དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་དབུལ་སྐྱོར་འབྲེལ་གཏུག་ས་ཚིགས་རྣམ་གླིང་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-10-12

     ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་རྣམ་གླིང་རྫོང་དུ་བརྟག་ཞིབ་གནང་སྐབས་རྣམ་གླིང་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་དུས་ཚོད་གཏུགས་པ་དང་། ལས་འགན་ལྕི་བ། འགན་འཁྲི་ཆེ་བ་བཅས་ཡོད་པ་དང་དཀའ་གནད་ཁྲོད་ཀྱི་དཀའ་གནད་དང་འགག་གནད་ཡིན་སྟབས་ངེས་པར་དུ་དབུལ་སྒྲོལ་འགག་སྒྲོལ་དེ་ཉིད་གལ་ཆེའི་ནང་གི་འགངས་ཆེ་དང་གནས་བབ་ཨང་དང་པོར་བཞག་སྟེ་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་དུས་ཚོད་ཀྱིས་མི་མི་སྒུག་པའི་དགོས་གཏུགས་ཀྱི་བསམ་པ་ཆེན་པོའི་ཐོག་ནས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་དམིགས་ཚད་དང་ལས་འགན་ལེགས་འགྲུབ་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཟླ་10ཚེས་7ནས་9ཉིན་བར་བློ་བཟང་རྒྱལ་མཚན་དང་བཅས་པས་ཚོགས་ཆུང་གསུམ་ལ་བགོས་ཏེ་གཞི་རིམ་དུ་བརྡ་མ་བཏང་བར་ཤར་རེར་བསྐྱོད་དེ་ས་བབ་མཐོ་ཤོས་ཀྱི་རིན་འདུས་ཤང་ནས་ས་ཐག་རིང་ཤོས་ཀྱི་མང་ར་ཤང་བར་དང་། ཤངས་ཆུའི་ངོགས་གཉིས་ནས་འོད་ཡུག་རོང་བར་ཞིང་ཁྱིམ་འབྲོག་དུད་དུ་མང་ཚོགས་ཀྱི་དགོས་མཁོ་དྲིས་པ་དང་། སློབ་གསོ་སྨན་བཅོས་ལ་བལྟས་ཏེ་དམངས་འཚོའི་ཞན་ཆ་དྲིས་པ། ཐོན་ལས་རྣམ་གྲངས་ལ་བལྟས་ཏེ་འབབ་འཕར་གྱི་ཐབས་ཇུས་བཏིངས་པ། ཤང་གྲོང་ལས་ཁུངས་སུ་བསྐྱོད་དེ་གཞི་རིམ་གྱི་དོན་དངོས་ཤེས་རྟོགས་བཅས་ཀྱི་སྒོ་ནས་སྔ་ཐོན་ཕྱི་ལོག་གིས་ལམ་བར་དུ་ཤང་གྲོང་9ལ་ལྟ་ཞིབ་བྱས་ཤིང་། བདེ་སྡུག་འདྲི་བ་དང་། ཆ་སྒྲིག་གཉེན་འཚོལ། སེམས་ཁྲལ་དང་དཀའ་ངལ་སེལ་བ་བཅས་བྱས་པ་མ་ཟད། ཤང་གྲོང་རེ་རེའི་ལས་བྱེད་པ་དང་བཞུགས་མོལ་སྤེལ་རེས་བྱས་ཏེ་དབུལ་སྒྲོལ་གྱི་ཐབས་བཟང་བཏིངས་ནས་རྣམ་གླིང་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཉམས་ཞན་ལྷུ་ཚིགས་དང་མངོན་གསལ་དོད་པའི་གནད་དོན་ལ་མངོན་བཤེར་ལྐོག་ཞིབ་དང་བརྟག་ཞིབ་གཏིང་ཟབ་བྱས་པ་རེད།

    བརྟག་ཞིབ་གནང་རིང་། བློ་བཟང་རྒྱལ་མཚན་གྱིས་རྣམ་གླིང་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་འཕེལ་རིམ་གསར་པར་གདེང་འཇོག་བཟང་པོ་གནང་ཞིང་། ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་མཐའ་མའི་གདོང་མཆོང་གི་དུས་དང་རྒྱལ་ཕམ་ཐག་གཅོད་ཀྱི་དུས་སུ་སླེབས་ཡོད་པས། མིག་སྔའི་ལས་དོན་ཡོངས་རྫོགས་ཀྱི་གལ་ཆེའི་ནང་གི་འགངས་ཆེ་དང་ཁ་ཚ་དགོས་གཏུགས་ཤིག་རེད། རྣམ་གླིང་རྫོང་ནི་ལྗོངས་ཡོངས་སུ་མི་འབོར་མང་བའི་རྫོང་ཞིག་ཡིན་པས་དབུལ་པོའི་ཁྱབ་རྒྱ་ཆེ་བ་དང་། དབུལ་པོར་གྱུར་ཚད་ཟབ་པ། དབུལ་སྒྲོལ་དཀའ་ཚེགས་ཆེ་བ་བཅས་ཡོད་ཅིང་། ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལས་དཀའ་གནད་ཆེ་ཤོས་ཀྱི་གྲས་ཤིག་རེད། རྫོང་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རིམ་ཁག་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་འཐབ་ཇུས་ཀྱི་མཐོ་ཚད་ཐོག་འཇོག་པ་དང་། ལས་ཀའི་ཨང་དང་པོར་འཇོག་པ། ལས་དོན་གཙོ་བོར་བརྩི་བ། དབུལ་སྒྲོལ་འགག་སྒྲོལ་ཐད་ཕྱི་མི་མིན་པའི་བསམ་བློ་བརྟན་པོ་འཛུགས་པ། འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་བློ་གྲོས་དང་སྟོབས་ཤུགས་དབུལ་སྒྲོལ་འགག་སྒྲོལ་ལ་གཅིག་སྒྲིལ་བྱེད་པ། གྲོང་ཚོ་དང་། དུད་ཚང་། མི་སྣ་བཅས་ལ་གནད་སྨིན་དོན་འཁྱོལ་དང་གནད་སྨིན་ངང་བྱ་ཐབས་ལག་བསྟར་བྱེད་པ་བཅས་ཀྱི་སྒོ་ནས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཤིན་ཏུ་དབུལ་བའི་དུད་ཚང་ཕྱོགས་ཡོངས་ནས་མི་ལྷག་པ་བྱེད་པའི་དམིགས་ཚད་ལེགས་གྲུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་མིན་གཙོ་བོ་ང་ཚོའི་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་ལ་ཐུག་ཡོད། དབུལ་སྐྱོར་སྲིད་ཇུས་ཁག་གང་འགབ་ཅི་སྤྱོད་ལ་ཤུགས་སྣོན་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན། ཡུལ་བབ་དང་བསྟུན་ནས་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཡག་པོ་གཏོང་བར་ཤུགས་སྣོན་བཅས་རྒྱག་དགོས། ཤངས་ཆུའི་ཆུ་བེད་ལྟེ་གནས་དང་དེའི་ལྷན་སྦྱར་ཞིང་ཆུ་གཏང་ཁུལ་ལས་གྲྭ་དང་དེ་བཞིན་ཨེ་མ་སྒང་གི་ཞོག་ཁོག་ཐོན་ལས་རྣམ་གྲངས་ལ་སྐུལ་འདེད་མྱུར་པོ་བཏང་སྟེ་ཞིང་འབྲོག་པའི་དཔུང་ཁག་སྔོན་ཚུད་ནས་སྒྲིག་འཛུགས་ཀྱིས་ངལ་ལས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་མང་ཚོགས་དང་ལྷག་པར་དུ་མང་ཚོགས་དབུལ་པོ་གང་ཐུབ་ཀྱིས་ཕ་ཡུལ་དང་ཁ་བྲལ་མི་དགོས་པར་ཐག་ཉེ་ས་ནས་འབབ་འཕར་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་མང་ཚོགས་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་པོ་ཡིན་པས་ངེས་པར་དུ་མང་ཚོགས་ལ་སྐུལ་སློང་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་ལ་སློབ་གསོ་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། ངལ་ལས་ཕྱིར་གཏོང་གི་རྩ་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་གཏོང་བ་དང་། མཉམ་སྡེབ་དཔལ་འབྱོར་དང་ཆེད་ལས་མཉམ་ལས་ཁང་གི་རྩ་འཛུགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཞིང་འབྲོག་པའི་མཚན་སློབ་གཉེར་བ་སོགས་བརྒྱུད་ངལ་རྩོལ་ཕྱུག་འགྱུར་གྱི་སྟོན་ཕྱོགས་ཤིག་བཙུགས་ཏེ་རྒྱུན་ཆད་མེད་པར་གོམས་སྲོལ་རྙིང་པ་དང་ངན་པ་སྒྱུར་བ་དང་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་པར་བྱས་ནས་མང་ཚོགས་ཚོས་དཀའ་སྤྱད་འབད་བརྩོན་གྱི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དུ་འཇུག་དགོས། མི་དམངས་ལྟེ་བར་འཛིན་པའི་བསམ་བློ་བརྟན་པོ་བཙུགས་ཏེ་སློབ་གསོ་དང་། འཕྲོད་བསྟེན། ལས་ཞུགས། འཐུང་ཆུ་སོགས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་དམངས་འཚོའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་ལྷག་དོན་དུ་གཞོན་ནུ་ལས་བྱེད་པ་ཚོས་མང་ཚོགས་དང་འབྲེལ་འདྲིས་བྱེད་རིང་འཇོན་ཐང་ཆེ་རུ་བཏང་སྟེ་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལ་རོགས་རམ་བྱས་ནས་ཞིང་འབྲོག་ཁུལ་གྱི་ཡངས་པའི་ས་གཞིའི་སྟེང་དུ་ཐོག་ལང་ཚོའི་རིན་ཐང་མངོན་པ་དང་གཟི་མདངས་ལྷག་པར་འཕྲོ་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།