབྲེལ་བ་ཆ་བཅུ་གསུམ”གྱི་གནད་དོན་ཐག་གཅོད་ཡང་དག་བྱེད་པའི་རྩ་བའི་བྱ་ཐབས་བེད་སྤྱོད་འོས་འཚམ་ཐུབ་མིན། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། དགོས་གཏུགས་ཆེ་ཤོས་ཡིན་པའི་རེ་འདུན་ལ་གནད་སྨིན་དོ་ཁུར་ཐུབ་མིན། བཏོན་པའི་དམིགས་ཚད་གཙོ་བོ་ལག་ལེན་དུ་འཁྱོལ་ཐུབ་མིན་བཅས་ལ་གཙོ་གནད་ཐོག་དམིགས་ནས་ཞིབ་འཇུག་གཏིང་ཟབ་དང་། རིགས་པས་ཁུངས་སྐྱེལ་གང་ལེགས། བསམ་འཆར་དང་གྲོས་འགོ་འདོན་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།