ཚེས་26ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཚའོ་ཅན་མིང་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དང་། སེ་ར་དགོན། ལྷ་ཀླུ་འདམ་ར་བཅས་ལ་ཕེབས་ནས་སློབ་གྲྭའི་སློབ་གསོ་དང་། དགོན་སྡེའི་དོ་དམ། སྣོད་བཅུད་སྲུང་སྐྱོང་སོགས་ཀྱི་ལས་དོན་སྒྲུབ་ཚུལ་ཐད་གཟིགས་ཞིབ་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ནས་མི་རིགས་མཐུན་སྒྲིལ་དང་མི་སེམས་གཅིག་ཏུ་བསྒྲིལ་བའི་འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་ལས་དོན་དེ་གཏིང་ཟབ་དང་། ཚགས་ཚུད། ཏན་ཏིག གནད་འཁེལ་བཅས་ཡོང་བ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ནའེ་དབྱི་མུའུ་·ཡ་སེན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དོན་གྲུབ་དབང་འབུམ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ་བཅས་འབྲེལ་ཡོད་བྱེད་སྒོར་ཕེབས་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་ཚའོ་ཅན་མིང་གིས་སློབ་གྲྭར་ཕེབས་ནས་སློབ་མའི་མཉམ་གཞས་ཁང་དང་། རྣམ་ཐར་སྦྱོང་བརྡར་ཁང་། ལོ་རིམ་དང་པོའི་བོད་ཡིག་འཛིན་གྲྭ་ལྔ་པ་དང་དྲུག་པ། སློབ་གྲྭའི་ལུས་རྩལ་ཐང་བཅས་སུ་ཕེབས་ནས་དགེ་སློབ་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་དང་སློབ་ཁྲིད་ལ་ནན་ཏན་ངང་གཟིགས་ཏེ་དགེ་རྒན་གྱི་དཔུང་ཁག་དང་། སློབ་ཁྲིད་གནས་ཚུལ། སློབ་ཁུལ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་བོད་སྐྱོར་དགེ་རྒན་དང་མི་རིགས་ཁག་དང་ས་གནས་ཁག་གི་སློབ་གསོའི་ཤེས་ལྡན་པས་བོད་ཀྱི་སློབ་གསོའི་བྱ་གཞག་ནང་ཞུགས་ནས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཚའོ་ཅན་མིང་གིས་སློབ་གྲྭས་སྤྱོད་བཟང་མི་སྐྱོང་དང་། སྐད་གཉིས་སློབ་གསོ། ཀྲུང་ཧྭའི་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བཅས་ལ་གཙིགས་ཆེན་བྱས་པ་དེས་སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོར་གཏོང་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་དང་། མི་རིགས་ཁག་གི་རིག་གནས་སྤེལ་རེས་ལ་སྐུལ་མ་གཏོང་བ། ཆུང་དུས་ནས་སློབ་མ་ཚོའི་སེམས་ནང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ལ་ཕན་ཐོགས་བྱུང་བས་ཁྱད་ཆོས་ལྡན་པ་ཞིག་འདུག་ཅེས་གསུངས་པ་རེད།
སེ་ར་དགོན་དུ་ཚའོ་ཅན་མིང་བྱེས་གྲྭ་ཚང་དང་། ཆོས་ར། ཚོགས་ཆེན་བཅས་སུ་ཕེབས་ནས་དགོན་པའི་དགེ་འདུན་པ་དང་། དགོན་སྡོད་ལས་བྱེད་པ། དད་ལྡན་པ། ཡུལ་སྐོར་བ་སོགས་ལ་འཚམས་འདྲི་དང་སྦྲགས་བྱམས་བརྩེའི་ངང་གླེང་མོལ་གནང་ནས་རང་ལྗོངས་ཀྱིས་དགོན་སྡེའི་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་བྱས་པར་ཁས་ལེན་གང་ལེགས་གནང་བ་རེད།
རྒྱལ་ཁབ་རིམ་པའི་ལྷ་ཀླུ་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་ལྷ་སའི་འཛུགས་སྐྲུན་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི་དགུ་ཆ་གཅིག་བཟུང་ནས“ལྷ་སའི་གློ་བ”ཞེས་བརྗོད་ཀྱི་ཡོད། ཚའོ་ཅན་མིང་འདམ་རར་ཕེབས་ནས་འདམ་རའི་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་སླར་གསོ་སོགས་ཀྱི་ལས་དོན་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
ཚའོ་ཅན་མིང་གིས་བོད་དུ་གཟིགས་ཞིབ་གནང་རིང་། ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་མཐོང་ཆེན་པོ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གསུང་བཤད་གལ་ཆེན་གནང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་མ་གཏོང་ཆེད་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་སྟེ་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་བོད་ཀྱི་ལས་ཀའི་རྩ་དོན་གལ་ཆེན་བཏོན་གནང་བ་དེས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཕྱིར་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད་ཅེས་གསུངས་པ་རེད།
ཚའོ་ཅན་མིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མི་རྣམས་དགའ་བ་སྐྱེ་འོས་པའི་གྲུབ་འབྲས་ཐོབ་པ་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་དང་མ་ལག་སྤྱིར་ན་ཆགས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་བརྟན་དུ་སོང་ཡོད། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟམ་མི་ཆད་པར་གཏིང་ཟབ་ཏུ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། ད་ཆའི་བོད་འདི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དམིགས་ཚད་ཕྱོགས་སུ་འབད་པས་མདུན་སྐྱོད་བྱེད་བཞིན་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ལས་དོན་ཡག་པོ་སྒྲུབ་ནས་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་ཡིད་ཆེས་དང་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་པས་བོད་ཀྱི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པར་ང་ཚོར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།